གསེར་གྱི་མེ་ཏོག་གི་བྱ་དགའ་ཐོབ་པའི་མཛེས་མ་དེ་སུ་རེད།

ཨོ་རྒྱན་གྱིས་བསྒྱུར།        2019-05-21

 

གསེར་གྱི་མེ་ཏོག་གི་བྱ་དགའ་ཐོབ་པའི་མཛེས་མ་དེ་སུ་རེད།

     སྤྱི་ལོ2019ལོའི་རོང་བྲག་རྫོང་རྒྱལ་མོ་ཚ་བ་རོང་གི་ཡུལ་སྲོལ་དུས་ཆེན་དང་སི་ཁྲོན་དཀར་མཛེས་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་གཉིས་མཉམ་སྒྲུབ་ཁྲོད་ཀྱི་མཛེས་མ་འདེམས་པའི་འགྲན་སྡུར་དེས་རྒྱལ་ཕྱི་ནང་གི་ཡུལ་སྐོར་བ་ཁྲི་སྟོང་མང་པོའི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པར་མ་ཟད་བོད་རྒྱལ་མོ་རོང་གི་རོང་བྲག་མཛེས་མའི་ལུང་པ་ཞེས་པའི་སྙན་པའི་གྲགས་པ་སྔར་ལས་གོ་ལ་ཧྲིལ་པོའི་སྒང་ནས་རབ་ཏུ་འབར།

     སྤྱི་ཟླ5པའི་ཚེས20ཉིན་གྱི་དགོང་མོར་རྒྱལ་མོ་ཚ་བ་རོང་གི་ཡུལ་སྲོལ་དུས་ཆེན་ལས་མཛེས་མ་འདེམས་པའི་འགྲན་སྡུར་ཆེན་མོའི་རྟིང་རྩོད་འགྲན་སྡུར་དེ་རྒྱལ་རོང་རོང་བྲག་རྫོང་དུ་སྤེལ་ཡོད་པ་རེད། རྒྱལ་མོ་ཚ་བ་རོང་གི་རྫོང་ཁག་སོ་སོའི་ནས་ཡོང་བའི་མཛེས་མ་ཆིག་སྟོང་ལྷག་ཐེངས་འདིའི་མཛེས་མ་འདེམས་པའི་འགྲན་སྡུར་དུ་ཞུགས་ཡོད་པ་རེད།     

     འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་མཛེས་མ་འདེམས་པའི་འགྲན་སྡུར་དེ་ནི་བོད་རྒྱལ་མོ་རོང་གི་ཡུལ་ཁམས་སྤྱི་ལ་ཁ་ཕྱོགས་ཤིང་། ལོ16ནས28བར་གྱི་བུ་མོ་ལོ་ཆུང་དང་། ལུས་པོ་བདེ་ཐང་ཅན། གཟུགས་ཀྱི་མཐོ་ཚད་སྨི1.6ཡན་ལ་བསླེབ་དགོས་པ་དང་། གཟུགས་བྱད་སྙོམ་པོ་ཡིན་དགོས་པ། དབང་པོ་ལྔ་པོ་ཚད་ལྡན་ཡིན་པ་སོགས་ཀྱི་ཆ་རྐྱེན་ལྡན་དགོས་པ་རེད་འདུག  འགྲན་རིམ་ནི་མིང་ཐོ་འགོད་པ་དང་། མང་འདེམས། ཡུན་ཐུང་གསོ་སྦྱོང་། སྔོན་འགྲན། བསྐྱར་འགྲན། རྟིང་རྩོད་བཅས་རིམ་པ6བརྒྱུད་ནས་མཐའ་མཇུག་གི་རྒྱལ་ཕམ་ཐག་གཅོད་བྱས་ཡོད་པ་དང་། ཐེངས་འདིའི་འགྲན་སྡུར་ལ་བྱ་དགའ་སྒོར་མོ་ཁྲི24བཏང་ནས་གསེར་གྱི་མེ་ཏོག་དང་དངུལ་གྱི་མེ་ཏོག  སེ་འབྲུ་མེ་ཏོག་སོགས་འདེམས་ཐོན་བྱུང་བའི་མཛེས་མ་དག་ལ་བྱ་དགའ་སྤྲད་ཡོད་པ་རེད།

     ཉིན་མང་པོའི་རིང་ལ་འགྲན་སྡུར་རབ་དང་རིམ་པ་བརྒྱུད་མཐར་མཛེས་མ20ཐམ་པ་མཇུག་མཐའི་རྒྱལ་ཕམ་ཐག་གཅོད་ཀྱི་རྟིང་རྩོད་འགྲན་སྡུར་དུ་ཚུད་ཡོད་པ་རེད། རེས་གསུམ་པའིTསྟེགས་བུ་ནས་རིག་ནུས་རྟིང་རྩོད་འགྲན་སྡུར་བྱས་མཐར་འགྲན་ཞུགས་མཛེས་མ10བདམས་ཐོན་བྱུང་ཞིང་། མཐའ་མཇུག་ཏུ་འགྲན་ཞུགས་མཛེས་མ་བདེ་སྐྱིད་ལྷ་མོ་ལ་སྤྱི་ལོ2019ལོའི་བོད་རྒྱལ་མོ་རོང་གི་ཡུལ་སྲོལ་དུས་ཆེན་ལས་གསེར་གྱི་མེ་ཏོག་གི་བྱ་དགའ་ཐོབ་ཡོད་པ་རེད། འགྲན་ཞུགས་ཨང་རྟགས9པ་ཨ་ཅག་མོ་དང་འགྲན་ཞུགས་ཨང་རྟགས8པ་སྲིང་མོ་ཐར་གཉིས་ལ་ཐེངས་འདིའི་འགྲན་སྡུར་ལས་དངུལ་གྱི་མེ་ཏོག་གི་བྱ་དགའ་ཐོབ། འགྲན་ཞུགས་ཨང་རྟགས1པོ་ཚེ་ལྷ་མོ་དང་། འགྲན་ཞུགས་ཨང་རྟགས3པ་ཀུན་བཟང་ལྷ་མོ། འགྲན་ཞུགས་ཨང་རྟགས13པ་རིན་ཆེན་མཚོ་བཅས་ལ་ཐེངས་འདིའི་འགྲན་སྡུར་ལས་སེ་འབྲུ་མེ་ཏོག་གི་བྱ་དགའ་ཐོབ། འགྲན་ཞུགས་ཨང་རྟགས19པ་བཀྲ་ཤིས་ལྷ་མོ་ལ་བརྙན་སྣང་ལེགས་ཤོས་ཀྱི་བྱ་དགའ་དང་འགྲན་ཞུགས་ཨང་རྟགས10པ་ཚེ་རིང་མཚོ་ལ་རིག་རྩལ་ལེགས་ཤོས་ཀྱི་བྱ་དགའ། འགྲན་ཞུགས་ཨང་རྟགས18པ་བཀྲ་ཤིས་ལྷ་མོ་ལ་མི་གཡང་བཟང་པོའི་བྱ་དགའ། འགྲན་ཞུགས་ཨང་རྟགས5པ་དམ་ཅན་གཡང་སྐྱིད་ལ་རིག་ནུས་བྱ་དགའ་བཅས་ཚན་རྐྱང་བྱ་དགའ་ཐོབ་ཡོད་པ་རེད།




  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་རོང་བྲག་རྫོང་བརྒྱ་གྱུར་བོད་གྲོང་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:མཛེས་མའི་ལུང་པའི་རོལ་དབྱངས་འདུ་ཚོགས་རོང་བྲག་ཏུ་བསྡུས།
  • དོ་སྣང་ཆེ་བའི་རྩོམ།