དགེ་འདུན་བསྟན་འཛིན། 2019-07-09
གཅིག ཕྱག་བཏབ་པའི་སྐོར།
དེ་ཡང་ལི་ཐང་དགོན་ཆེན་ནམ་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་གྲགས་པ་འདི་ནི། བོད་རབ་བྱུང་བཅུ་པའི་རྣམ་གནོན་ཏེ་ལྕགས་ཕོ་འབྲུག་གི་ལོར(སྤྱི་ལོ༡༥༨༠)རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ(༡༥༤༣——༡༥༨༨)དགུང་ལོ་སོ་བརྒྱད་ལ་ཕེབས་པའི་སྐབས་ཀྱི་བོད་ཟླ་ལྔ་པའི་ཚེས་བཅུ་གཉིས་ཉིན་ལ་འགོ་བརྩམས་ཏེ་གསར་དུ་བཞེངས་བ་ཡིན་ཞིང་། 《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་གྱི་རྒྱལ་དབང་བསོད་ནམས་རྒྱ་མཚོའི་རྣམ་ཐར》 ལས། བོད་རབ་བྱུང་བཅུ་པའི་ལྕགས་ལུག་གི་ལོ་(སྤྱི་ལོ༡༥༧༡)སོག་པོའི་ཨལ་ཐན་རྒྱལ་པོས་རྗེ་འདིའི་སྙན་པ་གསན་པས་དད་པ་ཐོབ་སྟེ། ཤར་ཕྱོགས་སོག་ཡུལ་དུ་འབྱོན་དགོས་པར་གསོལ་བ་བཏབ། རྗེ་འདིས་ཀྱང་རང་གི་གདུལ་སྐལ་དུ་གཟིགས་ནས་འབྱོན་པར་ཞལ་གྱིས་བཞེས། དེ་ནས་ས་སྟག་ལོ(སྤྱི་ལོ༡༥༧༨)དེ་སྔར་ཨལ་ཐན་ཏ་རྒྱལ་པོའི་བླ་མཆོད་དུ་མངགས་པའི་ཆོས་རྗེ་བརྩོན་འགྲུས་བཟང་པོ་དང་། ལོ་ཙཱ་བ་གཽ་ཤྲཱི་གཉིས་ཀྱིས་གཙོས་པའི་རྟ་པ་ལྔ་བརྒྱ་སྐོར་རྒྱལ་པོའི་གམ་ནས་བསུ་བ་ལ་འབྱོར། རིམ་གྱིས་ཕེབས་ཏེ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ཉིན་ལ་ཨན་ཐན་རྒྱལ་པོ་ཉིད་ཀྱི་བསུ་མ་རྒྱ་ཆེན་འོག་སོག་ཡུལ་དུ་དངོས་སུ་འབྱོར།”ཞེས་དང“ཤ་ཁྲག་ཁོ་ན་ལ་ལོངས་སྤྱོད་པའི་མུན་ནག་ཁྲག་མཚོའི་གླིང་ལྟ་བུ་འདི་ལ། མཆོད་ཡོན་ཉི་ཟླ་ཟུང་གཅིག་གི་བཀའ་དྲིན་ལས་དམ་པ་ཆོས་ཀྱི་ལམ་བཏོད། ཁྲག་མཚོ་འོ་མར་བསྒྱུར་བ་འདི་བཀའ་དྲིན་ཆེ་བ།”མི་དགེ་བཅུ་སྤངས་ཀྱི་བཀའ་ཁྲིམས་ལེགས་པར་གཏན་ལ་འབེབས། དམ་ཆོས་ཀྱི་བདུད་རྩི་མང་པོ་བསྩལ། ཁྱད་པར་དུ“འཇམ་མགོན་བླ་མའི་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་ལི་ཐང་ཐུབ་ཆེན་བྱམས་པ་གླིང་དང་།འཇམ་མགོན་བླ་མ་གང་དུ་འཁྲུངས་པའི་སྐུ་འབུམ་སོགས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས།”ཞེས་འཁོད་པ་ལྟར་རབ་བྱུང་བཅུ་པའི་ལྕགས་འབྲུག (སྤྱི་ལོ༡༥༨༠)ལོར་ཁམས་ལི་ཐང་གི་ས་ཆ་འདིར་ཐུབ་ཆེན་ལྷ་ཁང་ཀ་བ་བཅོ་བརྒྱད་ཅན་དང་། འདུ་ཁང་ཀ་བ་བརྒྱད་ཅུ་གྱ་གཉིས། མགོན་ཁང་ཀ་བ་བཞི། གཟིམ་ཁང་ཀ་བ་བརྒྱད། གཟིམ་ཆུང་ཡང་དབེན་ཀ་བ་དྲུག་ཅན་སོགས་གྲུབ་པ་དང་། མ་འགྲུབ་པ་རྣམས་ས་བཀྲ་དང་ཐིག་བཏབ་ནས་རེ་ཞིག་བཞག དེ་དང་ལྷན་ཅིག་གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་ཆེན་མོ་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་རྒྱབ་མཐོ་རེ་བཞི་བ་གྲགས་པ་ཞིག་བཞེངས་ཏེ། མགོན་ཁང་སོགས་གྲུབ་ཟིན་པ་རྣམས་ལ་རབ་གནས་རྒྱས་པར་མཛད་དེ། གཙུག་ལག་ཁང་འདི་ཉིད་ཀྱི་མཚན་ལ་དགའ་ལྡན་ཐུབ་བསྟན་བྱམས་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་གླིང་ཞེས་སུ་གསོལ། རྒྱལ་མཆོག་ཉིད་ཀྱང་ཟླ་བ་དྲུག་ལྷག་གི་རིང་ལ་ལི་ཐང་དུ་བཞུགས་ཏེ། རབ་བྱུང་དང་བསྙེན་རྫོགས་བརྒྱ་ཕྲག་བརྒལ་བ་བསྒྲུབས་ཤིང་། གདུལ་བྱ་རྣམས་ལ་ཆོས་ཀྱིས་ཚིམས་པར་མཛད་རྗེས། སོག་པོ་ཨ་ཐལ་རྒྱལ་པོས་གདན་ཞུས་ལྟར་ཉིད་ཀྱི་རྒྱལ་ཚབ་ཏུ་སྐུ་སྐྱེས་རིན་པོ་ཆེ་བསོད་ནམས་ཡེ་ཤེས་དབང་པོ (རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོའི་སྐུ་མཆེད་ཡིན) བཞག་ནས་ཐུགས་སྨོན་དང་བཅས་ཧོར་ཟླ་བཅུ་གཅིག་པའི་ནང་དུ་ཆིབས་བསྒྱུར་གནང་སྟེ་སྨར་ཁམས་དང་ཆབ་མདོར་བརྒྱུད་དེ་ཕྱིར་སོག་པོ་ལ་ཕེབས།
སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་པའི་དགའ་ལྡན་ཆོས་འབྱུང་བཻཌཱུརྱ་སེར་པོ་ལས།“སྤོ་འབོར་གྱི་སའི་ཆ་ལི་ཐང་ཆོས་སྡེ་དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ནི། སྲིད་གསུམ་འགྲོ་བའི་མགོན་པོ་ཕྱག་ན་པདྨོ་བསོད་ནམས་རྒྱ་མཚོའི་སྡེའམ་རྡོ་རྗེ་འཆང་ཏཱ་ལའི་བླ་མ་ཉིད་ཆེན་པོ་ཧོར་གྱི་ཡུལ་གྲུར་གསེར་གྱི་རྒྱལ་པོའི་ལེགས་བྱས་ཀྱི་མགྲོན་དུ་གདན་དྲངས་པའི་ཚེ། ཕྱོགས་དེའི་བསྟན་པའི་བྱ་བ་རྣམས་ཕལ་ཆེར་མཛད་ཟིན་ཏེ་སྒར་ཆེན་མདོ་ཁམས་བརྒྱུད་དེ་བོད་ཡུལ་གྱི་རྡོ་རྗེ་གདན་དུ་རིམ་པས་འབྱོན་པར་བཞེད་ནས་ཡུལ་འདིར་ཕེབས། རྒྱལ་བ་གཉིས་པ་འཇམ་མགོན་ཙོང་ཁ་པ་ཆེན་པོའི་བསྟན་པ་བླ་ནས་བླར་འགྱུར་བའི་ཆེད། ལྕགས་ཕོ་འབྲུག་གི་ལོ་ལ་གཙུག་ལག་ཀུན་དགའ་ར་བ་དང་བཅས་རྨང་བཏིང་། སའི་ཆོག་ཡང་དག་པར་མཛད། ཐུབ་ཆེན་འགྲན་ཟླ་དང་བྲལ་བ་སོགས་རྟེན་དང་བརྟེན་པ་བཞེངས། མཚན་དགའ་ལྡན་ཐུབ་ཆེན་ཆོས་འཁོར་གླིང་ཞེས་བསྩལ།”ཞེས་འཁོད་འདུག
དེ་ཡང་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་ལི་ཐང་དུ་ཕེབས་ནས་གཙུག་ལག་ཁང་གི་ས་གཟིགས་པར་ཨ་མཆོད་ཞིག་གི་གཟུགས་སུ་ཕེབས་སྐབས། སྐྲ་དང་སྨྲ་ར་དུང་ལྟར་དཀར་ཞིང་། ཁ་ལ་སོ་ཏིལ་འབྲུ་ཙམ་ཡང་མེད་པའི་མི་རྒན་པོ་ཞིག་དང་འཕྲད་པ་དེ་ལ། ས་འདིའི་ས་མིང་ཅི་འདྲ་ཡོད།། རི་འདི་ལ་རི་མིང་གང་ཞིག་ཟེར།། ཐང་འདི་ལ་ཐང་མིང་ཇི་ལྟར་ཡོད།། མི་ཁྱོད་ཀྱི་རིགས་རྒྱུད་ཅི་འདྲ་ཡིན།། ཁྱོད་རང་གི་མིང་ལ་ཅི་ཞིག་འདོགས།། གཏམ་མ་གསང་ང་ལ་དྲང་མོ་ཤོད།། ཞེས་གསུངས་པར། རྒན་པོ་དེས་ཁོང་ལ་བལྟས་ཚེ། དབུ་གདུགས་ལྟར་རྒྱས་པ། དཔྲལ་པའི་དབྱེས་ཆེ་པ། སྤྱན་དཀྱུས་རིང་ཞིང་ཤངས་ཀྱི་གཟེངས་མཐོ་ལ་སྐུ་གཟི་བརྗིད་ལྡན་ཞིང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་ཞིག་འདུག་པས་སོ་སྐྱེས་ཕལ་པ་ཞིག་མིན་པ་ཤེས་ནས། གུས་བཀུར་དང་བཅས་པའི་སྒོ་ནས་འདི་སྐད་ཅེས་གསོལ། རྒྱང་ནས་ཕེབས་པའི་དམ་པ་ལགས།། གནས་འདིར་ཕེབས་པར་ངོ་མཚར་ཆེ།། ས་འདིའི་ས་ངོ་ང་ཡིས་ཤེས།། ཐང་ཆེན་མུ་མེད་མཛེས་སྡུག་ཅན།། ཁམས་ཀྱི་ལི་ཐང་ནོར་བུ་གླིང་།། སྤངས་རི་མཎྜལ་འབུལ་འདྲ་འདི།། ཨ་བོ་ལི་ཆེན་བོན་རི་ཟེར།། ཤར་གྱི་གླང་ཆེན་ཉལ་རི་འདི།། སྣ་ཞགས་རིང་པོ་ཐང་ལ་བསྲིངས།། སྣ་རྩེ་གནམ་ལ་བཀྱགས་པ་འདི།། བྲག་ལེབ་རྡོ་རྗེ་རྒྱལ་མཚན་ཟེར།། ལྷོ་ཡི་རྫ་རི་སྨུག་པོ་དེ།། སོག་རི་གནམ་ལྕགས་ཁྲ་མོ་ཟེར།། གཡས་སུ་མཚོ་མོ་འཁྱིལ་བ་དེ།། མཚོ་ཉལ་གཡུ་ཡི་སྒྲོལ་མ་འདོགས།། མདུན་རི་བུམ་ཆུང་འདྲ་ལེ་འདི།། བུམ་རི་དགེ་འདུན་ཡར་འཕེལ་ཟེར།། ང་ཡི་རུས་རྒྱུད་གྲྭ་འབུམ་ཟེར།། མི་རྒན་ང་ལ་དར་རྒྱས་བཏགས།། ཞེས་ཞུས་པས་ཨ་མཆོད་ཐུགས་རབ་ཏུ་དགྱེས་ནས།
ཨེ་མ་ཧོ། སྐྱིད་པའི་གནས་མཆོག་ལི་ཐང་ལ།། དེ་རིང་རྟགས་དང་རྟེན་འབྲེལ་འགྲིག། གླང་ཆེན་ཉལ་འདྲའི་སྣ་ཞགས་སྟེང་།། དགོན་པ་ཁྲ་མོའི་གདན་ས་ཆགས།། དགེ་འདུན་ཡར་ལ་འཕེལ་བར་ཤོག། གྲྭ་པ་འབུམ་ཕྲག་རྒྱས་པར་ཤོག། དབང་ཐང་ཆེ་བའི་བསོད་ནམས་ཞིང་།། བདེ་སྐྱིད་ཕུན་སུམ་ཚོགས་གྱུར་ཅིག།ཅེས་བཀྲ་ཤིས་པའི་ཐུགས་སྨོན་ཡང་ཡང་མཛད་དེ། གཙུག་ལག་ཁང་གནས་འདི་རུ་ཕྱག་འདེབས་པ་གཏན་འཁེལ་མཛད་པས། སོག་སྡེབ་ཀོ་ཤྲི་རྒྱལ་པོའི་ཕྱག་མཛོད་དཔོན་གཡོག་གིས་ཐུབ་ཆེན་བཞེངས་པས་སྐུ་རྒྱུ་གསེར་ཟངས་དངུལ་སོགས་བསྣམས་ཏེ་ཕེབས། གཙུག་ལག་ཁང་འདི་ཉིད་བཞེངས་པ་ལ་འཇང་ས་དམ་རྒྱལ་པོས་ཀྱང་འུ་ལག་དང་བཟོ་པ་བཅས་ནས་རོགས་སྐྱོར་མཛད།
དེ་ནས་བསོད་ནམས་ཡེ་ཤེས་དབང་པོས་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གི་ཞལ་བཀོད་ལྟར་གཙུག་ལག་ཁང་སོ་སོ་བཞེངས་པའི་ལྡེབས་རིས་དང་ཚོན་རྩི་སོགས་ལེགས་པར་བཞེངས་གྲུབ་མཛད། སླར་ཡང་དུས་འཁྲུགས་མི་ཡོང་བའི་ཆེད་དུ་ཐུབ་ཆེན་གྱི་གཡས་སུ་གསེར་ཟངས་ལས་གྲུབ་པའི་མི་འཁྲུགས་པའི་སྐུ་ཞིག་ཀྱང་བཞེངས་པར་མ་ཟད། གདུལ་བྱ་མཐའ་ཡས་པར་ཆོས་ལུང་མང་པོ་བསྩལ་ཅིང་། སློབ་མ་མང་པོར་དགེ་ཚུལ་སློང་གི་སྡོམ་པ་དང་བསྙེན་རྫོགས་སོགས་དུ་མ་གནང་ནས་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བ་མཛད་དོ།།
གཉིས། དམ་པ་གོང་མ་རྣམས་ཀྱིས་རྒྱ་བསྐྱེད་མཛད་པའི་སྐོར།
ད་ནི་དམ་པ་གོང་མ་རྣམ་པས་གཙུག་ལག་ཁང་རྒྱ་བསྐྱེད་བཏང་བའི་སྐོར་ཅུང་ཙམ་བརྗོད་པར་བྱ་སྟེ། དེ་ནས་དབུས་ལྷ་ས་ནས་ཁྲི་པ་ཚ་བ་རིན་ཆེན་སེང་གེ་དང་། ནམ་ལངས་བློ་བཟང་བསྟན་འཛིན། སྦ་ཡན་རིན་ཆེན་དོན་འགྲུབ་བཅས་རིམ་གྱིས་མཁན་པོར་མངགས་མཛད་བྱས་ཏེ་མངོན་པ་རིན་ཆེན་འདྲེན་པའི་ཤིང་རྟ་དང་། ཕར་ཕྱིན་བློ་བཟང་དགོངས་རྒྱན། དབུ་མ་ཐེག་ཆེན་རྒྱ་མཚོ་སོགས་མདོ་སྔགས་ཀྱི་འཆད་ཉན་རྒྱས་པར་མཛད་དེ་རྒྱལ་བའི་བསྟན་པ་སྔར་ལས་དར་འཕེལ་མཛད་པར་མ་ཟད། ཁྱད་པར་དུ་རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་སྐུ་དུས་སུ། (༡༧༠༨ནས༡༧༥༦)སྒོ་མང་དགེ་བཤེས་དོན་གྲུབ་རྒྱ་མཚོ་མཆོག་དགོན་པའི་མཁན་ཁྲི་བཅོ་ལྔ་པ་ལ་ཕེབས་ཏེ། མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་ཆེས་ཆེར་དར་བ་མཛད་པར་མ་ཟད། གཙུག་ལག་ཁང་རྟེན་བཞེངས་ཐོག་ཚོགས་ཆེན་འདུ་ཁང་ཆེན་མོ་ཀ་བ་བརྒྱད་ཅུ་ཅན་དང་། འདུ་ཁང་ཕོ་བྲང་དམར་པོ་ཐོག་བརྩེགས་གསུམ་ཡོད་པ་ཞིག ཕོ་བྲང་དཀར་པོ་ཐོག་བརྩེགས་གཉིས་ཅན། སྤེན་པར་ལྡེབས་བྲིས་ཚོན་རྩི་དང་གསེར་ཟངས་ཀྱི་རྒྱ་ཕིབས། རྒྱལ་མཚན། རི་དྭགས་ཆོས་འཁོར་སོགས་ཀྱང་ལེགས་པར་བཞེངས། ཟངས་གསེར་གྱི་རྗེ་བཙུན་བྱམས་མགོན་གྱི་སྐུ་ཐོག་ཚད་གཅིག་ཡོད་པ་ཞིག་དང་། སྔར་རྒྱལ་དབང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གི་སྐུ་དུས་སུ་བཞེངས་པའི་ཐུབ་ཆེན་གྱི་སྐུ་ལ་དབུ་རྒྱན་དང་ལོངས་སྐུའི་ཆ་བྱད་མ་ལུས་པར་གསོལ་ཏེ། ཇོ་བོ་ཁམས་གསུམ་ཟིལ་གནོན་ཞེས་མཚན་སྙན་ཤིན་ཏུ་ཆེ་བ་ཞིག་ཀྱང་བཞེངས།
རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི་ལི་ཐང་དགོན་པའི་ཉེ་འདབས་ཀྱི་མཚེ་མ་གྲོང་གཟིམ་ཁང་ཚང་དུ། བོད་རབ་བྱུང་བཅུ་གཉིས་པའི་ས་བྱི་ལོ་སྟེ་སྤྱི་ལོ༡༧༠༨ལོའི་ཟླ་བ༧པའི་ཚེས༡༩ཉིན་དུ། ཡབ་བསོད་ནམས་དར་རྒྱས་དང་ཡུམ་བསོད་ནམས་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྐབས་དེར་ཁོང་ཉིད་སྐུ་འཁྲུངས་སའི་མཚེ་མ་གྲོང་གིས་གཙོས་སྤང་ལྗོངས་སྔོན་མོའི་སྟེང་དུ། ཁ་མདོག་སེར་པོ་ཡིན་པའི་མེ་ཏོག་ཆུང་ངུ་འདབ་མ་ལྔ་ཅན། ཤིན་ཏུ་ཉམས་དགའ་ལ་དྲི་བསུང་འཐུལ་བ་ཅན་མང་པོ་སྐྱེས་འདུག་པ་ལ། ཚང་མས་སྐལ་བཟང་མེ་ཏོག་ཅེས་འབོད། ལྕགས་ཕོ་བྱི་བ་ལོའི་སྤྱི་ལོ་༡༧༢༠ལོའི་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔ་ལ་རྒྱལ་བསྟན་སྐྱོང་བར་སྐྱབས་མགོན་རྒྱལ་བའི་མཚན་སྙན་བཞེས་ཏེ། གདན་ས་ཕོ་བྲང་པོ་ཏཱ་ལའི་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲི་ལ་མངའ་གསོལ་མཛད། ཁོང་ལྷ་སར་ཕེབས་རྗེས་ཀྱང་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་གི་ཆོས་ཕྱོགས་དང་འཛུགས་བསྐྲུན་སྐོར་ལ་ནམ་ཡང་ཐུགས་སེམས་འདོར་བ་མེད་དེ། ལྷ་ས་ནས་ཕྱག་མཛོད་ཞིག་མངགས་ཏེ་གཙུག་ལག་ཁང་དུ་སྙན་ཤལ་དང་། མཆོད་འབུལ། མང་འགྱེད་སོགས་རྒྱ་ཆེར་མཛད་ཅིང་། ཀ་བ་བཅུ་དྲུག་ཅན་གྱི་ལྷ་ཁང་གསར་དུ་བཙུགས་པར་ལྡེབས་བྲིས་ཚོན་རྩི་ལེགས་གྲུབ་ཐོག གནས་བརྟན་བཅུ་དྲུག་གི་ཞིང་བཀོད་རྣམ་པར་བཀྲ་བ་ཞིག་ཀྱང་བཞེངས། དེ་དང་ཆབས་གཅིག་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་གསེར་སྦྱངས་ལས་གྲུབ་པའི་པོ་ཏི་རེའི་དབུ་ཤོག་ལ་གནས་བཅུའི་སྐུ་ཚང་བ་བཅས་བཞེངས་ཤིང་རབ་གནས་བརྟན་བཞུགས་ལེགས་པར་མཛད།
དེ་རྗེས་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་སྟེ་སྤྱི་ལོ༡༧༢༩ལོའི་ཟླ་བ༢པའི་ཚེས༨ཉིན། དགུང་ལོ་ཉེར་གཉིས་ལ་སོན་པའི་རྒྱལ་དབང་སྐལ་བཟང་རྒྱ་མཚོ་མཆོག་ལི་ཐང་དང་མགར་ཐར་ཕྱོགས་སུ་བསྟན་པ་སྤེལ་བར་ཞལ་བཞེས་གནང་བ་ལྟར། ཆབ་མདོ་ནས་ཆིབས་བསྒྱུར་གནང་སྟེ་ལི་ཐང་ཐུབ་ཆེན་ཆོས་འཁོར་གླིང་དུ་ཕེབས་ནས། རྗེ་གོང་མ་རྒྱལ་དབང་བསོད་ནམས་རྒྱ་མཚོའི་གསེར་ཁྲི་ལ་ཞབས་སེན་འཁོད་དེ། གདུལ་བྱ་རྣམས་ལ་དཔལ་ལྡན་ས་གསུམ་མའི་ལྗགས་ལུང་དང་། ལམ་རིམ་བསྡུས་དོན་གྱི་ཁྲི་ལུང་བཅས་བསྩལ། མང་འགྱེད་ཀྱི་བསྙེན་བཀུར་ཕུན་སུམ་ཚོགས་པ་དང་། འདུ་ཁང་གི་མཐོངས་ཡོངས་རྫོགས་ཁེབས་པའི་གོས་བཟང་མ་ཎི་གསེར་མའི་དྲ་བ་དྲ་ཕྱེ་བཅས་སྙན་དར་སྣ་ཚོགས་དང་། གོས་བཟང་བཅས་སྦྱོར་འཇོག་གནང་བར་མ་ཟད། ཚེས་བཅོ་ལྔའི་ཉིན་མོར་ཚོགས་ཆེན་དུ་ཕེབས་ཏེ། གསོ་སྦྱོང་གི་མདོ་གསུངས་བ་སོགས་བསྟན་པའི་འཕྲིན་ལས་རྒྱ་ཆེན་སྤེལ་བར་མཛད་ཅིང་། ཟླ་གཅིག་ཙམ་གྱི་རིང་ལ་འཇིགས་མཛད་རྡོ་རྗེ་ལྗགས་བསྙེན་ཐུན་བཞིའི་རྣལ་འབྱོར་ལ་བརྩོན་པར་མཛད། ཐུབ་ཆེན་འདུ་ཁང་དུ་ཕེབས་ཏེ། རྒྱལ་བ་བྱམས་པའི་སྐུ་བརྙན་ནང་རྟེན་རྩ་ཆེན་དང་། མཆོད་རྫས། གསེར་ཆབ་སྙན་ཤལ་སོགས་ཕུལ་ཏེ་ཐུགས་སྨོན་གྱིས་མཚམས་སྦྱོར་ཡང་དག་གནང་། ཟླ་བ་གཉིས་དང་ཞག་ཉི་ཤུའི་རིང་དུ་སྐུ་མཚམས་སྔ་མ་ལས་ཤིན་ཏུ་དམ་པའི་ངག་མཚམས་བཅད་དེ་གནད་དུ་སྨིན་པར་མཛད། སྐུ་མཚམས་གྲོལ་རྗེས་གཙུག་ལག་ཁང་འདི་ཉིད་ཀྱི་ལོ་མཇུག་གི་སྐུ་རིམ་གཏོར་རྒྱག་དང་འཆམ་སོགས་ལ་གཟིགས་རྟོག་གནང་། ལྕགས་ཁྱི་ལོའི(སྤྱི་ལོ༡༧༣༠)གནམ་ལོ་གསར་ཚེས་ཀྱི་སྔ་ཆར།སྲིད་གསུམ་བདག་མོའི་གསོལ་མཆོད་སོགས་སྔར་རྒྱུན་ལྟར་ཚོགས་ཆེན་འདུ་ཁང་གི་ཡང་སྟེང་དུ། རྣམ་རྒྱལ་གྲྭ་ཚང་གི་ཚོགས་དབུས་སུ་དཔལ་ལྡན་འདོད་ཁམས་དབང་ཕྱུག་མའི་ཚེ་གཏོར་དང་མངའ་གསོལ་སོགས་རྒྱས་པར་མཛད། གདུལ་བྱ་རྣམས་ལ་གསུང་ཆོས་ཀྱི་ཚིམས་པར་མཛད་དེ། ལོ་དེའི་ཟླ་བ་དང་པོའི་ཚེས༢༡ཉིན་དུ་མགར་ཐར་ཕྱོགས་སུ་ཆིབས་བསྒྱུར་གནང་ཏེ། ཁམས་བྱང་བརྒྱུད་དུ་རིམ་བཞིན་མི་ཉག་ཀ་བཞི་དགོན་དང་། རྟའུ་ཉ་མཚོ་དགོན། དཀར་མཛེས་དགོན། བྲག་མགོ་དགོན་བཅས་སུ་བྱོན་ནས་སླར་མགར་ཐར་ནས་ཕྱིར་ལི་ཐང་དུ་ཕེབས། དད་ལྡན་མང་ཚོགས་ལ་བྱང་ཆུབ་ལམ་སྒྲོན་གྱི་ལུང་བསྩལ། ནང་རྟེན་དུ་གོང་ས་ལྔ་པ་ཆེན་པོའི་ཕྱག་སྦུབ་བྱིན་ཅན་ཏེ་འཛམ་གླིང་གཡས་བཞག་ཅེས་པ་གནང་། ཐུབ་ཆེན་ལྷ་ཁང་དུ་གསེར་ཆབ་དང་ཏིང་ཀོང་གོས་བཟང་གི་གནམ་རྒྱན། འཕན་དང་བླ་བྲེ། དར་ཚོན་སྣ་ལྔའི་སྙན་ཤལ། ལྷ་མོ་བསེ་ཁྲབ་ཀྱི་མགོན་ཁང་ལའང་སྙན་ཤལ་སྤྱན་གཟིགས་སོགས་མཆོད་སྤྲིན་རྒྱ་ཆེར་སྤྲོས་ཏེ་ཐུགས་སྨོན་མཛད། དེ་ནས་ཁམས་ལྷོ་རྒྱུད་ཀྱི་ཕྱག་ཕྲེང་བསམ་འཕེལ་གླིང་དང་། འདབ་པ་ཉི་སྟེང་དགོན། འགི་ཏི་དགོན། འཇའ་ཞྭ་མོ་དགོན། གངས་དཀར་གླིང་། ཤོག་དྲུག་བཅས་དང་། གཡོན་རུ་དཔོན་དབལ་ཤུལ་བསོད་ནམས་ནོར་བུ་སོགས་དཔོན་རིགས་སྡེ་ཁག་བཅས་སུ་བྱོན་ཏེ། ཆོས་ཀྱི་བདུད་རྩི་ཕངས་མེད་བསྩལ་མཐར། སླར་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ནས་འབའ་ཐང་དང་ཆབ་མདོར་བརྒྱུད་དེ་དབུས་སུ་ཆིབས་བསྒྱུར་གནང་ངོ་།། ལྷ་ས་ལ་ཕེབས་རྗེས་སླར་བལ་གྱིས་ཐགས་པའི་ཚོགས་གདན་བྲམ་ཟེ་ཀ་སུག་བུབས་ལྔ་བཅུ་ཐམ་པ་ལྷ་ས་ནས་རྔ་མོང་ལ་བཀལ་ཏེ་ལི་ཐང་དུ་འབྱོར་བ་དང་། རྒྱ་ནག་ནས་གོས་ཆེན་གསེར་མས་བཙེམས་གྲུབ་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་ཐང་ཉི་ཤུ་སོགས་བསྐུར་གནང་མཛད་པ་སོགས་ཆོས་དངོས་གང་གི་ཆ་ནས་ཀྱང་སྐུ་དྲིན་ཤིན་ཏུ་ཆེའོ།།
དེ་ནས་བོད་རབ་བྱུང་བཅུ་གསུམ་པའི་ལྕགས་མོ་གླང་གི་ལོར(སྤྱི་ལོ༡༧༨༡)མཚེ་མ་གྲོང(རྒྱལ་དབང་བདུན་པ་བསྐལ་བཟང་རྒྱ་མཚོའི་འཁྲུངས་གནས།)དེར་རྡོ་རིང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་སྐུ་འཁྲུངས། ཁོང་དགུང་ལོ་དྲུག་གི་ཐོག་ནས་ཁྲི་པ་འབྲས་སྤུངས་དགེ་བཤེས་བློ་བཟང་ཕུན་ཚོགས་ཀྱི་དྲུང་དུ་རབ་ཏུ་བྱུང་སྟེ། དགུང་ལོ་དགུའི་སྟེང་དུ་སེ་ར་བྱེས་པ་གྲྭ་ཚང་དུ་དགེ་བའི་བཤེས་གཉེན་བློ་བཟང་མཁས་མཆོག་དགེ་རྒན་དུ་བསྟེན་ནས། གཞུང་ཆེན་རྣམས་ལ་སློབ་གཉེར་མཛད་པས་མཁས་པས་ཕུལ་ཏུ་ཕྱིན། རྒྱལ་བའི་དབང་པོ་སྐུ་ཕྲེང་བརྒྱད་པ་བློ་བཟང་འཇམ་དཔལ་རྒྱ་མཚོ(༡༧༥༨——༡༨༠༤)མཆོག་གི་དྲུང་དུ་བསྙེན་རྫོགས་ཞུས། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བདུན་པ་བསྟན་པའི་ཉི་མ(༡༧༨༢——༡༨༥༣)མཆོག་དང་། དགའ་ལྡན་ཁྲི་རིན་པོ་ཆེ་ངག་དབང་སྙན་གྲགས་སོགས་ཀྱི་མདུན་ནས་མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་གྱི་མན་ངག་མང་པོ་གསན་མཐར། བོད་རབ་བྱུང་བཅུ་གསུམ་པའི་ལྕགས་སྤྲེལ་ལོར(སྤྱི་ལོ༡༨༠༠) ཁྲི་རིན་པོ་ཆེའི་བཀའ་ལྟར། ལི་ཐང་དུ་ཕེབས་ཏེ་བྲག་དཀར་རི་ཁྲོད་དང་ཚྭ་ཁ་རི་ཁྲོད་སོགས་དབེན་པའི་གནས་སུ་བྱོན་ཏེ། ལོ་བཅོ་ལྔ་ཙམ་དུ་འཚོ་ཐབས་ངན་ངོན་ཙམ་ལ་བསྟེན་ནས་རི་དྭགས་རྨས་མ་ཇི་བཞིན་འདོད་ཡོན་ལྔ་པོ་དགྲ་རུ་འཛིན་ཏེ་ཐུན་མོང་དང་ཐུན་མིན་གྱི་ལམ་གྱི་རིམ་པ་རྣམས་ལ་ཉམས་བཞེས་གནད་དུ་སྨིན་པར་མཛད། སྐབས་དེར་ལི་ཐང་གི་ཆོས་སྡེ་སྤྱི་དང་ཁམས་ཚན་སྡེ་བ་དག་གིས་གཙུག་ལག་ཁང་དུ་ཕེབས་དགོས་པར་ནན་གྱིས་གསོལ་བ་བཏབ་པ་ལྟར། བོད་རབ་བྱུང་བཅུ་བཞི་པའི་མེ་གླང་ལོ་སྟེ ( སྤྱི་ལོ་༡༨༡༧ ) དགུང་ལོ་ཉེར་དྲུག་ཐོག་ལི་ཐང་དགོན་པའི་རྡོ་རྗེ་སློབ་དཔོན་གྱི་ཁྲི་ལ་ཕེབས།བོད་རབ་བྱུང་བཅུ་བཞི་པའི་ས་སྟག་སྟེ(སྤྱི་ལོ༡༨༡༨ལོར)ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་ཁྲི་ལ་མངའ་གསོལ། ལོ་ལྔའི་རིང་སྔགས་དང་མཚན་ཉིད་ཀྱི་རྩི་བཞག་དང་། སྒྲིག་ལམ་སོགས་མ་ཉམས་གོང་འཕེལ་ངོས་ལོ་གཉིས་ཀྱི་རིང་དུ་ལམ་རིམ་ཆེན་མོ་ཆ་ཚང་དང་། དེ་ནས་ལོ་གསུམ་ལ་རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ཡོངས་རྫོགས། རྭ་སྒྲེང་མཆོག་སྤྲུལ་རིན་པོ་ཆེའི་གསུང་འབུམ་ཆ་ཚང་། དེ་མིན་དགོན་སྡེ་རང་ཉིད་ཀྱི་འདོན་ཆོག་སྐོར་ཡོད་དོ་ཅོག་གི་ལྗགས་ལུང་དང་། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་གྱི་དབང་ཆེན། མི་འཁྲུགས་པའི་ལྷ་བཅུ་གསུམ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་དབང་ཆེན་བཅས་མ་ལུས་པ་བསྩལ།
བོད་རབ་བྱུང་བཅུ་བཞི་པའི་མེ་བྱི(སྤྱི་ལོ༡༨༡༦)ལོར་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་མཆོག་ལི་ཐང་ཤོག་དྲུག་གནས་སྟོད་ནོར་བུ་གྲོང་དུ་སྐུ་འཁྲུངས། རྡོ་རིང་མཆོག་སྤྲུལ་རིན་པོ་ཆེ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་རྒྱལ་མཆོག་ཉིད་བྱམས་ཆེན་ཆོས་འཁོར་གླིང་གི་གདན་སར་དྲངས་ནས། མཁན་རིན་པོ་ཆེས་མཎྜལ་ཕུལ། རྒྱལ་མཆོག་ཉིད་དགུང་ལོ་ཆུང་ཡང་གཙུག་ལག་ཁང་གི་དར་རྒྱས་དང་ཆོས་ཕྱོགས་སོགས་གང་ཅིའི་ཐད་ལ་ཐུགས་ཁུར་བླ་ན་མེད་པ་མཛད།
དེ་ཡང་གཙུག་ལག་ཁང་འདི་ཉིད་ལ་སྐུ་དྲིན་ཤིན་ཏུ་ཆེ་བ་ནི། ལི་ཐང་སྐྱབས་མགོན་སྐུ་ཕྲེང་གཉིས་པ་ངག་དབང་བློ་བཟང་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ཁོང་ནི་བོད་རབ་བྱུང་བཅོ་ལྔ་པའི་ས་སྦྲེལ་ལོར (སྤྱི་ལོ༡༩༠༨)ཤོག་དྲུག་སྒྲོ་མདངས་གནས་སྨད་ནོར་བུ་གྲོང་དུ། ཡབ་བློ་བཟང་ཕུན་ཚོགས་དང་ཡུམ་སྐལ་བཟང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། དགུང་གྲངས་བཅུ་བཞིའི་ཐོག་དབུས་གཙང་དུ་ཕེབས་ཏེ། འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་མཛད། དགུང་ལོ་ཉེར་དགུའི་སྟེང་ལི་ཐང་དུ་ཕྱིར་ཕེབས་ཏེ་མཁན་པོ་ལོ་གཉིས་ཙམ་བཞུགས། དེའི་རིང་དུ་འདུལ་བའི་བཅའ་ཁྲིམས་དང་འདུལ་ཁྲིམས་རྣམས་ཕྱག་ལེན་བསྟར་ཏེ་ལམ་བསླབ་པ་གསུམ་དང་། ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་ལེགས་པར་སྤེལ། བཀའ་དྲིན་གསུམ་ལྡན་གྱི་བླ་མ་ཁོང་ཉིད་ནས་སྔ་ཕྱི་བར་གསུམ་དུ་བྱང་ཆུབ་ལམ་རིམ་ཆེན་མོའི་ཁྲིད་དང་། བླ་མ་མཆོད་པའི་ཟབ་ཁྲིད། སྦྱོར་བ་ཆོས་དྲུག ནཱ་རོ་ཆོས་དྲུག དུས་འཁོར་དབང་ཆེན། འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ཆེན་སོགས་དབང་ལུང་མང་པོའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་དང་། དགེ་འདུན་པ་མཐའ་ཡས་པ་བཅས་ལ་སྨོན་གྲོལ་གྱི་ལམ་བཟང་བསྟན་ཞིང་། དགོན་པའི་གཙུག་ལག་ཁང་ཞིག་རལ་དང་ཉམས་ཆག་ཏུ་གྱུར་པ་རྣམས་བསྐྱར་གསོ་དང་གོང་སྤེལ་བྱས་པ་མ་ཟད། ལྕགས་རི་གསར་འཛུགས་དང་ནང་གི་ཚོགས་ཆེན་ཆོས་ར་ལ་སྤེལ་མར་བཅས་ཀ་བ་བརྒྱ་དང་བརྒྱད་ཅུ། ཐུབ་ཆེན་ལྷ་ཁང་ཀ་བ་བརྒྱ་དང་སུམ་ཅུ། པར་ཁང་ཀ་བ་བརྒྱད་ཅུ། རྗེ་ལྷ་ཁང་སོགས་ཉམས་གསོ་རྩད་ནས་མཛད། རྩེ་རྣམ་རྒྱལ་ཕོ་བྲང་ཀ་བ་བཞི་བཅུ། མཚན་ཉིད་ཁང་ཀ་བ་ཉི་ཤུ་དང་ཆོས་ར་བཅས་དང་། གཞན་རྩེ་ཕོ་བྲང་དམར་པོ་ཀ་བ་བརྒྱད་ཅུ་དང་ཆོས་ར་བཅས་གསར་བཞེངས་མཛད། དེའི་ནང་དུ་གསེར་ཟངས་ལས་གྲུབ་པའི་རྒྱ་ཕིབས་དང་། རྒྱལ་མཚན། གཉྗིར། རི་དྭགས་ཆོས་འཁོར། སྤེན་རྒྱན་དང་བཅས་པའང་གསར་བཞེངས་གནང་། དེར་མ་ཟད་ཐུབ་ཆེན་ལྷ་ཁང་བསྐྱར་གསོ་བྱེད་པའི་སྐབས་སུ་ཆོས་རའི་ནུབ་ཕྱོགས་སུ་ཟངས་གསེར་གྱི་མི་འཁྲུགས་པ་ཐོག་ཚད་གཉིས་ཙམ་ཡོད་པའི་ལྷ་ཁང་དང་བཅས་པའང་གསར་དུ་བཞེངས། དེར་མི་འཁྲུགས་པའི་ལྷ་ཁང་ཞེས་མཚན་སྙན་རབ་ཏུ་ཆེ། དེ་ནས་བོད་རབ་བྱུང་བཅུ་དྲུག་པའི་ཆུ་ལུག་ལོར(སྤྱི་ལོ༡༩༤༣)ཡང་བསྐྱར་ལྷ་སར་བརྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ཏེ། ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་དུ་དགེ་འདུན་པ་བདུན་བརྒྱ་ཙམ་ལ་ཞལ་བཟས་བཟོས་ཐུབ་པའི་ཚོགས་ཁྲོ་གཉིས་བླུས་ནས་རྟ་དྲེལ་ཐོག་རྒྱབ་ཉི་ཤུ་ཙམ་ལ་བཀལ་ཏེ་ལི་ཐང་དུ་ལྷུ་བསྒྲིགས་ཏེ། གྲྭ་ཚང་ལ་ཕུལ་བ་དེ་ད་ལྟའང་དངོས་སུ་མཇལ་ཐུབ། དེའི་རྗེས་སུ་ཡང་ཟངས་རག་དང་གསེར་དངུལ་སོགས་རྫས་སྦྱོར་བྱས་ནས་དགེ་འདུན་པ་ཉིས་སྟོང་ལྷག་གི་གསོལ་ཇ་བསྐོལ་སྣོད་ཚོགས་ཁྲོ་སྤུས་ལེགས་ངོས་སོ་སོར་བོད་རྒྱ་ཡིག་རིགས་གཉིས་ཀྱི་སྨོན་ཚིག་ཤན་སྦྱར་ཡོད་པ་ཞིག་ཀྱང་བླུགས་པ་དེ་ད་ལྟའང་ཡང་དགོན་པའི་ནང་དུ་ཡོད།
ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ནི་ཧོར་དགོན་ཆེན་བཅུ་གསུམ་ལས་ད་དུང་ལོ་བདུན་ཅུ་ལྷག་ཙམ་གྱིས་སྔ་བ་དང་། དགེ་འདུན་པ་ཆེས་མང་བའི་སྐབས་སུ་གྲྭ་སུམ་སྟོང་བདུན་བརྒྱ་ཙམ་ཟིན་པས། འཛུགས་བསྐྲུན་གྱི་རྒྱ་ཁྱོན་དང་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས། དགེ་འདུན་པའི་གྲངས་ཚད་སོགས་གང་གི་ཐད་ནས་ཀྱང་ཁམས་ལྷོའི་ཕྱོགས་ཀྱི་དགོན་པ་ཆེ་ཤོས་སུ་ཆགས་འདུག་གོ།
སྐྱེས་ཆེན་དམ་པ་དེ་དག་གི་སྐུ་དྲིན་བླ་ན་མེད་པར་བརྟེན་ནས་སྐབས་དེར་ལི་ཐང་བྱམས་ཆེན་བྱམས་ཆེན་ཆོས་འཁོར་གླིང་ནི། བསྟན་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་བསྒྲེངས་ཏེ་འཇམ་མགོན་བླ་མའི་བསྟན་པ་ཉིན་མོར་ལྟར་གསལ་བ་མཛད། འགྲོ་ཀུན་བདེ་བའི་མཛད་འཕྲིན་འགྲན་ཟླ་དང་བྲལ་བ། སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པ། ཁྱད་པར་དུ་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་མཚམས་སུ་རྒྱལ་བསྟན་དར་ཞིང་འབྱོར་ཕྱུག་ལྡན་ལ། དགེ་འདུན་གྱི་སྡེ་རྒྱ་ཆེན་འཕེལ་ལ་དམ་ཆོས་བསྒྲུབ་པའི་འགལ་རྐྱེན་དབེན་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་པ། ཆོས་སྡེ་ཆེན་པོ་འདིར་ཡན་ལག་དང་ཉིང་ལག་གི་ཚུལ་གྱི་བཤད་གྲྭ་དང་། སྒྲུབ་གྲྭ་རྒྱས་ཤིང་མཁས་བཙུན་བཟང་གསུམ་གྱི་བསྟན་འཛིན་གྱི་སྐྱེ་བོ་དམ་པ་དུ་མ་སྐྱེད་སྲིང་བྱས་པའི་མདོ་སྨད་ཕྱོགས་ཀྱི་རི་བོ་དགེ་ལྡན་པའི་དགོན་སྡེ་ཆེ་ཤོས་སུ་ཆགས།
སྤྱི་ལོ༡༩༥༠ལོར་ངོ་ལོག་བཞི་ཟེར་བའི་བྱ་འགུལ་ཁྲོད་བོད་ཁུལ་གྱི་དགོན་པ་མི་ཉུང་བ་ཞིག་ལ་གནོད་སྐྱོན་ཚབས་ཆེན་ཐེབས་མོད། ཡིན་ནའང་དེ་དུས་སུ་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ནི་སྟབས་ལེགས་ཏེ་དངོས་རྫས་སྲུང་སྐྱོང་གི་གྲས་སུ་ཚུད་དེ་ཉེས་སྐྱོན་གྱི་བར་ཆད་ལས་རེ་ཞིག་ཐར། རེད་དེ་དངོས་རྫས་དང་དགོན་ཁག་ཕལ་ཆེ་བའི་ལས་དབང་དང་འདྲ་བར། རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་གཏོར་བཤིག་གི་ཉེས་སྐྱོན་ཧ་ཅང་ཚབས་ཆེན་ཐེབས། སླར་སྤྱི་ལོ༡༩༨༠ལོར་རྒྱལ་ཁབ་ཀྱིས་ཆོས་སྒོ་ཕྱེས་རྗེས། ལི་ཐང་སྐྱབས་མགོན་རིན་པོ་ཆེ་སྐུ་ཕྲེང་གསུམ་པ་དཔལ་ལྡན་རྡོ་རྗེ་མཆོག་དང་། དགོན་པའི་མཁན་གདན་ཟུར་སོ་སོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ཏུ། གྲོང་ཤོག་བརྒྱད་དང་། རིས་སུ་མ་ཆད་པའི་རྒྱ་ཆེའི་རོང་འབྲོག་གི་དད་ལྡན་མང་ཚོགས་ཀྱིས་འཕྱར་བ་གྲུ་འདེགས་ཀྱིས་འབད་བརྩོན་ལྷོད་མེད་འོག ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་ལུང་རྟོགས་ཀྱི་གཞུང་ལུགས་དར་རྒྱས་སུ་ཕྱིན་ཞིང་། རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ། གཙུག་ལག་ཁང་ཉམས་གསོ་དང་སྐུ་གསུང་ཐུགས་ཀྱི་རྟེན་རྒྱ་ཆེར་སྤེལ་བར་མཛད་དོ།།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10