བོད་འབྲེལ་ས་ཁུལ་བཅིངས་གྲོལ་བཏང་རྗེས་ཀྱི་མི་ཉག་རི་ཁུད་དགོན་པའི་གནས་ཚུལ་བཤད་པ།

ཚེ་རིང་དོན་འགྲུབ།        2020-12-18

དང་པོ། བོད་འབྲེལ་ས་ཁུལ་བཅིངས་གྲོལ་གཏོང་བའི་སྐབས་དང་དེའི་རྗེས་ཀྱི་རི་ཁུད་དགོན་པའི་གནས་ཚུལ།

དུས་རབས་བཅུ་དགུ་པའི་དུས་མགོར་སྤྲུལ་སྐུ་བསོད་ནམས་དབང་ཕྱུག་གིས་སྦས་སྟོན་ཤེས་རབ་རྒྱལ་མཚན་གྱི་སྤྲུལ་རྒྱུད་འགུ་ཐོམ་དབོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ངོས་འཛིན་བྱས་ཏེ་རྗེས་སུ་འགུ་ཐོམ་དབོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དེ་རི་ཁུད་དགོན་པའི་བསྟན་པའི་བདག་པོ་རུ་གྱུར། ཁོང་ནི་འགུ་ཐོམ་རྒྱལ་པོའི་སྲས་སུ་དར་རྩེ་མདོ་དབལ་གསས་སྐྱབས་པ་ཚང་ནས་སྐུ་འཁྲུངས་ཤིང་།འགུ་ཐོམ་རྒྱལ་པོ་དང་དབལ་གསས་སྐྱབས་པ་ཚང་ནི་དབོན་ཞང་གི་ཉེ་རིགས་ཡིན་པས་འགུ་ཐོམ་དབོན་པོ་དང་རི་ཁུད་དབོན་པོ་ཞེས་བརྗོད།མདོ་མཁྱེན་བརྩེའི་རྣམ་ཐར་ལས་སྤྱི་ལོ1832ལོ་སྟེ་བོད་རབ་བྱུང་བཅུ་བཞི་པའི་ཆུ་འབྲུག་ལོར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྡོ་དགུང་ལོ་སོ་གསུམ་ཐོག་རི་ཁུད་འགུ་ཐོམ་དབོན་པོ་སྐུ་མཆེན་དཔོན་སློབ་དང་མཇལ་ཞེས་བརྗོད་པས་སྤྱི་ལོ་དུས་རབས་བཅུ་དགུ་པའི་དུས་མགོ་ནས་བྱོན་པ་དང་རི་ཁུད་དགོན་པའི་བསྟན་པའི་བདག་པོ་རུ་གྱུར་ཡོད་པ་ཤེས་ཐུབ།

བོད་འབྲེལ་ས་ཁུལ་བཅིངས་གྲོལ་བཏང་རྗེས་ཀྱི་མི་ཉག་རི་ཁུད་དགོན་པའི་གནས་ཚུལ་བཤད་པ།

དུས་རབས་བཅུ་དགུ་པའི་དུས་མཇུག་ཏུ་མི་ཉག་སྐུ་ཞབས་འཇིགས་མེད་ཆོས་ཀྱི་འོད་ཟེར་ནི་རི་ཁུད་དགོན་པའི་བསྟན་པའི་བདག་པོར་གྱུར་ཡོད། ཁོང་ནི་བོད་རབ་བྱུང་བཅོ་ལྔ་པའི་ཤིང་བྱ་ལོ་སྟེ་སྤྱི་ལོའི1885ལོར་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་ཞེས་པའི་ལྟེ་གནས་དར་རྩེ་མདོ་གྲོང་ལྕགས་ལ་རྒྱལ་པོའི་བློན་ཆེན་གྱི་གདུང་བརྒྱུད་དབལ་གསས་སྐྱབས་པ་ཚང་ནས་སྐུ་འཁྲུངས།དགུང་ལོ་ལྔ་ཐོག་མི་ཉག་རི་ཁུད་དགོན་པའི་སྤྲུལ་སྐུར་ངོས་འཛིན་ཏེ་མི་ཉག་རི་ཁུད་དགོན་མ་ལག་བཅུ་དྲུག་གི་བསྟན་པའི་བདག་པོར་མངའ་གསོལ་བ་དང་དེ་བཞིན་དུ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་འོད་ཟེར་རིས་མེད་བསྟན་པའི་རྒྱལ་མཚན་ཞེས་མཚན་གསོལ།སྐྱ་སེར་ཕོ་མོ་ཡོངས་ཀྱིས་རྒྱུན་དུ་རི་ཁུད་སྐུ་ཞབས་ཞེས་འབོད།དེ་བཞིན་དུ་འགུ་ཐོམ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ལ་རི་ཁུད་དབོན་པོ་དང་འཇིགས་མེད་ཆོས་ཀྱི་འོད་ཟེར་ལ་རི་ཁུད་སྐུ་ཞང་ཞེས་བརྗོད་པས་རྗེས་སུ་སྐུ་ཞབས་འཇིགས་མེད་ཆོས་ཀྱི་འོད་ཟེར་གྱིས་མཛད་པ་འཕྲིན་ལས་འབུར་དུ་ཐོན་པའི་སྐུ་དྲིན་འོག་ཚང་མས་སྐུ་ཞབས་ཞེས་བསྔགས་བརྗོད་ཐོབ།ཁོང་ནི་ཤཱཀྱ་བསམ་འགྲུབ་བཟང་པོའི་སྤྲུལ་རྒྱུད་ཡིན་ཞིང་སྐུ་ཞབས་ཞབས་བརྟན་གསོལ་འདེབས་ལས།

མཁས་གྲུབ་ཆེན་པོ་ཤཱཀྱ་བསམ་འགྲུབ་སོགས།སྐུ་ཕྲེང་རིམ་པ་བྱོན་ལ་གསོལ་བར་འདེབས་ཞེས་འབྱུང་བ་ལས་རྟོགས་ཐུབ་པ་ཞིག་རེད།

རི་ཁུད་སྐུ་ཞབས་རིང་ལ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་དགོན་པ་བཅོས་བསྒྱུར་བྱས་ཏེ་ལྔ་རིག་བཤད་གྲྭ་བཙུགས་པ་དང་དགེ་འདུན་པ་རྣམས་སློབ་སྦྱོང་བྱེད་དགོས་པའི་སྒྲིག་སྲོལ་བཞག བཤད་གྲྭ་རུ་རིས་མེད་ལྟ་བ་བསྒོམས་ཤིང་ས་དགེ་བཀའ་རྙིང་གྲུབ་མཐའི་སློབ་མ་བཞུགས་ཆོག་ལ་ལོ་ལྔའི་རིང་ལ་གཞུང་ཆེན་བཅུ་གསུམ་སྦྱང་དགོས་རྒྱུ་དང་དེ་བཞིན་དུ་ས་དགེ་བཀའ་རྙིང་གྲུབ་མཐའི་སྐྱེས་ཆེན་དམ་པའི་གསུང་འབུམ་སྦྱང་དགོས་པའི་སྲོལ་བཟང་བཞག ཁམས་ཕྱོགས་ཀྱི་མཁས་གྲུབ་མང་པོ་ཞིག་སློབ་གྲྭའི་དགེ་རྒན་དུ་གདན་དྲངས་ཏེ་དཔེར་ན་བཀའ་བརྒྱུད་པའི་ཕྱོགས་ཀྱི་གངས་དཀར་བཤད་སྒྲུབ་ཀརྨ་ཆོས་ཀྱི་སེང་གེ་དང་རྙིང་མའི་ཕྱོགས་ཀྱི་གསེར་ཁ་ཆོས་གྲགས། དགེ་ལུགས་པའི་ཕྱོགས་ཀྱི་ཁུ་ཏིག་དགེ་བཤེས་ངག་དབང་ཕན་བདེ།ས་སྐྱའི་ཕྱོགས་ཀྱི་སྡེ་གཞུང་ཆོས་འཕེལ་དང་བྲག་གཡབ་བྱང་ཆུབ་སོགས་རིས་མེད་ཀྱི་མཁས་གྲུབ་དུ་མ་གདན་དྲངས།དགོན་པའི་བཤད་གྲྭ་བཙུགས་པའི་ལོ་སུམ་ཅུའི་རིང་ལ་ཤེས་ལྡན་མི་སྣ་གང་མང་ཞིག་གསོ་སྐྱོང་བྱས།

བོད་འབྲེལ་ས་ཁུལ་བཅིངས་གྲོལ་བཏང་རྗེས་ཀྱི་མི་ཉག་རི་ཁུད་དགོན་པའི་གནས་ཚུལ་བཤད་པ།

དཔེར་ན་མཁན་པོ་འཇམ་དབྱངས་བློ་གྲོས་དང་མཁན་ཆེན་འཆི་མེད་རྒྱ་མཚོ།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་བརྡ་སྤྲོད་མཁན་པོ་མི་ཉག་བུ་ཕྲུག རི་ཁུད་དགོན་པའི་མཁན་པོ་ངག་དབང་ཤེས་རབ།སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་པད་མ་རྒྱལ་མཚན། ཀརྨ་དཔལ་ཕྲུག་སོགས་མཁས་པ་རིམ་པར་བྱོན་ཏེ་མི་ཉག་ཕྱོགས་སུ་མཁས་པ་དུ་མ་འབྱུང་བའི་སྒོ་ལྟ་བུར་གྱུར།དེ་བཞིན་དུ་སྒྲུབ་གྲྭ་ཁང་གསར་དུ་བཙུགས་བས་དམ་ཆོས་མདོ་སྔགས་གཉིས་ཀྱི་བསྟན་པ་འཕེལ་རྒྱས་བྱུང་ཡོད།སྐུ་ཞབས་མཆོག་གི་མཛད་པ་འཕྲིན་ལས་སོགས་འོག་ཏུ་སྐུ་ཞབས་རྣམ་ཐར་ལས་གསལ།

དུས་རབས་ཉི་ཤུ་པའི་དུས་མགོར། རི་ཁུད་སྐུ་ཞབས་འཇིགས་མེད་ཆོས་ཀྱི་འོད་ཟེར་གྱིས་རི་ཁུད་དབོན་པོ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ཀྱི་སྐུ་ཕྲེང་འཇམ་དབྱངས་བློ་གྲོས་ངོས་འཛིན་བྱས་ཏེ་རི་ཁུད་དགོན་པའི་བསྟན་པའི་བདག་པོར་མངའ་གསོལ།འཇམ་དབྱངས་བློ་གྲོས་མཆོག་ནི་སྤྱི་ལོ1913ལོ་སྟེ་བོད་རབ་བྱུང་བཅོ་ལྔ་པའི་ཆུ་གླང་ལོར་དཀར་མཛེས་ཁུལ་སྡེ་དགེ་ཀ་ཐོག་ཡུལ་དུ་སྐུ་འཁྲུངས།ཕ་ཡུལ་སྡེ་དགེ་ཡིན་པས་སྡེ་དགེ་དབོན་པོ་ཞེས་བརྗོད།ཁོང་མདོ་སྔགས་ཆོས་ཀྱི་ཚུལ་ལ་མཁས་པ་ཞིག་བྱུང་ཡང་སྐུ་ཚེ་རྒྱུན་རིང་མ་བཞུགས་པས1943ལོ་སྟེ་ཆུ་ལུག་ལོ་དགུང་ལོ31ཐོག་སྐུ་གཤེགས་པ་རེད།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་དུ་རི་ཁུད་སྐུ་ཞབས་འཇིགས་མེད་ཆོས་ཀྱི་འོད་ཟེར་གྱིས་སྡེ་དགེ་དབོན་པོའི་ཡང་སྲིད་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་ངོས་འཛིན་བྱས་ཏེ་ད་བར་དུ་རི་ཁུད་དགོན་པའི་བསྟན་པའི་བདག་པོར་མངའ་གསོལ།ཁོང་ཡང་སྤྱི་ལོ1944སྟེ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་ལོར་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་མི་ཉག་རབ་སྒང་གི་ལྟེ་གནས་དར་རྩེ་མདོ་གྲོང་ལྕགས་ལ་རྒྱལ་པོའི་བློན་ཆེན་གྱི་གདུང་བརྒྱུད་དབལ་གསས་སྐྱབས་པ་ཚང་ཡབ་ཨ་སྐྱ་སྐལ་བཟང་དང་ཡུམ་དཔོན་པོ་རྡོ་རྗེ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་རྒྱུན་དུ་དར་མདོ་དབོན་པོའམ་རི་ཁུད་དབོན་པོ་ཞེས་འབོད།ཁོང་རི་ཁུད་དགོན་པའི་མཁན་པོ་འཇམ་དབྱངས་བློ་གྲོས་སོགས་ཀྱི་མདུན་དུ་ཆོས་མདོ་སྔགས་རིག་གནས་ཆོ་ག་ཕྱག་ལེན་བཅས་གསན་སྦྱོང་མི་དམན་པར་མཛད།ས་སྐྱའི་ཕུན་ཕོ་བདག་ཆེན་ངག་དབང་ཀུན་བསོད་ཀྱི་མདུན་ནས་ལམ་འབྲས་ཚོགས་བཤད་དང་སྒྲུབ་ཐབས་རྒྱ་མཚོ་སོགས་བཀའ་ལུང་དབང་གསུམ་དུ་མ་གསན།ལུང་རིག་མཆོག་སྤྲུལ་ཀུན་དགའ་ཚེ་ཅན་གྱི་མདུན་དུ་དམར་པོ་སྐོར་གསུམ་དང་རྣལ་འབྱོར་མའི་བྱིན་རླབས་ཟབ་ཁྲིད་དང་བཅས་པ་གསན་ཏེ་ཐུགས་རྒྱུད་གདམས་པ་ཕྱུག་པར་མཛད།ད་ལྟ་འབྲུག་པའི་རྒྱལ་ཁབ་དུ་བཞུགས་ཡོད་ཅིང་འབྲུག་པའི་རྒྱལ་ཁབ་ཀྱི་དབུ་བླ་དང་དངོས་མང་བཤམས་སྟོན་ཁང་གི་སྲིད་འཛིན་དབུ་ཁྲིད་ཀྱི་འགན་བཞེས་མྱོང་།1991ལོ་ནས་ད་བར་དུ་རང་གི་མེས་རྒྱལ་ཐེངས་མང་ཕེབས་པ་དང་ཆབས་ཅིག རྒྱུན་དུ་རི་ཁུད་དགོན་པའི་བདག་གཉེར་དང་དོན་ཁུར་བྱས་ཏེ་དགོན་པའི་འཕེལ་རྒྱས་དང་ནང་བསྟན་ཆོས་ལུགས་དར་སྤེལ་གཏོང་བའི་སྐོར་རྒྱབ་སྐྱོར་ཚད་མེད་གནང་།2012ལོའི་སྤྱི་ཟླ9པའི་ཚེས21ཉིན་གྱི་ཕྱི་དྲོར།དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་དང་དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། དར་མདོ་རྫོང་ཨུའི་ཧྲུའུ་ཅི་ཏོ་དབྱི་ཅུན། དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུའི་པུའུ་ཀྲང་ཏོ་ནེ་ཁའེ་སོགས་ཀྱིས་དར་མདོ་གྲོང་ཁྱེར་དུ་རི་ཁུད་དབོན་པོ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་ལ་ཕེབས་བསུ་ཞུ་བ་དང་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ནང་བསྟན་ཆོས་ལུགས་དང་སྤྱི་ཚོགས་བདེ་འཇགས།ཁྱད་པར་དུ་ཕ་ཡུལ་འཛུགས་སྐྲུན་སྐོར་ཕན་ཚུན་དགོངས་འཆར་བརྗེ་རེས་གནང་ནས་གྲོས་མཐུན་བྱུང་སྟེ་ཧུའུ་ཁྲང་ཧྲེང་གིས་དགའ་སྤྲོ་ཆེན་པོ་ངང་ནས་རི་ཁུད་དབོན་པོ་ལ་དྲན་རྟེན་གནང་ཡོད་པ་རེད།

གཉིས་པ། རིག་གནས་གསར་བརྗེའི་སྐབས་དང་དེའི་རྗེས་ཀྱི་རི་ཁུད་དགོན་པའི་གནས་ཚུལ།

1966ནས1976ལོའི་བར་རིག་གནས་གསར་བརྗེ་ཆེན་པོ་བྱུང་སྟེ་ཏང་དང་སྲིད་གཞུང་།མི་རིགས་ས་ཁུལ་དུ་གྱོང་གུན་ཚབས་ཆེན་བྱུང་ཡོད། ལོ་བཅུའི་རིང་ལ་སྤྱི་ཚོགས་ཟིང་ཆ་བྱུང་བས་རྒྱལ་དམངས་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་དང་ལོ་རྒྱུས་ཀྱི་གོད་ཆག་ཆེན་པོ་བྱུང་བའི་སྟོབས་ཀྱིས་མི་ཉག་རི་ཁུད་དགོན་པ་ལའང་རང་ཤུགས་ཀྱིས་འགོག་རྐྱེན་བྱུང་།1978ལོ་ནས་རྒྱལ་ཁབ་ཀྱི་སྲིད་ཇུས་ཇེ་བཟང་དང་ཆོས་ལུགས་དད་པ་རང་མོས་ཀྱི་ལམ་ལུགས་བྱུང་སྟེ་དགོན་པ་ཉམས་གསོའི་ལས་གྲྭ་ལས་མགོ་བཙུགས།ཁྱད་པར་དུ་རི་ཁུད་དབོན་པོ་འཇམ་དབྱངས་ཀུན་དགའ་བསྟན་པའི་རྒྱལ་མཚན་དང་བླ་མ་རྟ་མགྲིན་ཆོས་དར་ཀྱི་ཡང་སྲིད་འཇིགས་མེད་ཆོས་ཀྱི་རྒྱལ་མཚན།དེ་བཞིན་དུ་དགོན་པའི་བསྟན་པའི་བདག་པོ་སྐུ་ཚབ་ཚེ་རིང་བླ་མ་འཆི་མེད་རྒྱ་མཚོ་དང་དགེ་རྒན་ཉི་མ།དགོན་པའི་མཁན་པོ་རྒྱ་ལི་མཁན་པོ་སོགས་ཀྱིས་དཀའ་སྤྱད་འབད་བརྩོན་འོག་དགོན་པའི་འཕེལ་རྒྱས་དང་བསྟན་པ་དར་རྒྱས་བྱུང་བས་ད་བར་མ་ཉམས་གོང་འཕེལ་བྱུང་དང་འབྱུང་བཞིན་ཡོད་པ་རེད།

རི་ཁུད་དགོན་པའི་ནང་བསྟན་ཆོས་ལུགས་དང་རིག་གནས་ཕྱོགས་ཀུན་ནས་དར་རྒྱས་བྱུང་སྟེ་ཤེས་བྱ་རིག་གནས་ལ་མཁས་པ་བཞི་དང་འབུད་རྡུང་དཀྲོལ་གསུམ་ལ་མཁས་པ་གསུམ་བྱུང་སྟེ་འཆད་པ་ལ་མཁས་པ་འཇམ་དབྱངས་བློ་གྲོས་དང་རྩོད་པ་ལ་མཁས་པ་གཡང་འཇམ་ཚེ་དབང་རིག་འཛིན།ནང་དོན་ལ་མཁས་པ་ཚེ་རིང་ཉི་མ།བྲིས་དང་རྩིས་ལ་མཁས་པ་ལྷ་རིག་ལྷག་པ་བཅས་བཞི་ནི་ཤེས་བྱ་རིག་གནས་ལ་མཁས་པ་དང་།འབུད་ལ་མཁས་པ་རྒྱ་ལི་དཔལ་ལྡན་ཕུན་ཚོགས་དང་རྡུང་ལ་མཁས་པ་ཤེས་རབ་རྡོ་རྗེ།དཀྲོལ་ལ་མཁས་པ་ཀུན་དགའ་ལྷུན་གྲུབ་བཅས་གསུམ་ནི་འབུད་རྡུང་དཀྲོལ་གསུམ་ལ་མཁས་ཤིང་སྟོད་ས་སྐྱ་གོང་དུ་འབུད་རྡུང་དཀྲོལ་གསུམ་ལ་མཁས་པའི་ཁམས་པ་མི་གསུམ་དུ་གྲགས་མྱོང་བ་རེད།།

རྩོམ་འདི་ནི་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་གི༼ མི་ཉག་རུ་ཁུད་དགོན་པའི་རིག་གནས་དང་ལོ་རྒྱུས་མདོར་བསྡུས། ༽ སྒྲུབ་གཞི་རྣམ་གྲངས་ལས་ཚན་གྱི་ཨང་རྟགས18SB0502ཀྱི་གྲུབ་འབྲས་ཡིན།

  • ལེ་ཚན་སྔོན་མ།:ཁྲ་འབྲུག་གཙུག་ལག་ཁང་།
  • ལེ་ཚན་རྗེས་མ།:ཟླ་གཤིས་བུམ་སྟེང་དགོན་རྣམ་རྒྱལ་གཡུང་དྲུང་གླིང་།
  • དོ་སྣང་ཆེ་བའི་རྩོམ།