འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་དགོས།

བདེ་སྐྱིད་ཀྱིས་བསྒྱུར།        2019-07-08

འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་དགོས།

    སྤྱི་ཟླ6པའི་ཚེས27ནས་ཚེས28ཉིན་གྱི་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི་དཀར་མཛེས་ཁུལ་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རིགས་ས་ཁུལ་གྱི་ལས་དོན་སྐོར་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྔོ་ལྗང་རི་ཀླུང་ཆུ་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཅངས་པ་དང་ལག་ལེན་བསྟར་དགོས། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་སུ་བཅངས་པ་དང་འགན་འཁྲི་འཁུར་ཕོད་པ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱས་ནས་ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་དེ་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་ཏན་ཏིག་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་ཏེ་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏང་དགོས་པའི་ནན་གསུང་གནང་བ་རེད།

    དབྱིན་ལི་སྡེ་རོང་རྫོང་ཝ་ཁ་གྲོང་དང་ཕྱག་ཕྲེང་རྫོང་གྲོང་སྟོད་གྲོང་སྡེར་ཕེབས་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་ལ་ཤུགས་བརྒྱག་རྒྱུ། མི་རྣམས་ཀྱིས་དགའ་པོ་བྱེད་པའི་སྲོལ་རྒྱུན་རིག་གནས་ཡུལ་སྐོར་ཐོན་རྫས་གསར་སྤེལ་བྱ་རྒྱུ། རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེ་རུ་གཏང་རྒྱུ། མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ནས་ཡུལ་སྐོར་གྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས་པའི་བླང་བྱ་བཏོན་པ་རེད།

    དབྱིན་ལིས་ནན་གསུང་གནང་དོན། དཀར་མཛེས་ཁུལ་གྱིས་ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་རིགས་ས་ཁུལ་གྱི་ལས་ཀའི་མཛུབ་ཁྲིད་བསམ་བློ་མཐའ་འཁྱོངས་ཀྱིས་རྒྱལ་ཁབ་ཀྱི་གཙོ་ནུས་ཐོན་ཁུལ་གྱི་འཐབ་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ལས་དོན་ཇུས་འགོད་དང་སྐུལ་འདེད་ཧུར་ཐག་བྱས་ནས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ཕྱོགས་སུ་མགྱོགས་མྱུར་བསྐྱོད་དགོས། གཅིག་ནས་ད་ལོའི་བོད་རིགས་ས་ཁུལ་གྱི་དབུལ་ཐར་ལས་འགན་ཚང་མ་ལེགས་སྒྲུབ་ཏན་ཏིག་བྱ་དགོས། སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་གྱི་དམིགས་འབེན་ལ་དམིགས་ཏེ་སྡོད་ཁང་དང་ཐོན་ལས། ལས་ཞུགས། སློབ་གསོ། སྨན་བཅོས་སོགས་ཀྱི་དབུལ་སྐྱོར་ལས་དོན་རེ་རེ་བཞིན་ཞིབ་བཤེར་བྱས་ནས་ཞན་ཆ་དང་མི་འདང་སར་ཁྱོན་ཡོངས་ནས་ཁ་གསབ་བྱ་དགོས། གཉིས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་ཀྱི་ཁ་གསབ་བྱ་དགོས། རེས་སྐོར་གསར་པའི་འགྲིམ་འགྲུལ་ཚོགས་ཆེན་གྱི་དམག་འཐབ་ལག་བསྟར་གཏིང་ཟབ་བྱས་ནས་ཕྱོགས་མང་འགྲིམ་འགྲུལ་དྲྭ་རྒྱ་འཛུགས་དགོས། ལྗོངས་ཁུལ་དུ་བསྐྱོད་པའི་འགྲིམ་འགྲུལ་བྱེད་སྟངས་སྣ་ཚོགས་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་ཤུགས་བརྒྱག་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་བོད་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏང་རྒྱུར་རྨང་གཞིའི་ཆ་རྐྱེན་མཁོ་འདོན་བྱ་དགོས། གསུམ་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱུན་འཁྱོངས་བྱས་ཏེ། ནགས་ཚལ་དང་རྩྭ་ཐང་། གླིང་ཁུལ་གྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་བརྟན་དུ་གཏང་དགོས། བཞི་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་དཔལ་ཡོན་དང་འཆམ་མཐུན་གྱི་དགོན་སྡེ་འཛུགས་སྐྲུན་གཏིང་ཟབ་ཏུ་གཏོང་བ་དང་། སྤྱི་ཚོགས་རྒྱུན་རྣམ་ཅན་གྱི་བཅོས་སྐྱོང་ལ་ཤུགས་བརྒྱག་དགོས། དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་སྲུང་སྐྱོང་གི་འཐབ་རྩོད་སྤེལ་ཏེ་བོད་རིགས་ས་ཁུལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཡོང་བར་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་མི་འབོར4790ཞིང་ལས་ཐོན་ལས་ལ་བརྟེན་ནས་དབུལ་ཐར་བྱུང་།
  • ལེ་ཚན་རྗེས་མ།:ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་།
  • དོ་སྣང་ཆེ་བའི་རྩོམ།