ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་།

        2019-07-09

ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་།

སྤྱི་ཟླ7པའི་ཚེས6ཉིན་ལ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་དཀར་མཛེས་ཁུལ་གྱི་དཔལ་ཡུལ་དང་དཀར་མཛེས། ལྕགས་ཟམ་བཅས་རྫོང་དུ་ཟབ་ཞུགས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གནང་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ནས་ཐོག་མཐའ་བར་དུ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་ནམ་ཡང་སེམས་ལ་བརྟན་པོར་ངེས་ཤིང་། འགན་འཁྲི་ཁུར་ཕོད་པ། དཀའ་སྤྱད་འགག་སྒྲོལ། འབད་འཐབ་ལེགས་སྐྱེས་འབུལ་བ་བཅས་བྱས་ནས་བོད་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ཡོང་བར་བྱས་རྗེས་དེ་བས་ཆེན་པོ་འཇོག་རྒྱུར་སྐུལ་འདེད་གཏང་དགོས་ཞེས་གསུངས།

 ཏེང་ཞའོ་ཀང་རི་ཀླུང་བརྒལ་ནས་དང་ཐོག་དམག་སྒར་དང་གཞི་རིམ་གྱི་ཞབས་འདེགས་ལྟེ་གནས་སུ་ཕྱིན་ནས་ལས་གནས་དང་པོའི་དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་ཉེན་རྟོག་པ། མེ་གསོད་རུ་ཁག་གི་རུ་མི། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པར་འཚམས་འདྲི་གནང་བ་རེད། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པ་དང་གྲྭ་ཤག་ནང་ཏེང་ཞའོ་ཀང་གིས་གྲྭ་བཙུན་དང་དད་མི་རྣམ་དང་བསམ་ཚུལ་བརྗེ་རེས་དང་སྙིང་གཏམ་བཤད་ནས་ཁོང་རྣམ་པའི་སྒོམ་རྒྱག་པ་དང་འཚོ་བའི་གནས་ཚུལ་ལ་ཆ་རྒྱུས་བླངས་ཤིང་རྒྱལ་གཅེས་ཆོས་གཅེས་དང་། ཁྲིམས་དང་དམ་པ་སྲུང་བའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་པ་ཐོགས་པ་དང་སྤྱི་ཚོགས་ལ་བདེ་སྐྱིད་སྐྲུན་པའི་དགེ་བའི་བྱ་བཟང་སྒྲུབ་ཅིང་སྤྱི་ཚོགས་འཆམ་མཐུན་ཡོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་སྐུལ་མ་གཏོང་བ་རེད།

ཁུལ་དང་རྫོང་གི་ལས་ཀའི་སྙན་སེང་གསན་འཇོག་གནང་རྗེས། ཁོང་གིས་ནན་གསུང་གནང་དོན། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བ་ཡིན་པས། བོད་རིགས་ས་ཁུལ་གྱི་འཆམ་མཐུན་བརྟན་བརླིང་ལ་འཚོ་སྲུང་བྱ་རྒྱུའི་འགན་འཁྲི་དེ་བས་ཀྱང་ལྗིད་ཅིང་གལ་ཆེན་པོ་ཡིན་པས། འདུ་ཤེས་བཞི་བརྟན་པོར་འཛིན་ཞིང་གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ། འཚོ་སྲུང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ནས་ཁྱོན་ཡོངས་ནས་ཏང་གི་ཆོས་ལུགས་ལས་ཀའི་རྩ་བའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བ། ཆོས་ལུགས་ཀྲུང་གོ་ཅན་དུ་གྱུར་བ་དང་། རང་བཙན་དང་རང་བདག རང་སྒྲུབ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་དག་ཁྲིམས་ལྟར་དོ་དམ་ཚད་ལྡན་དུ་གཏང་བར་སྐུལ་འདེད་གཏོང་བ། ཧུར་ཐག་གིས་ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། ལས་ཀ་ཁག་ཡག་མོ་དོ་དན་ཟབ་མོ་སྒྲུབ་པ་བཅས་བྱས་ནས་བོད་རིགས་ས་ཁུལ་དར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འགོད་ལ་སྐུལ་འདེད་གཏང་དགོས།

ཏེང་ཞའོ་ཀང་ད་དུང་དཀར་མཛེས་རྫོང་དུ་སྤྱི་ཁྱབ་དམག་སྤྱི་ཀྲོའུ་ཏེ་ལགས་དང་དགེ་སྟག་མཆོག་སྤྲུལསྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་། དམར་དམག་འབུམ་ཤོག་བཅོ་བརྒྱད་པའི་ས་ཕུག་རྙིང་ཤུལ། ལྕགས་ཟམ་རྫོང་གི་འབོ་ཞབས་དམར་དམག་གྲོས་ཚོགས་ཁང་རྙིང་ཤུལ་བཅས་སུ་ཕྱིན་ནས་གསར་བརྗེའི་སྔོན་གཤེགས་དཔལ་བོའི་རླབས་ཆེན་མཛད་རྗེས་ལ་ཕྱིར་དྲན་བྱས་པ། ཁོང་གིས་ནན་གསུང་གནང་དོན། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་པ་ཞེས་པའི་བརྗོད་དོན་གཙོ་བོར་སློབ་གསོ་ཟབ་མོ་བྱས་ནས་དམར་དམག་རྒྱང་སྐྱོད་སྙིང་སྟོབས་དར་སྤེལ་བཏང་ནས་ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་དཀར་སེམས་དཀར་བྱེད་པ་དང་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་ཐོག་བསྐྱོད་ནས་སྦྱངས་འབྲས་ལེགས་པོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་བསུ་མ་ཞུ་བ་བྱ་དགོས།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལུའོ་ཀྲེན་ཧྭ་བཅས་བརྟག་དཔྱད་ཞིབ་འཇུག་ནང་ཞུགས་ཡོད།།

ལྷ་འཛོམས་ཀྱིས་བསྒྱུར།


  • ལེ་ཚན་སྔོན་མ།:འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏང་དགོས།
  • ལེ་ཚན་རྗེས་མ།:ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་པའི་ཕན་འབྲས་ཆེ།
  • དོ་སྣང་ཆེ་བའི་རྩོམ།