ལི་ཐང་གཡོན་རུ་དགའ་ལྡན་རབ་རྒྱས་གླིང་གུར་གྱི་དགོན་པའི་ལོ་རྒྱུས་རགས་བསྡུས།

དགེ་འདུན་བསྟན་འཛིན།        2019-07-09

དང་པོ།  ཕྱག་བཏབ་པའི་སྐོར།

གཅིག  ཕྱག་འདེགས་པ་པོའི་སྐོར།

ལི་ཐང་གཡོན་རུ་དགའ་ལྡན་རབ་རྒྱས་གླིང་གུར་གྱི་དགོན་པ་འདི་ཉིད་ཕྱག་འདེབས་པ་པོ་ནི་དགའ་ལྡན་ཁྲི་ཐོག་ང་བཞི་པ།རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ལུང་དང་རྟོགས་པའི་མངའ་བདག་ཁྲི་ཆེན་ངག་དབང་མཆོག་ལྡན(སྤྱི་ལོ༡༦༧༧----༡༧༥༡)ཡིན་ཞིང་། དེ་ཡང་ཁྲི་ཆེན་ངག་དབང་མཆོག་ལྡན་མཆོག་གི་རྣམ་པར་ཐར་པ་ལས་གསུངས་བ་ལྟར་ན། “དེ་ནས་རྒྱལ་བ་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་བསྐལ་བཟང་རྒྱ་མཚོ་སྔགས་ཀྱི་གསན་སྦྱོང་མཛད་རྒྱུའི་ཡོངས་འཛིན་དུ་རྗེ་འདི་པ་སྤྱན་དྲངས་པ་ན་རྒྱུད་སྨད་ཀྱི་གདན་ས་བཞག་སྟེ་རྒྱལ་བ་མཆོག་གི་ཡོངས་འཛིན་དུ་བཞུགས་ཏེ་མགར་ཐར་དུ་ཕེབས། མགར་ཐར་དུ་བཞུགས་རིང་ཐོས་བསམ་སྒོམ་པའི་བྱ་བ་མཐའ་དག་དབྱར་གྱི་མཚོ་དང་ཡར་ངོའི་ཟླ་ལྟར་གོང་འཕེལ་དུ་གྱུར་པ་ཞིག་བྱུང་། དེ་ལྟར་ལོ་གཉིས་ལྷག་ཙམ་གྱི་རིང་ལ་འགྲེལ་པ་བཞི་སྦྲགས་ནན་ཏན་དུ་བྱས་ནས་ཐུགས་སུ་ཆུད་པར་མཛད། དེ་ནས་དབུས་སུ་འབྱོན་པར་ཆས་པ་ན……”ཞེས་འཁོད་འདུག་པ་དང་གཞན་ཡང“ཁྲི་ཆེན་མཆོག་མགར་ཐར་ནས་དབུས་སུ་མ་ཕེབས་པའི་གོང་ལ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པར་འཛིན་སྐྱོང་སྤེལ་བའི་སླད་དུ་གུར་དཀར་པོའི་དགོན་པ་བཅུ་གསུམ་བཏབ་ཡོད་པ་ལས།  དེའི་ནང་ཚན་ཐོག་མར་བཏབ་པ་ནི་གུར་དགོན་འདི་ཡིན་ཞིང་དེ་ལ་དགའ་ལྡན་རབ་རྒྱས་གླིང་ཞེས་མཚན་གསོལ།”ཞེས་ཀྱང་བཀོད་འདུག་པས་གུར་དགོན་འདི་ཉིད་ཕྱག་བཏབ་པོ་ནི་ཁྲི་ཆེན་ངག་དབང་མཆོག་ལྡན་ཡིན་པ་བསྙོན་དུ་མེད་དོ།།

གཉིས།  ཕྱག་བཏབ་པའི་དུས།

གུར་དགོན་པ་འདི་ཉིད་ཕྱག་བཏབ་པའི་དུས་ནི། ཁུངས་ལུང་ཅན་གྱི་ཡིག་ཆ་གང་དུའང་བཀོད་ཡོད་པ་མ་མཐོང་མོད། ཡིན་ནའང་རྒྱལ་དབང་བསྐལ་བཟང་རྒྱ་མཚོ་མཆོག་གི་རྣམ་ཐར་ལྟར་ན་རྒྱལ་དབང་མཆོག་སྤྱི་ལོ༡༧༢༩ལོར་ལི་ཐང་དུ་ཕེབས་ཤིང་། དེའི་ཕྱི་ལོ་སྟེ་སྤྱི་ལོ༡༧༣༠ལོར་མགར་ཐར་དུ་ཕེབས་པ་ཡིན་ལ། དེའི་རིང་ལ་ཁྲི་ཆེན་ངག་དབང་མཆོག་ལྡན་ལྷ་ས་ནས་མགར་ཐར་དུ་བྱོན་ནས་ཁོང་གི་ཡོངས་འཛིན་མཛད་པ་ཡིན་ཞིང་། རྣམ་པ་གཉིས་པོ་ལོ་ལྔ་ཙམ་དུ་མགར་ཐར་ལ་ལྷན་བཞུགས་མཛད་དེ་སྤྱི་ལོ༡༧༣༥ལོར་སླར་འཁོར་བཅས་ལྷ་སར་ཕེབས། ཁྲི་ཆེན་མཆོག་སྤྱི་ལོ༡༧༣༠ནས་༡༧༣༥ལོའི་བར་མགར་ཐར་ལ་བཞུགས་པ་ཡིན་པ་གསལ་པོ་རྟོགས་ཐུབ། གོང་དུ་སྨོས་པ་ལྟར“ཁྲི་ཆེན་མཆོག་དབུས་ལ་མ་ཕེབས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པར་འཛིན་སྐྱོང་སྤེལ་བའི་སླད་དུ་གུར་དཀར་པོའི་དགོན་པ་བཅུ་གསུམ་བཏབ་ཡོད་པ་ལས།  དེའི་ནང་ཚན་ཐོག་མར་བཏབ་པ་ནི་གུར་དགོན་འདི་ཡིན།”སོགས་བཀོད་ཡོད་པར་བརྟེན་གཡོན་རུ་དགའ་ལྡན་རབ་རྒྱས་གླིང་གུར་གྱི་དགོན་པ་འདི་ཉིད་ཁྲི་ཆེན་མཆོག་མགར་ཐར་ནས་དབུས་སུ་ཕྱིར་ཕེབས་པའི་ལོ་སྟེ་བོད་རབ་བྱུང་བཅུ་གཉིས་པའི་ཤིང་ཡོས་སྤྱི་ལོ༡༧༣༥ལོར་ཕྱག་བཏབ་པ་ཡིན་པ་གསལ་པོ་ཤེས། 

དེ་དུས་དགེ་འདུན་བརྒྱ་སྐོར་ཙམ་བཞུགས་པ་ལ་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་དང་རྒྱུད་སྡེ་བཞིའི་སྒྲུབ་མཆོད་བཙུགས།  གཡོན་རུའི་དཔོན་ཚང་ཐོག་མ་བསོད་ནམས་ནོར་བུ་སྤུན་མཆེད་རྣམས་ཀྱིས་ཁྲོམ་ཐོག་ལྷ་ལུང་དཔལ་གྱི་རྡོ་རྗེ་སྐུ་ཕྲེང་ལྔ་པ་སྤྲུལ་པའི་སྐུ་བསོད་ནམས་ཆོས་རྒྱལ་མཁན་པོར་བསྐོས། དམ་པ་ཁྲི་ཆེན་ཉིད་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པའི་ཐུགས་སྨོན་མཛད།  དེ་ནས་སྤྲུལ་སྐུ་བསོད་ནམས་ཆོས་རྒྱལ་གྱིས་ཚྭ་ཁ་རི་ཁྲོད་ཀྱང་ཕྱག་བཏབ།  དགའ་ལྡན་རབ་རྒྱས་གླིང་ནི་གུར་གྱི་དགོན་པ་ཡིན་པས་གདན་ས་དངོས་ལ་ངེས་པ་རང་མེད་དེ། ཚོགས་འཚོགས་པའི་སྐབས་སུ་ཡངས་ཤིང་རྒྱ་ཆེན་བའི་སྤང་ལྗོངས་ཕྱུག་མོར་མེ་ཏོག་གི་རྩི་སྣ་རྒྱས་པའི་རྩྭ་ཐང་ཆེན་མོའི་སྟེང་དུ་དགེ་འདུན་པ་སྟོང་བཞུགས་ཆོག་པའི་གུར་དཀར་གྱི་འདུ་ཁང་ཆེན་མོ་ཞིག་དང་།  སྦྲ་ནག་གི་ཐབ་ཚང་ཆེན་མོ་ཞིག་བཅས་ཕུབ། འདུ་ཁང་གི་མཐའ་ལ་དགེ་འདུན་པ་སོ་སོའི་བཞུགས་གནས་གུར་ཆུང་བརྒྱ་དང་གྱ་བཅུས་བསྐོར་ནས་ཡོད།  སྦྲ་ནག་གི་ཐབ་ཚང་ཆེན་མོ་རུ། གསོལ་ཇ་བསྐོལ་སྣོད་སྔོ་གཉན་སྡིག་རྡོར་དང་བཀྲ་ཤིས་ནམ་ལངས་ཟེར་བའི་ཚོགས་ཁྲོ་ཆེན་མོ་གཉིས་ཡོད། (དེ་ལས་སྔོ་གཉན་སྡིག་རྡོ་ཞེས་པ་ད་ལྟའང་ཡོད་དེ་ཚྭ་ཁ་རི་ཁྲོད་དུ་ཡོད་པ་དང་། དེ་ནི་མདོག་སྔོ་ཞིང་མཐུག་ལ། ལྗིད་མོ་ཡིན་པར་མ་ཟད་ཁོལ་ཧ་ཅང་དཀའ་བས་མིང་སྔོ་གཉན་སྡིག་རྡོ་རུ་བཏགས་པ་ཡིན་ལ།  བཀྲ་ཤིས་ནམ་ལངས་ནི་དུས་ཕྱིས་སྲིད་གཞུང་གིས་འཁུར་སོང་ནས་ད་ལྟ་གང་དུ་ཡོད་པ་ཆ་མ་འཚལ།) དགོན་པ་འདི་ནི་ཁམས་ལི་ཐང་གི་དགོན་ཆེན་ཆེ་ཤོས་གཉིས་ཀྱི་བྱེ་བྲག་ཡིན།  གཞན་གཅིག་ནི་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོས་ཕྱག་བཏབ་པའི་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ཡིན།

    གཉིས་པ།  གདན་རབས་ཀྱི་སྐོར།

དགོན་པ་འདིའི་གདན་རབས་སྐོར་ལ།  ཁྲོམ་ཐོག་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བསོད་ནམས་ཆོས་རྒྱལ་ནས་བཟུང་དགོན་པ་འདིའི་མཁན་པོ་མཛད་པ་ཡིན་ཞིང་། ཁོང་ནི་བོད་རབ་བྱུང་བཅུ་གཉིས་པའི་ཆུ་སྟག་ལོ་སྟེ་སྤྱི་ལོ་༡༧༢༢ལོར་མཚོ་སྔོན་ནས་ལི་ཐང་དུ་ཕེབས་ཤིང་།  གཡོན་རུ་དཔོན་ཚང་གི་དཔོན་པོ་ཐོག་མ་བསོད་ནམས་ནོར་བུའི་སྤུན་མཆེད་ཡིན། (སྐུ་ཕྲེང་དང་པོ་ལྷ་ལུང་དཔལ་གྱི་རྡོ་རྗེ།  སྐུ་ཕྲེང་གཉིས་པ་ནས་བཞི་པ་མཚོ་སྔོན་ཕྱོགས་སུ་འཁྲུངས་པ་དང་བསྟན་འགྲོའི་དོན་རྒྱ་ཆེར་སྤེལ་བ་གྲགས་པ་ལས་མཛད་པ་འཕྲིན་ལས་སྐྱོང་ཚུལ་སོགས་ལོ་རྒྱུས་མི་གསལ།)སྐུ་ཕྲེང་དྲུག་པ་འཕྲིན་ལས་དཔལ་ལྡན་ཏེ། གདན་ས་ཆེན་མོ་སེ་ར་ཐེག་ཆེན་ཆོས་གླིང་དུ་སློབ་གཉེར་བྱས་ཏེ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་སོ་བཞི་པ་མཛད།  སྐུ་ཕྲེང་བདུན་པ་ངག་དབང་བློ་བཟང་འཕྲིན་ལས་ཕུན་ཚོགས་མཆོག་ནི། གདན་ས་ཆེན་མོ་སེ་ར་ཐེག་ཆེན་ཆོས་གླིང་དུ་གཞུང་བཀའ་པོད་ལྔ་སོགས་ལ་སློབ་གཉེར་དཔྱིས་ཕྱིན་པ་མཛད་དེ་དགེ་བཤེས་ལྷ་རམས་པའི་མཚན་རྟགས་བཞེས་པར་མ་ཟད། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་ཞེ་དྲུག་པ་མཛད། ཁོང་གིས་དབལ་ཤུལ་གཡོན་རུའི་སྐྱེ་འགྲོ་མཐའ་དག་ཆོས་ལ་ལེགས་པར་བསྐུལ་ཆེད། གདན་ས་སེ་ར་ནས་བརྒྱུད་པའི་བླ་མ་དབུ་མཛད་ཞེས་མཁས་ཆེན་བསམ་གྱིས་མི་ཁྱབ་པ་ཞིག་ལི་ཐང་གཡོན་རུ་ལ་གདན་འདྲེན་བྱས།  སྐུ་ཕྲེང་བརྒྱད་པ་ཡོན་ཏན་རྒྱ་མཚོ་ནི་གདན་ས་ཆེན་མོ་སེ་ར་ཐེག་ཆེན་ཆོས་གླིང་དུ་སློབ་གཉེར་མཛད་དེ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་ང་གཉིས་པ་མཛད། སྐུ་ཕྲེང་དགུ་པ་ངག་དབང་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་སྟེ། བོད་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་སྟེ་སྤྱི་ལོ༡༨༨༥ལོར་འདབ་པ་རྫོང་སུམ་འདུས་ཞེས་པའི་ས་ཆ་རུ་ཡབ་ཚུལ་ཁྲིམས་དང་ཡུམ་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། གྲྭ་ས་སེ་ར་ཐེག་ཆེན་གླིང་དུ་སློབ་གཉེར་བྱས་ཏེ་སླར་ལི་ཐང་དུ་བྱོན་ནས་གཡོན་རུ་དགའ་ལྡན་རབ་རྒྱས་གླིང་གི་མཁན་པོ་མཛད་པར་མ་ཟད་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་པོ་ཁྲི་ཐོག་གྱ་གཉིས་པའང་མཛད། སྐུ་ཕྲེང་བཅུ་པ་བསྟན་འཛིན་མཁྱེན་རབ་བཅས་ཁྲོམ་ཐོག་རིན་པོ་ཆེ་སྐུ་ཕྲེང་རིམ་བྱོན་དང་།  རྒྱུད་པའི་བླ་མ་དབུ་མཛད་སྤྲུལ་སྐུའི་སྐུ་ཕྲེང་རིམ་བྱོན་རྣམས་གདན་ས་ཆེན་མོ་སེ་ར་ཐེག་ཆེན་ཆོས་གླིང་དུ་བྱོན་ནས།  གཞུང་ཆེན་བཀའ་པོད་ལྔ་ལ་སོགས་པར་གསན་བསམ་མཐར་ཕྱིན་མཛད་དེ་གདན་ས་འདིར་ཞབས་ཟུང་འཁོད་དེ་མཁན་རབས་བརྒྱུད་འཛིན་གནང་ཞིང་སྐལ་ལྡན་གདུལ་བྱ་དག་ལ་ཆོས་ཀྱི་བདུད་རྩི་ཕམ་མེད་བསྩལ།

གསུམ་པ།  རྟེན་དང་མཆོད་རྫས་ཀྱི་སྐོར།

དགོན་པའི་རྟེན་དང་མཆོད་རྫས་སྐོར་ལ།  རྒྱུ་ཟངས་ལས་གྲུབ་པའི་རྗེ་བཙུན་བྱམས་མགོན་གསུང་བྱོན་པ་ཁྲུ་ཕྱེད་གཉིས་ཙམ་དང་།  རྗེ་ཡབ་སྲས་གསུམ་དང་།  སྒྲོལ་མ། ཟ་བྱེད་མཁའ་འགྲོ་སོགས་གསེར་སྐུའི་སྐོར་དང་།  གསང་འདུས།  བདེ་མཆོག   འཇིགས་བྱེད།  མི་འཁྲུགས་བ།  ཀུན་རིག    རྒྱལ་བ་བྱམས་མགོན།  རྗེ་ཡབ་སྲས་གསུམ།  བླ་མ་མཆོད་པའི་ཚོགས་ཞིང་།   རྒྱུད་སྡེ་རྣམས་ཀྱི་དཀྱིལ་ཐང་བཅས་ཀྱི་གསེར་ཐང་ཆེ་ཆུང་དུ་མ་དང་།  གདུགས་དང་རྒྱལ་མཚན།  ཀ་འཕན།  དཀྱིལ་འཁོར་ཡོལ་བ།   དབང་རྫས་ཅོད་པན།  རིགས་ལྔའི་དབུ་རྒྱན་བརྒྱ་ལྷག་དང་།  རྔ་སྦུབ་སིལ་སྙན་སོགས་གང་མང་བཞུགས། 

སྒྲུབ་མཆོད་སྐོར་ལ། ལོ་རེར་སྒྲུབ་མཆོད་ཉིན་ཉེར་གཅིག་འཚོགས་རྒྱུ་ཡོད་དེ།  དེ་ལས་མི་འཁྲུགས་པའི་སྒྲུབ་མཆོད་ཉིན་བཞི།  བདེ་མཆོག་ཉིན་ལྔ། གསང་འདུས་མི་བསྐྱོད་རྡོ་རྗེ་ཉིན་ལྔ།   འཇིགས་བྱེད་ཉིན་བཞི།  ཀུན་རིག་ཉིན་གཉིས། སྲུང་མ་བསྐང་གསོ་ཉིན་གཅིག་བཅས་ཡིན། དེའི་རྗེས་སུ་ལྔ་མཆོད་ཀྱི་ཉིན་བཞི་ཚོགས་རྒྱུ་ཡོད་དེ།  ཀུན་རིག་ཉིན་གཉིས་པོར་ཆོས་སྤྱོད་ཚང་མ་འདོན་དགོས།  སྲུང་མ་བསྐང་གསོ་ཉིན་གཉིས་བཅས་ཡོད།  སྔར་གྱི་དུས་སུ་བོད་ཟླ་བཅུ་པའི་ཚེས་ཉེར་ལྔ་སྟེ་དགའ་ལྡན་ལྔ་མཆོད་ཀྱི་དུས་སུ་ཚོགས་པ་ཡིན་མོད།  དེང་སང་སྒྲུབ་མཆོད་ཀྱི་རྗེས་སུ་བསྟུན་མ་ཚོགས་པ་ཡིན།  དབྱར་མཆོད་ལ་ཚྭ་ཁ་རི་ཁྲོད་ཀྱི་ཉེ་འགྲམ་དུ་སྦྲ་གུར་མཆོད་རྫས་གདན་ཐབ་བཅས་མགོན་པོ་ཁྲི་ཚར་ཉིན་བརྒྱད་ལ་ཚོགས་རྒྱུ་ཡོད་དོ།། 

གུར་དགོན་པ་འདིའི་སྒྲུབ་མཆོད་སྐབས་ཀྱི་ཉིན་ཉེར་གཅིག་རིང་གི་སྒྲིག་ལམ་བསྡུས་ཙམ་བརྗོད་ན།   དུང་མཁན་གཉིས་ཀྱིས་ཐོ་རངས་ལ་དུང་འབུད་པ་དང་།  དེ་མ་ཐག་དགེ་འདུན་པ་ཚང་མ་ཡར་བཞེངས་ཏེ་ལྟུང་བཤགས་སོགས་སྦྱོར་སྦྱང་མཛད་དགོས།  དེ་ནས་ཡང་དུང་ཆེན་འབུད་པ་དང་དགེ་འདུན་པ་རྣམས་འདུ་ཁང་དུ་ཕེབས་ཏེ་དགེ་སློང་བསླབ་གྲལ་གྱི་མཚན་གྱི་གོ་རིམ་ལྟར་དང་།  དགེ་ཚུལ་མཁས་གྲལ་གདོང་གྲལ་རྡོ་སྐས་ཀྱི་ཐེམ་པ་བཞིན་བཞུགས་དགོས་པ་ལས་རང་སྣང་གང་ཤར་གྱིས་བཞུགས་མི་ཆོག་ཅིང་། དགོན་པའི་སྤྱི་གཉེར་མཁན་མ་གཏོགས་གཞན་པའི་དགེ་འདུན་པ་ཚང་མ་ཚོགས་སུ་བཞུགས་དགོས།  ཚོགས་སུ་མི་ཞུགས་པའམ་སྐྱ་ཆས་གྱོན་པ་སོགས་བྱས་ན་འཕྲལ་དུ་ཚོགས་གཞུང་དུ་ལངས་བཅུག་ནས་དགེ་སྐོས་ཀྱིས་ལྕག་ཚན་གཞུས་བའམ་དངུལ་ཆད་གཅོད་པ་སོགས་ཀྱི་ཁྲིམས་གཅོད་གཏོང་བའི་སྲོལ་འདུག  གུར་གྲལ་ནང་དུ་ཀི་སྒྲ་དང་རྩེད་མོ་ཧོ་སྒྲ་སོགས་ཆོས་འདུལ་བའི་ཁྲིམས་དང་འགལ་བའི་བྱ་སྤྱོད་གཏན་ནས་ཡོད་མི་རུང་ཞིང་འདུལ་ཁྲིམས་ཤིན་ཏུ་ནན་མོ་ཡིན།   གལ་ཏེ་ན་ཚ་སོགས་དམིགས་བསལ་གྱི་དོན་དག་བྱུང་བ་ཡིན་ན་དགེ་སྐོས་ལ་དགོངས་པ་ཞུ་དགོས། ཉིན་གང་གི་འདོན་པ་གསུང་ཟིན་རྗེས།  ས་རུབ་རྗེས་གཟིམ་དུང་གི་སྒྲ་ཐོས་པ་དང་གཟིམ་དགོས་པ་ཡིན་ནོ།།

སྒྲུབ་མཆོད་ཚོགས་པའི་སྐབས་ཀྱི་འགྲོ་གྲོན་ནི།   སྔར་དབལ་ཤུལ་གཡོན་རུ་དཔོན་པོ་ཐོག་མ་བསོད་ནམས་ནོར་བུའི་སྐུ་དུས་ནས་བཟུང་། གཡོན་རུ་སྡེ་ཤོག་གི་དུད་ཚང་རབ་འབྲིང་ལ་གཞིགས་ནས་ལོ་རེའི་ཆོས་ཐོག་ཉེར་གཅིག་རིང་གི་ཆོས་ཡོན་སྦྱིན་བདག་ཉིན་གཅིག་བྱེད་དགོས་ཤིང་།  དེ་ལ་སྤྱི་སོ་ཞེས་དེང་གི་བར་དུ་མིང་དེ་ལྟར་འབོད།  སྒྲུབ་མཆོད་ཉི་མ་ཉེར་གཅིག་ལ་སྤྱི་སོ་དུད་ཚང་ཉི་ཤུ་རྩ་གཅིག་ཡོད།  དུད་ཚང་སོ་སོས་ཉིན་གང་དུ་སྦྱིན་བདག་བྱེད་རྒྱུ་ནི་རྒྱན་འཕེན་ནས་གཏན་འཁེལ་བྱེད་དགོས།  དེ་ལ་ཉིན་དང་པོར་གསོལ་ཇ་དང་འབྲུ་ཕོགས།  ཉིན་གཉིས་པར་རབ་ཏུ་བྱུང་ན་མར་ཁུ་དང་། དེ་མ་བྱུང་རུང་འབྲས་ཐུག་གིས་ཀྱང་ཆོག  རང་གིས་དཔལ་འབྱོར་གྱིས་གང་ཐེག་གིས་སྐུ་འགྱེད་དང་།  བཞག་འཇོག་གི་མཆོད་རྫས་འབུལ་བའི་སྲོལ་ཡོད་པས། དེའང་དུད་ཚང་སོ་སོའི་དཔལ་འབྱོར་གྱི་གནས་ཚུལ་དང་བསྟུན་ནས་འབུལ་འཇོག་ཆོག་པ་ལས་མཐའ་ཅིག་ཏུ་ཚོད་འཛིན་མེད།  སྲོལ་དེ་དགོན་པ་འདི་ཉིད་ཐོག་མ་གསར་བཏོད་བྱེད་པའི་དུས་ཏེ། དཔོན་པོ་བསོད་ནམས་ནོར་བུའམ་དགོན་འདིའི་མཁན་པོ་ཁྲོམ་ཐོག་རིན་པོ་ཆེ་སྐུ་ཕྲེང་ལྔ་པ་བསོད་ནམས་ཆོས་རྒྱལ་ནས་བཟང་དར་བ་རེད་འདུག  སྲོལ་འདི་ད་ལྟའི་བར་དུ་རྒྱུད་འཛིན་བྱེད་བཞིན་ཡོད།  མདོར་ན་གུར་དགོན་པ་འདི་ཉིད་ཀྱི་ཆགས་ཚུལ་དང་། སྒྲུབ་མཆོད།  འདུལ་ཁྲིམས་སོགས་གང་ཅིའི་ཐད་དུ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱིས་ཕྱུག་པ་ཡིན་ནོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ལི་ཐང་ཐུབ་བསྟན་བྱམས་ཆེན་ཆོས་འཁོར་གླིང་གི་ལོ་རྒྱུས་རགས་ཙམ་བརྗོད་པ་མཐོང་བ་དོན་ལྡན།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་བཞག་མ་ཐང་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་ངོ་སྤྲོད་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།