ཐུབ་བསྟན་བཟོད་པ། 2019-07-09
དེ་ཡང་མདོ་ཁམས་ལི་ཐང་ཡུལ་གྱི་དགོན་རྙིང་གྲགས་པ་ཅན། སྒྲུབ་རྒྱུད་བསྟན་པའི་དགའ་ཚལ་ཆེན་མོ། བཞག་མ་ཐང་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་ནི། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལི་ཐང་རྫོང་བཞག་པ་ཡུལ་གྱི་ཇོ་བོ་གྲོང་ཚོ་རུ་ཆགས་ཡོད། མཚོ་འཕགས་སྨི3600ལྷག་ཡོད། དགོན་པ་འདི་ནི་བོད་རབ་བྱུང་ལྔ་པའི་ཆུ་ཡོས་ལོ་སྟེ། སྤྱི་ལོ1303ལོར་དཔལ་ས་སྐྱའི་བདག་ཆེན་ཁྲི་རབས་བཅུ་པ། ཡོན་རྒྱལ་རབས་ཀྱི་དབུ་བླ་ཆེན་མོ། བླ་མ་བཟང་བོ་དཔལ་དུ་འབོད་པ་ཁོང་ཉིད་ཡོན་རྒྱལ་ས་ནས་ཕྱིར་ལྷ་ས་རུ་ཕེབས་སྐབས་ཀྱི་ལམ་བར་དུ་དགོན་པ་འདི་ཕྱག་འདེབས་མཛད་པ་ལགས།
དགོན་པ་འདིར་ད་ལྟའི་བར་དུ་ལོ་འཁོར་བདུན་བརྒྱ་ལྷག་གི་ལོ་རྒྱུས་ཡོད་འདུག ས་སྐྱ་བདག་ཆེན་བཟང་བོ་དཔལ་བ་ནི། སྤྱི་ལོ1262ལོར་སྐུ་འཁྲུངས། འགྲོ་མགོན་ཆོས་རྒྱལ་འཕགས་པའི་གཅུང་བོ་ཡེ་ཤེས་འབྱུང་གནས་ཀྱི་སྲས་ཡིན། རབ་བྱུང་ལྔ་པའི་ཤིང་འབྲུག་ལོར་ས་སྐྱ་གདན་སའི་ཁྲིར་ཕེབས། ཆུ་བྱི་ལོ་ལ་སོག་པོ་རྒྱལ་པོ་གུ་ཤྲིས་འཇའ་ས་གནང་། ཆུ་ཁྱི་ལོ་སྟེ། སྤྱི་ལོ1322ལོར་སྐུ་གཤེགས། སྐབས་དེའི་དགོན་པ་བཞེངས་སྐྲུན་བྱེད་པའི་ཡོན་བདག་ནི་ཡོན་རྒྱལ་རབས་ཀྱི་བློན་ཆེན་ཨན་ཆང་ཧྲན་ཞེས་པ་དེས་རྟེན་བཞེངས་ཅི་མང་མཛད། ཕྱིས་སུ་རྗེ་ཙོང་ཁ་པའི་སློབ་དཔོན་ཆེན་མོ། ཉ་དབོན་ཀུན་དགའ་དཔལ་སོགས་སྐྱེས་ཆེན་དམ་པ་མང་པོ་ཞིག་གིས་དགོན་པ་འདིའི་མཁན་པོ་མཛད་མྱོང་། དེའི་རྗེས་སུ་རྗེ་ཙོང་ཁ་པའི་སློབ་མ་རྟོགས་ལྡན་ལྔའི་ནང་ཚན་རྗེ་རེ་འདའ་པ་དང་རྗེ་ཙོང་ཁ་པ་གཉིས་ཀའི་དངོས་སློབ་རྟོགས་ལྡན་པ་སངས་རྒྱས་དཔལ་བཟང་མཆོག་གིས་དགོན་པ་འདིའི་མཁན་པོ་མཛད་ཅིང་དེའི་སྐབས་ནས་བཟུང་སྟེ་སྔར་ཀྱི་ས་སྐྱ་པའི་གྲུབ་མཐའ་ནས་དཔལ་མཉམ་མེད་རི་བོ་དགེ་ལྡན་པར་བསྒྱུར་ཅིང་བཤད་སྒྲུབ་ཀྱི་བསྟན་པ་རྒྱ་ཆེར་སྤེལ། དེའི་རྗེས་སུ་རྗེ་ཙོང་ཁ་པའི་དངོས་སློབ་རྒྱན་གཉིས་ལས་བརྩེ་ཆེན་ཀུན་དགའ་རྒྱལ་མཚན་མཆོག་དགོན་འདི་ལ་ཕེབས་ནས་མཁན་པོ་མཛད། ཁོང་ཉིད་བཞག་མ་ཐང་དགོན་པ་དགེ་ལུགས་པར་སྒྱུར་པའི་རྗེས་ཀྱི་མཁན་རབས་གཉིས་པ་ཡིན་པར་སྡེ་སྲིད་ཀྱི་བཻ་ཌཱུརྱ་སེར་པོ་ལས་གསུངས།
དགོན་འདིའི་མཁན་རབས་དང་དགོན་བདག་མཛད་མཁན་དག་ནི། གཞོན་ནུ་རབ་བརྟན། འཛོམ་ཁྲི་སྟོན། བཀྲ་ཤིས་འོད་ཟེར། རིན་ཆེན་སེང་གེ ནམ་མཁའ་རྒྱ་མཚོ། རྒྱ་ཉེ་དཀའ་བཅུ་པ། ཨ་འབྲུག་དཀའ་བཅུ་པ། བྱང་ཆུབ་རིན་ཆེན། ཚུལ་ཁྲིམས་རྒྱ་མཚོ། གྲགས་པ་འབྱུང་གནས། ལི་ཐང་ལྷ་དབང་ཆོས་འབྱོར་སོགས་སྐྱེས་ཆེན་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་གྲངས་མེད་བྱོན་མྱོང་། གཞན་ཡང་། ས་མག་དགེན་དང་མི་ཉག་དགེན། རྐང་ཚ་དགེན། ཨ་མྱེས་སྐུ་སྤྲུལ། ཕྱྭ་སྤེལ་བླ་མ། ཐང་ཟུར་བླ་མ། ལྔ་བཅུ་དགེན། གཡོན་རུ་བླ་མ། སྔགས་རམས་པ་དགེན་འཕྲིན་ལས་རབ་ཡངས་དང་། ཐུབ་བསྟན་ཉི་མ་སོགས་ཀྱིས་ཀྱང་དགོན་པ་འདིའི་མཁན་པོ་མཛད་མྱོང་། དགེན་འཕྲིན་ལས་རབ་ཡངས་ནི། སྤྱི་ལོ1910ལོར་ལི་ཐང་བཞག་པའི་ཡུལ་དུ་འཁྲུངས། ཆུང་དུས་ནས་དགོན་པ་འདིའི་ཆོས་སྤྱོད་ཉམས་བཞེས་ལ་བསླབས། བཞག་མ་ཐང་དགོན་པའི་ཐེངས་དང་པོ་གསང་བདེ་འཇིགས་གསུམ་གྱི་རྡུལ་ཚོན་བླུགས་པའི་ཕྱག་སྲོལ་བཏོད། བཞག་མ་ཐང་དགོན་པ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གི་ཕྱག་སྲོལ་གཙང་མར་བསྒྱུར། སྤྱི་ལོ1981ལོར་ཆོས་སྒོ་ཐོག་མར་ཕྱེ་དུས་ལི་ཐང་དགོན་པའི་རྟེན་ལ་གཟུངས་གཞུག་འབུལ་བར་རབ་གནས་ཚུགས། ཨོ་ཐོག་ས་ཁུལ་དང་ལི་ཐང་གི་ས་ཆ་སོགས་སུ་དགེ་ཚུལ་སློང་གི་སྡོམ་རྒྱུན་གྲངས་ལས་འདས་པ་སྤེལ་པ་དང་། བཞག་མ་ཐང་དགོན་དུ་ཆོ་ག་ཕྱག་ལེན་སོགས་གསར་དུ་བསྐྱར་གསོ་བྱས་པས་སྐུ་དྲིན་ཤིན་ཏུ་ཟབ། སྤྱི་ལོ1982ལོར་སྐུ་གཤེགས།
དགོན་པའི་རྒྱབ་རིའི་ཆགས་དབྱིབས་ནི་རྗེ་བཙུན་སྒྲོལ་མ་ལྗང་ཁུ་དང་འདྲ་བས་བཤད་རྒྱུན་ཡོད་ཅིང་བཞག་མ་ཐང་དགོན་དུ་རྗེ་བཙུན་སྒྲོལ་མར་གསོལ་འདེབས་དང་སྒོམ་སྒྲུབ་བྱེད་པའི་ཚེ་གྲུབ་པ་བརྙེས་སླ་ཞིང་སྒྲུབ་རྟགས་སླེབས་ཉེ་བའི་ངག་རྒྱུན་ཡོད།
དགོན་པའི་ཉེ་འཁོར་དུ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྒྲུབ་ཕུག་ཞིག་ཡོད། དེར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚན་སྔགས། ཨ་ར་པ་ཙ་ན་དྷཱིཿ རང་བྱུང་དུ་གྲུབ་ཡོད་པའི་ཡིག་འབྲི་རེ་རེའི་མཐོ་ཚད་ལ་ཁྲུ་གང་ཡས་མས་ཡོད། དགོན་པའི་གཡོན་ཕྱོགས་སུ་མཁའ་སྤྱོད་དབང་མོའི་སྒྲུབ་ཕུག་ཞིག་ཡོད་ལ། མཁའ་འགྲོའི་གཏེར་ཁ་བཀའ་བསྟན་རང་བྱོན་དུ་མ་ཞིག་གྲུབ། གནས་དེར་སྒྲུབ་པ་འཛིན་པའི་སྐྱེས་བུ་ཚོ་ཉམས་རྟོགས་མངོན་པར་མཐོ་བའི་གཏམ་རྒྱུད་ངོ་མཚར་པ་མང་པོ་ངག་རྒྱུན་ལ་གྲགས། དེའི་ཉེ་འཁོར་གྱི་ནགས་ཁྲོད་དུ་ད་དུང་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་སྒྲུབ་ཕུག་མང་བོ་མཇལ་རྒྱུ་ཡོད། སྒྲུབ་ཕུག་ལ་ལར་ད་ལྟ་ཡང་རྡོ་རྗེ་དཀྱིལ་ཀྲུང་གི་ཚུལ་དུ་བཞུགས་འདུག་པའི་ཀེང་རུས་མང་པོ་མཐོང་རྒྱུ་འདུག
དགོན་འདིའི་ད་ལྟའི་བསྟན་བདག་བླ་མ་ནི་རང་ཅག་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་གཅིག་པུ། ངེས་དོན་གྱི་རྡོ་རྗེ་འཆང་ཆེན་མོ། སཾ་བོད་རྒྱ་གསུམ་གྱི་གཞུང་ཆེན་ཐོགས་མེད་དུ་སྨྲ་བའི་ལོ་ཆེན་དམ་པ། ལི་ཐང་བཞག་པ་སྤྲུལ་པའི་སྐུ་རིན་པོ་ཆེ། རྗེ་བཙུན་དགེ་ལེགས་མཁས་གྲུབ་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོ་མཆོག་ཡིན། ཁོང་གིས་ལི་ཐང་དགོན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་རབས་དགུ་བཅུ་གོ་གསུམ་པའི་ཁྲི་འགན་ཕྱག་བཞེས་གནང་མྱོང་པར་མ་ཟད། ད་ལྟའི་ཆར་ཡང་རྒྱ་བོད་སོག་གསུམ་གྱི་དགོན་སྡེ་གསུམ་གྱི་དགོན་བདག་བླ་མ་དང་ཚོགས་ཆེན་ཁྲི་པ། རྒྱལ་ཁབ་རིམ་པའི་ཆོས་དོན་ལས་གནས་དང་སློབ་ཆེན་ཁག་གི་མཚན་ཐོབ་ཀྱང་མང་དུ་ཕྱག་བཞེས་གནང་གིན་ཡོད། ཁོང་ཉིད་ནི་བཞག་པ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་ཡིན་ཞིང་། ཁོང་གི་མཛད་རྣམ་དེ་རྒྱས་པར་གཞན་དུ་སྤེལ་འཆར་ཡོད།
ད་ལྟ་བླ་མ་རིན་པོ་ཆེ་གང་གི་སྐུ་དྲིན་ལ་བརྟེན་ནས་གཞུང་ཆེན་བཀའ་པོད་ལྔ་དང་གསང་ཆེན་རྒྱུད་སྡེ་བཞི་སོགས་མདོ་སྔགས་རིག་གནས་དང་བཅས་པར་སྦྱངས་སྲོལ་གསར་དུ་བཙུགས་ཏེ་དོན་གཉེར་ཆེ་བའི་གྲྭ་གཞོན་རྣམས་ཀྱི་བློ་གྲོས་ཀྱི་འཕེལ་ཁ་ནི་དབྱར་གྱི་ཆུ་གཏེར་ཆེན་མོའི་དཔལ་ཡོན་དང་མཉམ་པར་ཡར་རྒྱས་སུ་འགྱུར་བཞིན་མཆིས་སོ། །
དགོན་པའི་སྐུ་གསུང་ཐུགས་རྟེན་གཙོ་བོ་དག་གི་གསལ་བཤད། སྤྱི་ལོ1984ལོར་ལི་ཐང་རྫོང་མི་དམངས་སྲིད་གཞུང་གིས་བཞག་མ་ཐང་དགོན་པའི་ཆོས་སྒོ་བསྐྱར་འབྱེད་ཀྱི་ཆོག་མཆན་ཡིག་ཆ་གནང་བ་དང་། སྐབས་དེར་དགོན་པའི་ཕྱག་མཛོད་ཚེ་རིང་དར་རྒྱས་སོགས་གྲྭ་བ་རྒན་གྲས་རྣམས་ཀྱིས་ཉམས་ཆག་ཤོར་བའི་འདུ་ཁང་དང་ལྷ་སྐུ་སོགས་གསར་བཞེངས་དང་ཉམས་གསོ་བྱེད་རྒྱུའི་མགོ་བཙུགས་པ་དང་། བླ་མ་བཞག་པ་རིན་པོ་ཆེ་ཁོང་གི་མཁྱེན་བརྩེ་ནུས་གསུམ་གྱི་སྐུ་དྲིན་ཉག་གཅིག་ལ་བརྟེན་ནས་རྟེན་རྙིང་པ་རྣམས་ཉམས་གསོ་དང་དགོན་པའི་ལས་གཞི་སྣ་ཚོགས་ལ་འཆར་བཀོད་དང་སྒྲིག་གཞི་ལེགས་པོ་བཙུགས་ཤིང་། དུས་དེ་ནས་བཟུང་སྟེ་ད་ལྟའི་བར་དུ་གཞི་རྒྱ་ཆེ་ཞིང་སྤུས་ཚད་ཧ་ཅང་ལེགས་པ། འཆར་བཀོད་སོགས་གཞན་དང་མ་འདྲ་བའི་འཛུགས་སྐྲུན་རྒྱ་ཆེར་བྱས་ཏེ་ད་ལྟ་ཡོངས་སུ་འགྲུབ་ལ་ཉེ་འདུག
ཚོགས་ཆེན་འདུ་ཐང་རྙིང་པའི་ཐོག་ཁར་སྐུ་རྟེན་ཁྱད་པར་ཅན་ཇོ་བོ་ང་འགྲོ་གསུང་བྱོན་བཞུགས་ཡོད། འདུ་ཁང་གི་གདུང་གྲལ་དུ་གསེར་ཟངས་ལས་གྲུབ་པའི་སྟོན་པ་གཙོ་འཁོར་གསུམ་དང་། རྗེ་ཡབ་སྲས་གསུམ། རིགས་གསུམ་མགོན་པོ། ཚེ་ལྷ་རྣམ་གསུམ། རྒྱལ་བ་བྱམས་པ། གདུགས་དཀར། སྒྲོལ་མ་ལྗང་གུ་བཅས་མཐོ་ཚད་ཁྲུ་བཞི་རེ་ཙམ་ཡོད། གསེར་ཟངས་ལས་གྲུབ་པའི་རྗེའི་སྟོང་སྐུ་དང་སངས་རྒྱས་སྟོང་སྐུ། འཇམ་དབྱངས་སྟོང་སྐུ་གསུམ་ལ་མཐོ་ཚད་ཁྲུ་གང་ཡས་མས་ཡོད། འདུ་ཁང་ཆེན་མོ་སྟེ་འཇམ་དབྱངས་ལྷ་ཁང་དུ་རྟེན་ཁྱད་པར་ཅན། སྟོན་པ་ཤཱཀྱ་ཐུབ་པའི་རིང་བསྲེལ། ཇོ་བོ་རྗེའི་རིང་བསྲེལ། རྗེ་རིན་པོ་ཆེའི་རིང་བསྲེལ། རྒྱལ་ཚབ་རྗེའི་ན་བཟའ་དང་དབུ་སྐྲ། མཁས་གྲུབ་རྗེའི་རིང་བསྲེལ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་རིང་བསྲེལ། རྒྱལ་རོང་མཁན་ཟུར་རིན་པོ་ཆེའི་རིང་བསྲེལ། དགེ་བཤེས་ཡེ་ཤེས་དབང་ཕྱུག་གི་རིང་བསྲེལ། སྔགས་ཆེན་རིན་པོ་ཆེའི་རིང་བསྲེལ། བཞག་པ་སྐུ་ཕྲེང་གསུམ་པའི་རིང་བསྲེལ་སོགས་སྲིད་ན་དཀོན་པའི་རྟེན་རྫས་གང་མང་བཞུགས། བཤགས་ལྷ་སོ་ལྔ་གསེར་ཟངས་ལས་གྲུབ་པ་མཐོ་ཚད་ཁྲུ་བཞི་ཙམ་དང་། སྒྲོལ་མ་ཉེར་གཅིག་གི་སྐུ་གསེར་ཟངས་ལས་གྲུབ་པ་སྐུ་ཚད་ཁྲུ་བཞི་རེ་ཅན། ཐོག་རྩེག་གཉིས་པར་རྗེ་རིན་པོ་ཆེ་དང་། ཇོ་བོ་རྗེ། དུས་གསུམ་སངས་རྒྱས་གསེར་ཟངས་ལས་གྲུབ་པ་ཁྲུ་ཚད་བཅོ་ལྔ་ཙམ། ལམ་རིམ་བླ་མ་བརྒྱུད་པའི་སྐུ་གསེར་ཟངས་ལས་གྲུབ་པ་སྐུ་ཚད་ཁྲུ་བཞི་རེ་ཅན། ཉེ་བའི་སྲས་ཆེན་བརྒྱད་རྒྱ་གར་ལི་མ་ལས་གྲུབ་པ་སྐུ་ཚད་ཁྲུ་བཞི་རེ་ཅན། འཕགས་པའི་གནས་བརྟན་བཅུ་དྲུག་གསེར་ཟངས་ལས་གྲུབ་པ་སྐུ་ཚད་ཁྲུ་བཞི་རེ་ཅན་སོགས་ཡོད། རྗེ་ལྷ་ཁང་དུ། རྗེ་ཡབ་སྲས་གསུམ་གྱི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་མཐོ་ཚད་ཁྲུ་བཞི་བཅུ་ལྷག་ཅན་ཞིག་ད་ལྟ་བཞེང་བཞིན་པ་ཡིན། བཀའ་གདམས་མཆོད་རྟེན་སྟོང་སྐུ་གཉིས་བཅས་བཞུགས། གསང་འདུས་ལྷ་ཁང་དུ། དཔལ་གསང་བ་འདུས་པའི་བློས་བསླང་གསེར་དངུལ་ཟངས་གསུམ་ལས་གྲུབ་པ་ཁྱད་མཚར་བློ་ཡུལ་འདས་པ་མཐོ་ཚད་ཁྲུ་ཉི་ཤུ་ལྷག་ཙམ་དང་། རིན་འབྱུང་བརྒྱ་རྩ་ལི་མ་ལས་གྲུབ་པའི་སྐུ་ཚད་ཁྲུ་བཞི་ཙམ་བཅས་མང་པོ་ཡོད། བདེ་མཆོག་ལྷ་ཁང་དུ། བདེ་མཆོག་གི་བློས་བསླང་གསེར་དངུལ་ཟངས་གསུམ་ལས་གྲུབ་པ་ཧ་ཅང་ངོ་མཚར་པ་མཐོ་ཚད་ཁྲུ་ཉི་ཤུ་ལྷག་ཙམ་དང་། བ་རུ་བརྒྱ་རྩ་དང་ཟུར་དཀའི་བརྒྱ་རྩ་གཉིས་ལི་མ་ལས་གྲུབ་པའི་སྐུ་ཚད་ཁྲུ་བཞི་ཙམ་སོགས་ད་ལྟ་དངོས་སུ་བཞེངས་པའི་ལས་འགོ་དངོས་སུ་བཙུགས་ཡོད། རྒྱལ་བའི་བཀའ་འགྱུར་དང་བསྟན་འགྱུར་རྒྱ་བོད་ཀྱི་པཎ་གྲུབ་རྣམས་ཀྱི་གསུང་རབ་པོ་ཏི་བརྒྱ་ཕྲག་མང་པོ་བཅས་རྟེན་ཁྱད་པར་ཅན་མང་དུ་བཞུགས་ཡོད།དགོན་པའི་བཟོ་སྐྲུན་གཙོ་བོ་དག་གསལ་བཤད། བཞག་མ་ཐང་དགོན་པའི་རི་ཁ་དགོན་པར་ཚོགས་ཆེན་འདུ་ཁང་རྙིང་པ་དང་ཇོ་ཁང་། ཆོས་ར་གཉིས། རུང་ཁང་། རིན་པོ་ཆེའི་གཟིམ་ཆུང་། གྲྭ་ཤག་ལྔ་བཅུ་ཙམ་ཡོད་ཅིང་། བཞག་གསར་མ་ཐང་དགོན་དུ་ལྷ་ཁང་དང་འདུ་ཁང་བཅས་གཙོ་བོ་བདུན་ཙམ་ཡོད། བཀའ་གདམས་མཆོད་རྟེན་གཉིས་དང་། གྲྭ་ཤག་ལྔ་བཅུ་ལྷག་ཡོད། དེ་ཡང་རྟེན་བཞེངས་འཛུགས་སྐྲུན་གྱི་གཙོ་བོར་ཚོགས་ཆེན་འདུ་ཁང་ཆེན་མོ་འཇམ་དབྱངས་ལྷ་ཁང་དང་། དེའི་གཡས་སུ་རྗེ་ལྷ་ཁང་དང་གཡོན་དུ་རྣམ་སྲས་ཕོ་བྲང་དང་རུང་ཁང་གཞི་གཅིག་ཏུ་བྱས་པ། གཡས་ཀྱི་གཉིས་པར་གསང་འདུས་ལྷ་ཁང་། གཡོན་གྱི་གཉིས་པར་བདེ་མཆོག་ལྷ་ཁང་། གཡས་ཀྱི་གསུམ་པར་དགེ་བཤེས་རྣམས་ཀྱི་གཟིམ་ཤག་ཕོ་བྲང་། གཡོན་གྱི་གསུམ་པར་དཔེ་མཛོད་ཁང་ཆེན་མོ་དང་སློབ་ཁྲིད་ཁང་གཞི་གཅིག་ཏུ་བྱས་པ་བཅས་ངོ་མཚར་ལྷ་ཁང་ཆེན་མོ་བདུན་ཡོད། དཀྱིལ་གྱི་ལྷ་ཁང་ལྔ་ལ་ཚ་གསེར་གྱི་རྒྱ་ཕིབས་འོད་སྟོང་དང་ལྡན་པར་སྤྲས་ཏེ་གསེར་འོད་ལམ་ལམ་དུ་འབར་བཞིན་ཡོད། བཀའ་གདམས་མཆོད་རྟེན་ཆེན་མོ་གཉིས་ནི་རྒྱུ་ཆ་ལི་གསེར་འབོར་ཆེན་ལས་གྲུབ་ཅིང་མཐོ་ཚད་ཁྲུ་སུམ་ཅུ་རྩ་ཙམ་གཉིས་ཡོད། གཞན་ཡང་གོས་སྐུ་ཆེན་མོ་བཤམ་སྟེགས་དང་དེའི་མདུན་དུ་བཟོ་བཀོད་ཕུན་སུམ་ཚོགས་པའི་ཆོས་གྲྭ་བཅས་དང་། རྗེ་བཙུན་བཞག་པ་རིན་པོ་ཆེའི་བླ་བྲང་ཆེན་མོ་བདེ་ཆེན་དགའ་ཚལ་དང་བགྲོ་གླེང་སྐུ་མགྲོན་ཁང་ཆེན་མོ་སོགས་བཟོ་སྐྲུན་གྱི་རིགས་མང་དུ་ཡོད།
དགོན་པའི་ཆོས་འཚོགས་དང་དུས་ཆེན་གཙོ་བོ་ནི། ལོ་ལྟར་བོད་ཟླ་དང་པོའི་ཚེས་བཞི་ནས་དྲུག་བར་དུ་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན། ཚེས་བཅུ་གསུམ་ཉིན་དགོན་པའི་སློབ་དཔོན་དང་དགེ་སྐོས། དབུ་མཛད་གསུམ་གྱི་ཁྲི་འགན་བརྗེ་ལན་བྱེད་པའི་དུས་སྟོན་ཡིན། ཚེས་བཅོ་ལྔར་གསོ་སྦྱོང་དང་ཉིན་དེར་མཁན་པོས་སོར་མདོ་རྒྱས་པའམ་མདོ་རིང་གསུངས་པའི་ཕྱག་སྲོལ་ཡོད། ཚེས་བཅུ་དྲུག་ཉིན་གཏོར་མ་བཅོས་ཏེ་བཅུ་བདུན་བཅོ་བརྒྱད་བཅུ་དགུ་བཅས་ཉིན་གསུམ་ལ་གདུགས་དཀར་གཏོར་ཆེན་འཚོགས། ཚེས་ཉེར་དྲུག་ཉིན་གཏོར་མ་བཅོས་ཏེ་ཉེར་བདུན་ཉེར་བརྒྱད་ཉེར་དགུ་གསུམ་ལ་མགོན་པོའི་གཏོར་ཆེན་འཚོགས། ཟླ་བ་གཉིས་པའི་ཚེས་གཅིག་ནས་སློབ་གྲྭའི་སྒྲིག་རིམ་ལྟར་སློབ་གཉེར་གྱི་མགོ་ཚུགས། ཟླ་བ་གསུམ་པའི་ཚེས་གསུམ་ནས་བཟུང་སྟེ༼ ཝ་ཡོས་ཆར་གཏོར༽ ཞེས་པ་ས་སྐྱ་དགོན་པ་དང་བཞག་མ་ཐང་དགོན་པ་གཉིས་ཀྱིས་ཐུགས་རྗེ་ཆེན་མོའི་བདག་འཇུག་ལེན་རྒྱུ་དང་མི་དམངས་རྣམས་ཀྱིས་སྨྱུང་གནས་ཉིན་བདུན་ཙམ་ལ་འཚོགས། ཟླ་བ་བཞི་པ་སྟེ་ས་ག་ཟླ་བར་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་འཁྲུངས་པ་དང་། ཆོས་འཁོར་བསྐོར་པ། མྱ་ངན་ལས་འདའ་བ་སོགས་དུས་ཆེན་སུམ་འཛོམ་དུ་བསམས་ནས་ཡུལ་དགོན་གཉིས་ཀས་དགེ་སྦྱོར་སྣ་ཚོགས་ལ་འབད། ཟླ་བ་དྲུག་པའི་ཚེས་གསུམ་ལ་དྲུག་པའི་རི་སྐྱོད་ལ་ཕེབས། དུས་སྐབས་ཡོད་ན་རིན་པོ་ཆེ་ཡང་ཕེབས་སྲོལ་ཡོད། དགོན་ཡུལ་གཉིས་ཀས་གཞི་བདག་བྲག་དཔོན་རྩེ་བརྒྱད་མགོ་རུ་བསང་མཆོད་རྒྱས་པར་འབུལ། ཉིན་གང་བོར་ཡན་ཡན་ཐང་དུ་དགེ་འདུན་པ་རྣམས་ཀྱིས་བླ་མ་མཆོད་པའི་ཚོགས་མཆོད་རྒྱ་ཆེར་འབུལ། མི་སེར་རྣམས་ཀྱིས་རྟ་རྒྱུག་གླུ་གར་སོགས་རྩེད་མོ་སྣ་ཚོགས་རྩེད་སྲོལ་ཡོད། མར་ཡོང་དུས་ལམ་ཁར་གཞི་བདག་ཨ་ཁུ་ལེགས་ཚོགས་ཞེས་པའི་རི་རྩེར་མཆོད་གཏོར་རྒྱས་པར་འབུལ། དྲུག་པའི་བཅོ་ལྔ་ནས་མགོ་བཙུགས་ཏེ་གསང་འདུས་བདེ་མཆོག་འཇིགས་བྱེད་བཅས་རྒྱུད་སྡེ་གསུམ་གྱི་བདག་འཇུག་བདུན་ཕྲག་གསུམ་ལ་འཚོགས། དབྱར་གནས་འཚོགས་པའི་མགོ་ཡང་བཙུགས། ཟླ་བ་དགུ་བའི་ནང་དུ་ཚེས་ཉེར་གཉིས་ཉེར་གསུམ་ལ་ལྷ་བབས་དུས་ཆེན་ཡིན་པས་དགོན་པའི་ཕྱི་ནང་ཀུན་ལ་གཙང་སྦྲ་ལེགས་པར་བྱས་ཏེ་མཆོད་པ་རྒྱ་ཆེར་གཤམས། དགེ་འདུན་པ་རྣམས་ཀྱིས་གསང་འདུས་བདེ་མཆོག་གཉིས་ཀྱི་ཆོ་ག་གཏོང་། ཚེས་ཉི་ཤུར་དགོན་པའི་ལོ་འཁོར་རྒྱུགས་སྤྲོད་ཀྱི་རྗེས་ནས་དགུན་གནང་ངམ་དགོངས་ཚོགས་གཏོང་། ཚེས་ཉེར་བཞི་ནས་བཟུང་ཉིན་ལྔའི་རིང་ལ་རྒྱུད་གཞུང་ཆོས་ཐོགས་དང་སྦྲགས་ནས་དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཁམས་གསུམ་ཆོས་ཀྱི་རྒྱལ་བོ། ཤར་ཙོང་ཁ་པ་ཆེན་མོ་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་སྐུ་གཤེགས་པའི་ཉིན་མོར་རྗེས་དྲན་ཞུ་བ། དགོན་ཡུལ་སེར་སྐྱ་ཡོངས་ཀྱིས་རྗེ་བླ་མའི་མཚན་སྔགས་དང་། དམིགས་བརྩེ་མ་སོགས་གྲངས་མེད་བཟློས་ཏེ། བླ་མ་མཆོད་པའི་ཚོགས་མཆོད་རྒྱ་ཆེན་པོ་འབུལ། མཚན་མོར་མར་མེའི་མཆོད་སྤྲིན་རྒྱ་མཚོ་ལྟ་བུ་འབུལ་པ་སོགས་ཆོས་ལྡན་གྱི་ཕྱག་སྲོལ་བཟང་པོ་ཡོད། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ནས་བཟུང་དགོན་ཡུལ་གཉིས་ཀས་ལས་བཞིའི་སྦྱིན་སྲེག་བླུགས། ཚེས་ལྔ་དང་དྲུག་ནས་མགོ་བཙུགས་ཏེ་བདུན་ཕྲག་གཅིག་ཙམ་ལ། རྗེ་བཙུན༧བཞག་པ་རིན་པོ་ཆེས་དགོན་ཡུལ་གཉིས་ལ་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་གང་འཚམས་ཀྱི་བཀའ་ཆོས་གནང་བའི་ཕྱག་སྲོལ་ཡོད། ཚེས་དགུ་ཉིན་འཆམ་པ་བ་ཚང་གིས་འཆམ་རྒྱུག་སྤྲོད། ཚེས་ཉེར་བཞི་ནས་མགོ་བཙུགས་ཏེ་སྤྱི་གཏོར་ཆེན་མོའི་དུས་ཆེན་ཉིན་གསུམ་གྱི་རིང་ལ་བསྐང་གསོ་སངས་རྒྱས་དབྱངས་དང་བཅས་པ་གཏོང་། ཉེར་བརྒྱད་དང་ཉེར་དགུར་འཆམ་རྒྱག་པ་དང་དགུ་ཟློག་གཏོར་མ་འཕེན། གནམ་གང་ལ་བདག་འཇུག་ལེན་རྒྱུ་དང་། གནམ་ལོ་གསར་ཚེས་ལ་ཡུལ་དགོན་གཉིས་ཀས་ཡུལ་སྲོལ་དང་མཐུན་པའི་ལོ་སར་གྱི་དགའ་སྟོན་མཉམ་རོལ་བྱེད་ཅིང་དགའ་སྤྲོའི་ཡོ་ལང་གི་དཔལ་ཕུན་སུམ་ཚོགས་ལ་རོལ། རྒྱུན་ལྡན་གྱི་དུས་སྟོན་ཆེན་མོ་རྣམས་རེ་ཞིག་འདི་ཙམ་གྱིས་མཇུག་རྫོགས་པར་བྱས་སོ། །
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10