སྐལ་བཟང་གིས་གསེར་ཐར་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་བརྟག་ཞིབ་གནང་།

གཡུ་མགོན་དང་ཐུབ་བསྟན་ཉི་མས་བྲིས།        2019-08-14

    སྤྱི་ཟླ8པའི་ཚེས6ཉིན། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་བ་སྐལ་བཟང་གིས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་མི་སྣ་ཁྲིད་དེ་གསེར་ཐར་རྫོང་གི་ཡུལ་ཤོག་དང་གྲོང་རྡལ་དབུལ་ཕོངས་སུ་ཕྱིན་ནས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཁུལ་ཨུའི་རྒྱུན་ཨུ། གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧའོ་པིའོ་ཡིས་ལྷན་དུ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་བྱེད་སྐབས་སྐལ་བཟང་དང་བཅས་པས་གེ་སར་ཚོང་ཟོག་ཕྱོགས་བསྡུས་ཚོགས་པ་དང་ཁམས་བདེའི་གཞིས་ཁུལ་གྱི་ཕྱོགས་བསྡུས་ལྟེ་གནས། གསེར་ཁོག་གྲོང་རྡལ་བདེ་སྐྱིད་གྲོང་སྡེ་དང་པོ་དང་གཉིས་པ། མཆོག་གཙང་ཡུལ་ཤོག་གི་ལྷ་ལུང་གྲོང་སྡེ། འབུམ་བརྩིགས་གྲོང་སྡེ་སོགས་ཀྱི་ཁྱིམ་ཚང་དབུལ་ཕོངས་དང་དབུལ་ཕོངས་མིན་པའི་ཁྱིམ་ཚང་།དབུལ་ཐར་བྱུང་བའི་ཁྱིམ་ཚང་སོགས་དང་བསམ་བློ་བརྗེ་རེས་བྱས་པ་དང་། དམའ་བ་གཅིག་དང་ཡོད་པ་ལྔ། བརྒལ་བ་གཅིག་དང་ཡོད་པ་དྲུག་གི་ཚད་གཞི་དང་། ཁྱད་པར་དུ་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་བླང་བྱ་ལྟར། ནན་ཏན་གྱིས་དབུལ་སྐྱོར་སྲིད་ཇུས་ལག་ལེན་བསྟར་ཚུལ་ཞིབ་བཤེར་བྱས་པ་དང་ཆབས་ཅིག རིམ་པ་བཞིན་དུ་གྲོང་སྡེ་དབུལ་ཕོངས་དང་ཁྱིམ་ཚང་དབུལ་ཕོངས་དུ་ཕྱིན་ནས་དབུལ་ཐར་ཞྭ་མོ་ཕུད་པའི་གནས་ཚུལ་དང་འབྲེལ་ཡོད་ཡིག་ཚགས་རྒྱུ་ཆ་བཅས་ལ་ཞིབ་བཤེར་བྱས་པར་མ་ཟད། ད་དུང་མཆོག་ཚང་ཡུལ་ཤོག་ཏུ་བཞུགས་མོལ་ཚོགས་འདུ་འཚོགས་ནས་དཔྱད་ཞིབ་བྱེད་སྐབས་འཚོལ་རྙེད་བྱུང་བའི་གནད་དོན་ཕྱིར་ལྡོག་དང་བསམ་བློ་བརྗེ་རེས་བྱས་པ་རེད། ཚོགས་འདུའི་ཐོག་རྫོང་དཔོན་གཞོན་པ་ཆོས་སེང་གིས་རྫོང་དེའི་སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་ལ་ཕྱིར་མིག་བལྟས་པའི་འཚོལ་ཞིབ་ལས་དོན་ཁྲོད་ཀྱི་གནས་ཚུལ་སྙན་སེང་ཞུས་པ་རེད།

སྐལ་བཟང་གིས་ད་ལོ་ནི་དབུལ་ཕོངས་ཞྭ་མོ་ཕུད་པའི་ཆེས་གལ་འགངས་ཆེ་བའི་ལོ་ཡིན་པས་དབུལ་ཕོངས་ཞྭ་མོ་ཕུད་པའི་དུས་ཡུན་ཐུང་ཞིང་འགན་འཁྲི་ལྕི་བ། རྫོང་དང་ཡུལ་ཤོག་གཉིས་ཀྱི་ཏང་ཨུ་དང་སྲིད་གཞུང་གིས་སེམས་ཤུགས་གཅིག་ཏུ་སྒྲིལ་བ་དང་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཁག་དམ་འཛིན་བྱ་དགོས་པ་དང་། སྔར་ལྷག་གིས་དབུལ་ཐར་གྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་དུས་བཀག་ནང་ལེགས་འགྲུབ་ཡོང་གང་ཐུབ་བྱ་དགོས་ཞེས་གསུངས་པ་རེད།

    སྐལ་བཟང་གིས་ནན་གསུངས་གནང་དོན། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ནི་མ་ལག་རང་བཞིན་གྱི་ལས་དོན་ཞིག་རེད། རྫོང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཕྱོགས་བསྡུས་ནུས་པ་སྐུལ་སློང་བྱེད་ཅིང་། མང་ཚོགས་ཚོགས་པའི་ནུས་ཤུགས་གཅིག་སྒྲིལ་བྱས་ནས་མང་ཚོགས་མགོ་ཁྲིད་ནས་སྲོལ་ངན་དོར་ཞིང་སྲོལ་བཟང་དར་སྤེལ་གཏོང་བ་དང་། ཁོར་ཡུག་དང་འཕྲོད་བསྟེན་སོགས་ཀྱི་ཐད་ལ་མི་འདང་ས་ཁ་གསབ་དང་ཁྱོན་ཡོངས་ནས་མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་ངར་སློང་གཏང་དགོས་པ་དང་། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་དང་ཡུལ་གྲོང་དར་རྒྱས་གཏོང་བའི་ལས་ཀ་སོགས་དང་ཟུང་འབྲེལ་བྱས་ནས། ཞིབ་བཤེར་ཆེན་མོའི་ལས་དོན་སྤེལ་ནས་ཡུལ་གྲོང་དར་རྒྱས་གཏོང་བའི་ལས་དོན་དྲིལ་སྒྲོག་བྱས་པ་དང་། སྔར་ལྷག་གིས་མང་ཚོགས་ཀྱི་བློར་འབབ་ཚད་ཇེ་མཐོར་བཏང་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ལེགས་འགྲུབ་ཡོང་བར་འགན་སྲུང་བྱེད་དགོས།།


  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་ཀྱིས་གཙོ་གནད་གྲོས་གཞི་སྒྲུབ་གཉེར་བྱེད་པའི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:དཀར་མཛེས་ཀྱི་ཐུམ་འབུའི་ནད་པས་འཛམ་གླིང་གི་ཕྱེད་ཀ་ཟིན་ཡོད་དམ།
  • དོ་སྣང་ཆེ་བའི་རྩོམ།