ཁམས་མི་ཉག་རི་ཁུད་དགོན་པའི་གདན་རབས་དང་པོ་སུ་ཡིན་པའི་སྐོར།

མཁན་ནོར་བུ་དབང་ཆེན་གྱིས།        2020-04-10

    

ཁམས་མི་ཉག་རི་ཁུད་དགོན་པའི་གདན་རབས་དང་པོ་སུ་ཡིན་པའི་སྐོར།

  དེ་ཡང་ཇི་སྐད་དུ། འཇམ་དབྱངས་བླ་མ་ཤཱཀྱ་དར་རྒྱས་ཀྱི་ཞལ་སྔ་ནས། དཔལ་གྱི་འབྱུང་གནས་བོད་ཡུལ་ཤར་ཕྱོགས་སུ། །ཡུལ་གྱི་མཆོག་གྱུར་རྒྱ་བོད་གཉིས་ཀྱི་མཚམས། །མཁས་གྲུབ་མཆོག་གྱུར་གྲུབ་ཐོབ་རྣམ་གསུམ་དང་། །མཁས་པའི་མི་ལྔས་བྱིན་གྱིས་རླབས་པའི་ཞིང་། །སྟོང་ཚར་སྒང་ཞེས་ས་ཡི་ཐིག་ལེ་མཆོག །མཁས་གྲུབ་དུ་མ་ཞབས་ཀྱིས་བཅགས་པའི་གནས། །ཁྱད་པར་ཆོས་ཀྱི་རྒྱལ་པོའི་རྣམ་འཕྲུལ་མཆོག །ཤེས་རབ་མཚོན་འཆང་སྦས་སྟོན་ཆོས་རྗེ་ཡིས། །ལེགས་པར་བཏབ་པའི་བསྟི་གནས་དམ་པར་མཆོག །སྟོང་ཉིད་གྲུ་གསུམ་རྒྱས་པའི་གདན་སྟེང་དུ། །ཝཾ་ཡིག་བདེ་བ་ཆེན་པོས་རྣམ་པར་བརྒྱན། །ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཚུལ། །རིགས་ལྡན་སྤྲུལ་པའི་བཞུགས་གནས་གང་དེའི་མཚན། །བསམ་འགྲུབ་དར་རྒྱས་ལྷུན་པོ་གླིང་ཞེས་གྲགས། །གང་མཚན་ཞིང་འདིའི་ཕུན་ཚོགས་འབྱོར་བ་རྣམས། །རྣམ་ཐོས་བུ་ཡི་དཔལ་ལ་འགྲན་པ་བཞིན། །བཞིན་བཟང་སྐྱེ་བོའི་སྙན་ངག་གླུ་སྙན་ན། །ནད་མེད་ཚངས་པའི་དཔལ་ཡང་སྐྱེ་བར་ངེས། །གང་དུ་ལེགས་བཤད་ཆུ་གཙང་ལྷུང་འབེབས་ཤིང་། །ལུང་རིགས་ཉི་ཟླའི་འོད་ཟེར་རབ་བགྲོད་པས། །གང་བློ་མུན་སེལ་བློ་གྲོས་རི་མཐོ་མཛིན། །ཚད་མེད་གཉེན་གྱུར་བསྟི་གནས་མཆོག་ཏུ་དགེ ། ཞེས་བསྔགས་པར་བརྗོད་པའི་ཚིག་ལས་ཆོས་གྲྭ་ཆེན་མོ་འདི་ཉིད་ནི་ཤེས་རབ་མཚོན་འཆང་སྦས་སྟོན་ཆོས་རྗེ་ཡིས་ལེགས་པར་བཏབ་པ་ཡིན་ཞེས་གསུངས་ཡོད་པ་རེད།

     དེ་བཞིན་སྡེ་གཞུང་མཆོག་སྤྲུལ་ཀུན་དགའ་ཉི་མའི་རྣམ་ཐར་ལས། རི་དགོན་འདི་གསེར་མདོག་པཎ་ཆེན་གྱི་དངོས་སློབ་སྦས་སྟོན་ཤེས་རབ་རྒྱལ་མཚན་གྱིས་ཕྱག་བཏབ་ཅེས་གསུངས་ཡོད་ཀྱང་། ལོ་རྒྱུས་ཀྱི་ཡིག་རིགས་དང་དུས་མཉམ་གྱི་བླ་མའི་རྣམ་ཐར་སོགས་གང་འབྱོར་རྣམས་ལ་གཞིགས་ནས་བཤད་ན། ཕྱི་ལོའི་དུས་རབས་བཅུ་གསུམ་པའི་འགོ་ཚུགས་སྐབས། བོད་དུ་སྟོད་མངའ་རིས་ཀྱི་ས་ཁུལ་ཁག་ཁོ་ན་ཙམ་ལ་བོད་རྗེ་བཙན་པོའི་རྒྱལ་རྒྱུད་ཀྱིས་སོ་སོར་དབང་བསྒྱུར་བ་ཕུད། དེ་བྱིངས་དབུས་གཙང་དང་མདོ་ཁམས་གང་སར་གཅིག་འགྱུར་གྱི་ཁྲིམས་ལུགས་དང་སྲིད་དབང་གང་ཡང་མེད་ཅིང་། རྩ་བའི་སྲིད་སྟོབས་ཉམས་རྒུད་དུ་འགྲོ་བཞིན་པའི་སྐབས་དེ་ཤེད་ཅིག་ལ། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་འདྲ་མིན་ཆེ་ཆུང་མང་པོ་དར་ཞིང་རྒྱས་ནས་རང་རང་གི་ཆོས་ལུགས་སྟོད་སྨད་ལྷོ་བྱང་ཀུན་ཏུ་ཁྱབ་སྤེལ་གཏོང་ཆེད་བླ་ཆེན་དང་། བླ་ཆུང་མང་པོ་ཕན་ཚུན་འགྲན་པ་ལྟར་གང་སར་ཕེབས་ཏེ་བཀའ་ཆོས་གསུང་བ་དང་། གྲྭ་བཙུན་འདུ་བ། དགོན་པ་དང་ཡང་ན་རི་ཁྲོད། ལྷ་ཁང་སོགས་གྲུབ་མཐའ་སོ་སོའི་ཆོས་ཀྱི་གནས་གཞི་འཛུགས་པ་སོགས་མདོར་ན་བོད་ཁམས་ཡོངས་སུ་རྫོགས་པར་ཆོས་ལུགས་ཀྱི་བྱེད་སྒོའི་འདུ་ལོང་ཞིག་ས་དར་རྡོ་དར་དུ་ཁྱབ་པར་གྱུར་པའི་སྐབས་ཤིག་ལ། མི་ཉག་ཕྱོགས་ཀྱི་བཀའ་གདམས་པའི་མཁས་གྲུབ་ཆེན་པོ་ཡར་མར་ཕེབས་དུས་འཕུར་ནུས་པ་སོགས་ཀྱི་མཐུ་ནུས་དང་ལྡན་པ། མཚན་ལ་འཇམ་དབྱངས་པདྨ་རིན་ཆེན་ཞེས་པའི་སྐྱེས་མཆོག་དམ་པ་འདི་ཉིད་རྫ་བཀྲ་རིན་ཆེན་སྒང་དུ་བཞུགས་བཞིན་པ་ན། མི་ཉག་གི་ཕྱོགས་སུ་དད་ལྡན་དང་བར་འདྲེན་པའི་ཞིང་དུ་དགོན་ཆུང་ཞིག་བཏབ་པར་དགོངས་པས་གནས་བརྟགས་པའི་ཆེད་རང་གི་གདིང་བ་དེ་སྤུར་ནས་མཐར་ལྷུང་བའི་སར་དགོན་པ་བཏབ། གནས་དེ་ཐོག་མར་རྫ་བཀྲ་རིན་ཆེན་སྒང་ཡིན་པ་བཤད་ལ། ཕྱིས་སུ་གནས་དེ་དང་མི་རིང་བའི་འདབས་ཞོལ་དུ། ཤར་དུ་སློབ་དཔོན་གྱི་གནས་རི་དང་། ལྷོ་རུ་པཎྡི་ཏའི་གནས་རི། ནུབ་ཏུ་རྡོ་རྗེ་རྒྱལ་མཚན་གྱི་གནས་རི། བྱང་དུ་མཁའ་སྤྱོད་མའི་གནས་རི་སོགས་མཐའ་བསྐོར་དུ་གནས་རི་དུ་མས་བསྐོར་ཞིང་། གཡས་སུ་རྡུལ་ཚོན་ཆུ་མིག་གི་ཆུ་དང་གཡོན་དུ་མཁའ་སྤྱོད་མའི་རི་ཁྲོད་ཀྱི་ཆུ་སྟེ། ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་གཉིས་བར་མ་ཆད་པར་ལྷུང་ལྷུང་དུ་འབབ་པ་སོགས་བཀྲ་ཤིས་པའི་དགེ་མཚན་དུ་མ་མ་བཅོས་ལྷུན་འགྲུབ་ཏུ་ཚང་བའི་དབེན་ཞིང་ཉམས་དགའ་བའི་གནས་མཆོག་སྟེ། དེང་གི་རི་ཁུད་དགོན་པ་ཆགས་ས་དེར་སྤོས་ཤིང་། མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་ཞིང་རྒྱས་པར་སོང་བ་ཞིག་ལགས་སོ། །

    དེ་ཡང་མི་ཉག་བུ་ཕྲུག་གིས་བྲིས་པའི་རི་ཁུད་དགོན་པའི་གདན་རབས་ལས་ཀྱང་། དགོན་པ་གསར་དུ་བཏབ་མཁན་དང་གདན་རབས་དང་པོ་ནི་འཇམ་དབྱངས་པདྨ་རིན་ཆེན་ཡིན་པ་གསུངས་ཤིང་། གདན་རབས་གཉིས་པ་སྐྱེས་མཆོག་འཇམ་དབྱངས་གྲགས་པའི་སྐབས་སུ་དགོན་པ་འདི་ཉིད་ཀྱི་གྲུབ་མཐའ་ཡང་བཀའ་བརྒྱུད་པ་དང་འདྲེས་པ་ཞིག་ཡིན་ལུགས་གསལ། དེ་ནས་གདན་རབས་གསུམ་པ་མི་ཉག་སྦས་སྟོན་ནམ་སྦས་སྟོན་ཤེས་རབ་རྒྱལ་མཚན་མཆོག་གི་སྐུ་རིང་ལ་དགོན་པའི་དགེ་འདུན་དང་ཆོས་རྭའི་སྒྲིག་གི་རྣམ་གཞག་སོགས་གསར་འཛུགས་མཛད་ཅིང་བསྟན་པ་སྔར་བས་ཇེ་དར་དུ་གྱུར། སྦས་སྟོན་ཤེས་རབ་རྒྱལ་མཚན་དང་ཤཱཀྱ་མཆོག་པ་གཉིས་བླ་སློབ་ཀྱི་འབྲེལ་བ་ཡིན་པའི་རྒྱུ་མཚན་གྱིས་ཆོས་རྒྱུད་ཀྱང་ས་སྐྱ་པ་གསེར་མདོག་ཅན་གྱི་ལུགས་སུ་བྱས།གྲྭ་ས་སྐྱེལ་སའང་གཙང་གསེར་མདོག་ཅན་དུ་ཡིན་ནོ། །དེ་བས་རི་ཁུད་ཀྱི་གདན་རབས་དང་པོ་ནི་འཇམ་དབྱངས་པདྨ་རིན་ཆེན་ནས་བགྲང་དགོས་པ་ཞིག་རེད་འདོད་ཅིང་། མི་ཉག་སྦས་སྟོན་ནི་དགོན་པ་འདི་ཉིད་ས་སྐྱ་པ་རུ་སྒྱུར་མཁན་ཡིན་པས་ན། ཕྱིས་སུ་བླ་མའི་རྣམ་ཐར་འབྲི་མཁན་སུ་ཞིག་གིས་གྲུབ་མཐའ་ཡི་ཕྱོགས་རིས་ལྟ་བུར་བྱས་ནས་དགོན་པ་བཏབ་མཁན་ཡང་སྦས་སྟོན་ཤེས་རབ་རྒྱལ་མཚན་ཡིན་པ་བཤད་པ་མིན་ནམ་སྙམ་མོ། །

      


  • ལེ་ཚན་སྔོན་མ།:གསེར་ཧོར་ཤུལ་དགོན་པའི་ལོ་རྒྱུས་ངོ་སྤྲོད།
  • ལེ་ཚན་རྗེས་མ།:གཡུ་མཁར་དགོན་གྱི་ལོ་རྒྱུས་མདོར་བསྡུས།