ལི་ཐང་དགོན་པའི་དགོན་ས།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-07-12

ལི་ཐང་དགོན་པའི་དགོན་ས།

ལི་ཐང་བྱམས་ཆེན་ཆོས་གླིང་འདི་རྒྱལ་བ་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ནས་སྤྱི་ལོ1580ལོར་དངོས་སུ་ཕྱག་བཏབ། སྦྱིན་བདག་གཙོ་བོ་སོག་པོ་དང་ཡུལ་འདི་པའི་དད་ལྡན་བསོད་ནམས་ཅན་རྣམས་ཡིན། ལི་ཐང་དགོན་པ་ཆགས་པའི་ལོ་རྒྱུས་སུ་རྒྱལ་དབང་མཆོག་ནས་ས་དཔྱད་མཛད་པའི་སྐོར་ཅུང་གསུངས་ཡོད་མོད་ཀྱང་། ཁ་རྒྱུན་གྱི་ལོ་རྒྱུས་སུ་དེ་བས་མང་བ་ཡོད། ནང་དོན་ཕུན་སུམ་ཚོགས་ལ་ཉན་ན་སྤྲོ་བ་ཞིག་ཡིན། རེད་དེ། ཁ་རྒྱུན་དུ་བབ་པ་རྣམས་མང་ཆེ་བ་བདེན་ན་འཇོག་དཀའ།

དོན་དངོས་སུ་རྒྱལ་བ་བསོད་ནམས་རྒྱ་མཚོས་ལི་ཐང་ལ་དགོན་པ་འདེབས་པ་དེ་ལུང་བསྟན་ཁྱད་པར་ཅན་ཞིག་དང་བསྟུན་པ་ཡིན། རྗེ་འདི་ཉིད་ལི་ཐང་དུ་ཕེབས་དང་ཐོག་མོར་འབུམ་ནག༼  ཉག༽ ཐང་དུ་བྱོན། འབུམ་ནག་ཐང་དེ་ཀམ་པོ་གངས་ཀྱི་ར་བའི་མདུན་ཕྱོགས་སུ་དགའ་ཚལ་གྱི་ཚུལ་དུ་ཡོད་པས། གདོད་མའི་སྐབས་སུ་གཡུང་དྲུང་བོན་གྱི་འབུམ་དཀར་ནག་ཁྲ་གསུམ་ལས་འབུམ་ནག་གི་སྒོ་འབྱེད་ས་ཡིན། ཕྱོགས་སུ་བཀྲ་ཤིས་པའི་སྤང་རི་བརྒྱ། བྲག་རི་བརྒྱ། ཆུ་མིག་བརྒྱ། མཚོ་དང་མཚེའུ་བརྒྱ་ཡིས་བསྐོར་བ། དེའི་ཕྱིར། གནས་བཟང་པོ་འབུམ་ནག་ཐང་དུ་དགོན་ས་བཙལ་འདོད་ཀྱང་། གནས་དེར་བྱོན་དང་གྲུབ་མཐའ་གཞན་པས་ཕྲག་དོག་དབང་གིས་མཐུ་བྱས། རྗེ་ཉིད་ནས་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་སྲུང་འཁོར་བསྒོམས་ཏེ་དྲག་པོ་མངོན་སྤྱོད་ཀྱིས་དགྲ་བགེགས་རྣམས་ཚར་བཅད། ཡིན་ནའང་། འདི་ནས་རྟེན་འབྲེལ་ལ་ཅུང་གནོད་པས་འབུམ་ནག་ཐང་དུ་དགོན་པ་འདེབས་པའི་བློ་དོར།

རིམ་པར་ལི་ཆུའི་རྒྱུན་དེད་དེ་ཕེབས་པས། ཐང་མཛེས་པོ་གསེར་གཞོང་འདྲ་བ་ཞིག་གི་གཡས་སུ་རི་སྨུག་པོ་རྩེ་མོ་གནམ་ལ་ཟུག་པ་ཞིག་མཐོང་། རི་འདིའི་ངོགས་སུ་རང་བྱོན་རྣམ་བཅུ་དབང་ལྡན་གྱི་གཟུགས་ཤར་བ། གཡོན་གྱི་ཐང་ཟུར་ན་ཚ་ཆུ་རང་བྱུང་དུ་འཕྱུར་བའི་འགྲམ་དུ་བྲག་གི་རི་བོ་ལྷ་མོ་རབ་བརྟན་མའི་གནས་ཡོད། དེའི་གཡས་ཕྱོགས་སུ་ཇ་ལམ་རྙིང་པའི་ཐོག་ཚོང་པ་རྣམས་ཀྱིས་ཁ་ནས་རྟག་ཏུ་འབོད་པའི་ས་སེར་ལ་ཞེས་པ་མཐོང་། ས་སེར་ལ་ནི་ཛམ་བྷ་ལ་སེར་པོའི་བང་མཛོད་ཡིན་ཞེས། གནས་དེའི་ལ་ཁུག་ཏུ་ཚོང་པ་རྣམས་ཀྱིས་ངལ་གསོ་ཞིང་ཇ་བསྐོལ་བའི་སྲོལ་ཡོད། ཁ་རྒྱུན་དུ་ས་སེར་ལའི་སྒང་དུ་ལྕགས་མདུང་སྣུན་ཚེ་ནོར་ལྷའི་ནོར་མཛོད་ཀྱི་སྒོ་ལ་ཐུག་ཅེས། སྒྲའང་ཏིང་ཏིང་དུ་གྲག་པ་བཤད། ས་སེར་ལ་ནས་ཁ་ཤར་ཕྱོགས་སུ་བལྟས་ན་རི་དེའུ་དུང་དཀར་གཡས་སུ་འཁྱིལ་བའི་གཟིགས་འདྲ་ཡོད་པ་ཞིག་མཐོང་། དེ་ལ་དུང་དཀར་གཡས་འཁྱིལ་ཞེས་གསོལ། རི་འདིའི་སྒང་ནས་ལངས་ཏེ་རྒྱང་གཟིགས་ཀྱིས་ས་དཔྱད་མཛད་ན་ལི་ཐང་ཁྱུང་གི་དགའ་ཚལ་གྱི་བཀོད་པ་ཆ་ཚང་བྲང་འོག་ཏུ་ཚུད། དེའི་གཡས་ཕྱོགས་སུ་རི་བོ་ངོ་མཚར་ཅན་གླང་པོ་ཆེ་འཕྲེད་ཉལ་ལྟར་ཞིག་ཡོད་པ། འདི་རུ་ལྟེ་བ་འཛིན་པའི་ལི་ཐང་གི་ཡུལ་འདི་བཀྲ་ཤིས་པའི་རྟགས་བརྒྱད༼  རི༽ དང་། ཀླུ་ཆེན་པོ་བརྒྱད༼  ཆུ་མིག༽ ཀྱིས་བསྐོར་བར་མངོན། གྲོང་རྣམས་ཆགས་ཡོད་པའི་རྒྱབ་རི་ལ་འབུམ་རིའམ་པང་རི་ཞེས་གཡུང་དྲུང་བོན་གྱི་གཞི་བདག་ཆེན་མོ། ཕྱོགས་སུ་བརྟན་མ་བཅུ་གཉིས་ཕོ་བྲང་ཡོད་པ། ཡུལ་འདི་ཤིན་ཏུ་གཟི་བརྗིད་དང་ལྡན་པ་ཞིག་ཡིན་པས་ན་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་གི་དགོན་སའི་ས་དཔྱད་ཀྱི་ལུགས་དང་ཡོངས་སུ་མཐུན། གཞན་ལུང་པ་འདི་དམག་དང་ཆབ་སྲིད། དཔལ་འབྱོར། རིག་གནས་གང་ཅིའི་ཐད་ནས་གལ་འགངས་ཆེ་བའི་ས་ཞིག་ཡིན་ཕྱིར། དགོན་ས་བྱེད་དགོས་པའི་དོན་སྙིང་ཆེ།

འདི་ནས་རིམ་པར་འཕགས་པ་སྤྱན་རས་གཟིགས་ཀྱི་གནས་རི་ལེ་གནམ་ཆེན་བྲག་དཀར་གྱི་ཉེ་སར། རི་བུམ་པ་འདྲ་བ་ཞིག་གི་འགྲམ་དུ་རྫི་བོ་རྒས་པོ་ཞིག་དང་འཕྲད། མི་རྒན་འདིས་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་ལ་ལི་ཐང་གི་ས་ཆའི་དཔྱད་བརྗོད་གླེང་བའི་རྟེན་འབྲེལ་གྱི་གཏམ་ཐོག་མ་དེ་ཕུལ། རི་འདི་ལ་དགེ་འདུན་ཡར་འཕེལ་དང་། ངའི་མིང་ལ་གྲྭ་འབུམ་དར་རྒྱས་ཞེས་ཤིན་ཏུ་བཀྲ་ཤིས་པའི་ཚིག་རྣམས་ལི་ཆུའི་རྒྱུན་ལྟར་འབབ། རྗེས་སུ་ལི་ཐང་དགོན་ཆེན་ནས་ལོ་ལྟར་གྲྭ་འབུམ་ཚང་ལ་གྲྭ་པ་གཅིག་གི་འགྱེད་སྐལ་བྱིན་པ་ལ་བརྟགས་ན་རྒས་པོ་དར་རྒྱས་ཟེར་བ་དེས་ས་དཔྱད་གླེང་སློང་ཕུལ་བའི་གཏམ་དེ་བདེན་སྙམ།

རྒྱལ་མཆོག་ནས་རི་དགེ་འདུན་ཡར་འཕེལ་ནས་གཟིགས་པས། རི་མ་བྲུད་གསེར་ཉ་ཁ་སྤྲོད་དང་དགོན་རྙིང་ཕྱོགས་སུ་ལྷ་རྟ་མགྲིན་དམར་པོ་རི་བོ་ལས་མཐོ་བ་ཞིག་བཞེངས་ཡོད་པ་ཞལ་མཇལ། ཡིད་སྤྲོ་བའི་ངང་དུ་ཡི་དམ་གྱི་ཕྱོགས་སུ་བཅར་བས། ཆིབས་གཡང་འཛིན་གྲོ་དཀར་རི་བོ་གླང་ཆེན་ཉལ་འདྲའི་ཉེ་འདབས་སུ་བསླེབས་དང་དེ་མ་ཐག་བདེ་བའི་ངང་སྐུ་གཤེགས། ཁ་རྒྱུན་གྱི་ཤོད་སྲོལ་དུ་ཆིབས་པ་གཡང་འཛིན་བྲོ་དཀར་གནས་དེར་ཕེབས་དང་རྨིག་གིས་ས་བྲུས་པས་ཆུ་མིག་ཅིག་བཏོན། ཆུ་མིག་བརྡོལ་བའི་ནང་ལི་ཐང་ནས་གཙོས་པའི་འཇིག་རྟེན་འདིའི་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་སྣ་ཚོགས་མེ་ལོང་དཀྱིལ་ཤར་བ་ལྟར་མངོན་སྐད། རྗེས་སུ་ཆིབས་པ་གཡང་འཛིན་འདས་པའི་སྐུ་ཕུང་སྒང་ནས་བྱང་ཆུབ་མཆོད་རྟེན་ཞིག་བཞེངས། རྟེན་དེ་ལ་གསེར་གྱི་ཏོག་ཕུལ་པས་མཆོད་རྟེན་གསེར་མགོ་མ་ཞེས་གྲགས། མཆོད་རྟེན་འོག་ཏུ་ཆུ་མིག་འཇོག་སྲོལ་དེ་སྔར་རྒྱ་ནག་དང་ལི་ཡུལ་ཕྱོགས་སུ་དར་སྲོལ་འདུག

འདི་ནས་རྒྱལ་དབང་མཆོག་གིས་ཆིབས་པ་འདས་པའི་གནས་དེར་དགོན་པ་འདེབས་རྒྱུའི་འདུན་པ་བསྐྱེད།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:གནས་ནང་དགོན།
  • ལེ་ཚན་རྗེས་མ།:མི་ཉག་དཔལ་ལྷ་སྒང་དགོན་པའི་ལོ་རྒྱུས་མདོར་བསྡུས།
  • དོ་སྣང་ཆེ་བའི་རྩོམ།