རྨི་ལམ་དང་གཞན་དག

ཁང་གསར་ཚེ་དབང་རིག་འཛིན།        2019-04-25

རྨི་ལམ་དང་གཞན་དག

དཀོན་མཆོག་སྐྱབས་དཔལ་འབྱོར་འགྲན་རྩོད་ཀྱི་རྦ་རླབས་དྲག་པོའི་ཁྲོད་དུ་དྲངས་ནས།   ཉིན་མོའི་ཟས་སོས་དལ་ཞིག་མ་ཟོས་ཤིང་།    མཚན་མོའི་གཉིད་སྐྱིད་པོ་ཞིག་མ་ཡོང་བར་ལོ་ཡི་འཁོར་མོ་མང་པོ་འགོར་བས།    ད་ནི་ཐོབ་པ་ལས་ཤོར་བ་མང་པའི་འགལ་ཟླའི་ཕུང་བོ་ཞིག་ཏུ་གྱུར་དང་འགྱུར་གྱིན་པའི་མིག་སྔའི་འཚོ་བ་དེར་ངེས་ཤེས་སྐད་ཅིག་མ་ཞིག་འདྲོངས་པ་ནི།    སྡོད་སའི་གནས་ཁང་ཡག་པོ་མེད་ཅིང་།    འཚོ་བའི་ཟས་གོས་རྒྱས་སྤྲོས་མེད་པའི་གྲྭ་བཙུན་དེའི་གནས་སྟངས་དངོས་དང་ཁོང་གི་སྐད་ཆ་དྲང་པོ་དེས་ཡིན་ངེས།    ཐོབ་དཀའ་བའི་དབུགས་དབྱུང་དེས་ཡིན་ནམ་གང་ལྟར་མཚན་མོ་དེར་དཀོན་མཆོག་སྐྱབས་སྔ་ཙམ་ནས་གཉིད་ལ་ཡུར་སོང་།

ཕུ་ན་གངས་དཀར་རི་བོའི་དབུ་འཕངས་དགུང་ལ་ཟུག་པའི་འདབས་རོལ་དུ་འབྲོག་སྦྲ་ནག་ཅན་གྱི་སྡེ་ཆེན་ནམ་མཁའི་སྐར་ཚོགས་ཐང་ལ་འཕོས་འདྲ།    མདའ་ན་རྒྱ་རྫོང་ནགས་ཀྱིས་ཉི་ཟླའི་མཐོང་ལམ་འགོག་པའི་ཆ་རུ་རོང་ཅིག་ཅིག་ཅན་གྱི་སྡེ་ཆེན་སའི་རྩིག་ཏོག་གི་གྲངས་ལ་འགྲན་པ།    བར་ན་གསེར་སེར་པོའི་རྒྱ་ཕིབས་འོད་ཀྱིས་འཁྱུད་པའི་དགོན་སྡེ་མང་པོ་མཚམས་སྤྲིན་གྱི་མདང་ལ་འཁུ་བའི་རབ་བྱུང་ངུར་རྨིག་འཆང་བའི་བསླབ་གསུམ་རྒྱན་གྱིས་མཛེས་པ་དུ་མའི་སྤུད་པའི་ཡུལ་གྲུ་ལྟ་ན་སྡུག་པ་དེ་རུ་དཀོན་མཆོག་སྐྱབས་དང་ཁོའི་མནའ་གྲོགས་གཉིས་སེམས་བདེ་བག་ཕེབས་ཀྱིས་འགྲོ་བཞིན་ཡོད།   

“ཡ་སྤུན་ཟླ།   ད་ལྟ་ཉི་མའི་དྲོས་གཞུང་ལ་ཐོན་གྱིན་འདུག་པས་ཕར་གའི་ཆུ་འགྲམ་ནས་ཇ་བསྐོལ་ན་ག་འདྲ་འདུག”  དཀོན་མཆོག་སྐྱབས་ཀྱིས་རྟའི་སྟེང་ནས་ཟུར་འདུག་ཅིག་བྱེད་ཞོར་ཕུ་ཐུང་གིས་ཉི་འོད་སྒྲིབ་ཀྱིན་མགོ་ཐོག་གི་ཉི་མར་བལྟ་ཙམ་ཞིག་བྱས་ནས“འོ་ལོས་ཡིན་སྤུན་ཟླ།   སྟེང་གི་མི་དང་འོག་གི་རྟ་གཉིས་ཀྱིས་ངལ་སྐྱིད་པོ་ཞིག་གསོ་ཨང”ཞེས་བསམ་པ་གཅིག་མཐུན་བྱུང་།      “ཁྱོད་ཀྱིས་བ་རྡོ་ཚོལ་ནས་ཆུ་ལོངས་དང་ངས་ཨོང་བའམ་ཁྱ་སྐམ་སྒྲུག་འོང” “ཡ་ཡ” 

ཉ་གསེར་མིག་གིས་འཁྱུག་རྩལ་ངོམས་ཤིང་དྭངས་གཙང་ལྷོད་ཀྱིས་འབབ་པའི་ཆུ་བོ་དེའི་སྟོད་རྒྱུད་ནས།     རྫི་གླུ་སྙན་མོ་རེ་མཁའ་དབྱིངས་ཀྱི་ཐང་དཀར་རྒོད་པོས་གཤོག་ཟུང་ཡུན་གྱིས་རྡེབ་པའི་ཟོལ་ལྟར་གྲགས་འོང་།    ཁོ་གཉིས་ཀྱིས་ཁོལ་མོ་བརྒྱབ་པའི་ཧུར་སྒྲ་དང་འགྲོགས་ནས་དུ་བ་སྔོན་མོ་ཞིག་གཡས་གཅུ་གཡོན་གཅུ་རྒྱག་གིན་བར་སྣང་དུ་ཐིམ་འགྲོ།   “ཇ་ཁོལ་སོང་།     ཇ་མཆོད་སུས་འཕེན་ནམ” “ཁྱོད་ཡིན།  ད་ནངས་ངས་འཕངས་པ་ཡིན་མོ”   “ཡ་ཡ།    དེས་ན་ངས་འཕེན”   དཀོན་མཆོག་སྐྱབས་ཀྱིས།    ལྷོག་ལྷོག་ཏུ་གདུ་བཞིན་པའི་ཇ་ལས་བཙག་སྐྱོག་ཏུ་ཉུང་ཙམ་བཅུས་ཤིང་།   དེའི་ཁར་ཟ་ཏ་ལས་མར་ཞིག་འཕངས་ནས་ལག་མགོར་འཕྱར་ཏེ“ཀིས་་་་་་རཾ་ཡཾ་ཁཾ།    ཨོཾཨཱཧྰུཾ༔   ཨོཾཨཱཧྰུཾ༔    ཨོཾཨཱཧྰུཾ༔   མཆོད་མགོ་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ་བཅུ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་་་་་་མཆོད་དང་པོ་ལྷ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག་་་་་་་”ཞེས་སྨྲ་བརྗོད་དག་ཅིང་མདུན་དུ་བཞུར་གྱིན་པའི་ཆུ་བོའི་རྒྱུན་ལྟར་ཆད་པ་མེད་ལ་མགྱོགས་བུལ་རན་པའི་སྒོ་ནས།   ཇ་ཐེངས་འགར་མཆོད་ཀྱིན་སྐད་གདང་མཐོན་པོས་ཇ་མཆོད་འཕངས།     སྦགས་བཙོག་ཅེས་པ་ཐོས་ཀྱང་མ་མྱོང་བའི་བཞུར་ཆུ་གཙང་མས་བསྐོལ་བའི་ཇ་དང་།    སྦྲང་དཀར་རྩམ་པ།    འབྲི་མར་སེར་བོ།   ཆུར་བ་དཀར་པོ་སོགས་ཀྱིས་གྲུབ་པའི་བཟའ་བཏུང་ལ་རོལ་བཞིན།   ཆུ་འགྲམ་དེར“ཧ་ཧ” “ཧོ་ཧོ”ཡི་དགོད་སྒྲ་ཡང་ཡང་བསྐྱིལ།   སྨད་ཕྱོགས་ཀྱི་ན་བ་ལས་ཁྲུང་ཁྲུང་དཀར་མོ་ཁྱུ་གཅིག་གིས“ཀི་རིང་ཀུ་རུང”ཞེས་མགྲིན་སྒྲ་སྙན་མོ་འབྱིན་བཞིན་གཤོག་གུར་ཕུབ་ཅིང་རྩེད་ལྡིང་གི་གར་འཁྲབ། 

 ཁོ་གཉིས་ཀྱིས་གོང་འབབ་སྐྱིད་པོ་ཞིག་བསྐོལ་རྗེས་བ་མ་དང་ཅ་ལག་སྡུད་གསོག་བརྒྱབ་ཏེ་རྟ་ལ་བཞོན་ནས“ཨ་ལ་ཡེ་་་་་་རྟ་འདོ་བའི་རྨིག་ཁ་རླུང་གིས་སྒུལ།།    ས་བྱང་ལམ་གཅོད་ཉིན་སྣང་བ་སྐྱིད།།་་་་་་” ཅེས་གླུ་སིང་སིང་ལེན་གྱིན་ལམ་ལ་ཆས།    རྟ་ཕོ་གཉིས་ལ་ཡོབ་ཆེན་རྒུལ་བ་ཙམ་གྱིས་སྤང་ཐང་དུ་ལྡེམ་མྱུར་གོམ་ལག་གིས་རི་མོ་འབྲི་བཞིན།    རྨིག་རྩེས་མེ་ཏོག་གི་མཆོད་ཁ་འཕེན་གྱིན་རྣ་བར་རླུང་བུ་འཇམ་པོ་ཞིག་གི་སྒྲ་ཤུར་ཤུར་གྱིས་བསུ་བཞིན་མདུན་ནས་མདུན་དུ་བསྐྱོད།     

མཚམས་ཤིག་ཏུ་ཁོ་གཉིས་ཕྱི་རོལ་ཟང་ཟིང་གི་འདུ་འཛིས་རབ་ཏུ་དབེན་པའི་དགོན་པ་ཉམས་དགའ་བ་ཞིག་གི་ཉེ་འགྲམ་དུ་ཐོན།    སོ་སོས་མགོ་ཡི་ཞྭ་མོ་ཕུད་ནས་དཀོན་མཆོག་ལ་གསོལ་བ་འདེབས་ཀྱིན་རྟ་ལས་བབས་ཏེ་ཁྲིད་ནས་ཕྱིན།    ས་རྩི་སེར་བོས་བྱུག་པའི་འཁོར་འཕྲེང་ཅན་གྱི་ལྕགས་རིས་ཡོངས་སུ་བསྐོར་བའི་དགོན་སྡེ་དེའི་རྒྱ་སྒོ་ཆེན་པོ་རུ་ཐོན།   རྒྱ་སྒོའི་སྟེང་ངོས་སུ་འཕྲེད་དུ“མདོ་སྔགས་བཤད་སྒྲུབ་ཆོས་འཁོར་གླིང”ཞེས་གསེར་ཡིག་དབུ་ཅན་གྱིས་ཆེན་པོར་བྲིས་འདུག་པ་དང་།    གཞོག་གཉིས་སུ་ཐུར་དུ“སྟོན་པའི་བསྟན་པ་རྣམ་གཉིས་ཏེ། །   ལུང་དང་རྟོགས་པའི་བདག་ཉིད་དོ། །   དེ་འཛིན་བྱེད་པ་སྨྲ་བྱེད་པ། །    བསྒྲུབ་པར་བྱེད་པ་ཁོ་ན་ཡིན། །”ཞེས་འཁོར་བ་བའི་མིག་ལ་དད་པའི་ཆུ་མོ་བསྐྱིལ་བར་བྱེད་པའི་བརྗིད་ལྡན་གྱི་གསུངས་ཚིག་གིས་སྤུད་ཡོད།

ཁོ་གཉིས་ཀྱིས་བཞོན་རྟ་ལྕགས་རིའི་ཕྱི་རོལ་ཏུ་བཏགས་སྟེ་ལྕགས་རིའི་ནང་དུ་མཇལ་བར་ཕྱིན་པ་ན།     ངུར་སྨིག་ན་བཟས་བཀླུབས་པའི་གྲྭ་བཙུན་དག་ནི།    ཞི་ཞིང་དུལ་བ་སྟེ།   གོམ་པ་ལྷོད་ཀྱིས་སྤོ་བ།    གཡས་ལྟ་གཡོན་ལྟ་མི་བྱེད་པ།    ཕྱག་ཏུ་འཕྲེང་བ་བསྣམས་ཤིང་ངག་ནས་སྙིང་བོ་ཅི་ཞིག་གསུངས་བཞིན་འདུ་ཁང་གི་ཕྱོགས་སུ་ངང་མོ་ཆུ་ལ་འདུས་པ་ལྟར་ཕེབས་ཀྱིན་འདུག    ཁོ་གཉིས་ལྕགས་རིའི་ནང་དུ་འཛུལ་བ་ནས་སེམས་ཀྱི་ག་ཤེད་ཅིག་ནས་དད་པའི་སྤུ་ལོངས་གཡོ།    གསོལ་འདེབས་དང་ཡིག་དྲུག་གི་བཟླས་བརྗོད་རང་བྱུང་གིས་ཐོན།    ཡན་ལག་ལྔ་ས་ལ་གཏུགས་པའི་ཕྱག་འཚལ་བཞིན།    དགེ་འདུན་པའི་ཆོས་འཆད་ཉན་དང་།    རྩོད་པའི་མཛད་སྒོ་སོགས་སུ་མཇལ་བ་ན།    ཁོར་ཡུག་དེ་ནི་དད་ལྡན་ཡིད་ཀྱི་གསོས་སུ་སྨིན་པའི་བོད་པའི་ཞིང་མཆོག་ཁྱད་པར་བ་ཞིག་རེད་ཨང་།    འདུ་ཁང་སྒོ་མཆོར་གྱི་སྟེང་ཕྱོགས་སུ་གསེར་ཡིག་ཆེན་མོས་བྲིས་པའི“བདེ་སྐྱིད་སྣང་བ་དཀར་པོའི་ས་སྟེང་སྐྱེ་འགྲོ་མ་ལུས་ཁྱབ་གྱུར་ཅིག”ཅེས་པའི་ཡིག་འབྲུ་དག་ལས་ཞི་བདེའི་སྤོས་དྲི་ངད་ལྡན་སྤྲིན་པ་བཞིན་འཁྲུགས་ནས་འཛམ་གླིང་ཡོངས་སུ་དཀྲིས་རྒྱག་གིན་པའི་སྣང་བ་སྐྱེས།

ཁོ་གཉིས་སླར་དམ་པ་ཆོས་ཀྱི་དགའ་ཚལ་ཡངས་པོ་དེ་ནས་གྱེས་ཕྱག་ཕུལ་ཏེ་འདོ་བ་རྟ་ལ་བཞོན་ནས་ལམ་དུ་ཆས།    རི་ངོས་ཡོངས་སུ་ཚང་ཚིང་ནགས་ཀླུང་སྟུག་པོས་མཐོ་བ་ཉི་ཟླ་བསྒྲིབས་པ།    འདབས་སུ་གྱང་དང་ཤིང་གིས་གྲུབ་པའི་ཁང་བ་དག་གི་སྟེང་དུ་བསངས་ཁུང་ཉི་ཟླ་ནོར་བུའི་ཏོག་གིས་བརྒྱན་པ་ཅན་གྱི་གྲོང་སྡེ་དག་ནི་མཚོ་མོའི་རླབས་ཀྱིས་སྐྱོམ་འདྲའི་འབྲུ་དྲུག་ཞིང་གི་སྙེ་རླབས་ཀྱིས་ཡོངས་སུ་བསྐོར་བ།     གདོང་ན་དགའ་བའི་འཛུམ་མདངས་ལྷུག་ལྷུག་ཏུ་གྲོལ་བའི་ཞིང་སྡེ་ཞིག་ཏུ་སླེབས།    ཉམས་དགའ་བའི་གནས་མཆོག་དེར་ཐོན་པ་དང་མཉམ་དུ་ཕར་ག་ན་གཞོན་ནུ་མ་གཉིས་ཀྱིས་སིལ་ལེ་ལྡེམ་མེ་འཁྱུག་གེ་ཆུ་ཟོམ་ལྟེར་མེར་འཁྱིལ་བ་གཉིས་ཁུར་ནས་ཆུ་ལེན་པ་དང་འཕྲད།    ཁོ་གཉིས་ཀྱིས་རྟ་ཁ་བསྒག་ཅིང“གསེར་ཟོ་བདུད་རྩིའི་གང་བ་འདི།    ལྷ་བླ་མའི་ཚོགས་ལ་མཆོད་པ་འབུལ།    སྨན་མཛེས་མ་གཉིས་ལ་ཚེ་ཐག་རིང་།    ཡ་བུ་མོ་གཉིས།     ས་ཆ་འདིའི་མིང་ལ་ཅི་ཟེར།   ཁྱེད་གཉིས་ཀྱི་མིང་ལ་ག་རེ་འབོད།    དོ་ནུབ་གནས་ཚང་ཞིག་གཡར་ན་ཆོག་གམ”ཞེས་དྲིས་པ་ན།    བུ་མོ་གཉིས་ཀྱིས་ཆུའི་ལྟེམ་མེར་གང་བའི་ཆུ་ཟོ་གཉིས་མར་ཕབ་ནས།     “འགྲོན་པོ་བསམ་དོན་འགྲུབ་རྒྱུ་གཉིས་ཀ    ས་ཆ་འདིའི་མིང་ལ་གཡང་སྒོ་བཞི་འབྲུ་སྔོན་ནས་ཀྱི་གཏེར་ཁ་ཟེར།    ངེད་གཉིས་ཀྱི་མིང་ལ་མགོན་པོ་མཚོ་དང་བདེ་སྐྱིད་སྒྲོལ་མ་ཟེར།    ཁྱེད་གཉིས་ཀྱི་རྟ་ཕོའི་རྔུལ་ཆུ་ལ་བལྟས་ན་ས་ཐག་རིང་ནས་འོང་བས་སྐུ་ངལ་མྱངས་ཡོད་ཚོད་རེད།     གནས་ཚང་ལོས་གཡར་ངེད་གཉིས་ཀྱི་རྗེས་སུ་ཕེབས་དང”ཞེས་ཟོལ་མེད་ཡ་རབས་ཀྱི་གཏམ་བཟང་ལྷུག་པོར་གྲོལ་བྱུང་བས།     དཀོན་མཆོག་སྐྱབས་དང་རོགས་པ་གཉིས་ཤིན་ཏུ་དགའ་ནས་ཆུ་ལེན་མཛེས་མ་གཉིས་དང་འགྲོགས་ཏེ་ཁ་བརྡ་སྣ་ཚོགས་བྱེད་ཀྱིན་གྲོང་སྡེ་དེའི་ནང་དུ་ཕྱིན།   

མཚན་མོ་གནས་ཚང་དེ་བས་ཡ་རབས་འགྲོན་བཟང་ཚད་མེད་བྱས་པ་དང་།    བདག་པོས་ཞིང་ཆུ་མ་རི་མའི་གནས་སྟངས་ཡག་ཚུལ།    འབྲུ་གྲོ་ནས་སྲན་གསུམ་གྱི་སྨིན་སྟོབས་ཆེ་ཚུལ།   འབྲུ་རིགས་དེ་དག་ཟོས་ན་ཁ་ལ་ཞིམ་པ་ལྕེ་ཡི་བདུད་རྩི་ལྟ་བུ།    ལུས་བཅུད་གསོ་ཞིང་ཚེ་རིང་ནད་མེད་ཀྱི་ཟས་མཆོག་ཡིན་ཚུལ་སོགས་ལོ་རྒྱུས་རྣ་བར་སིམ་པ་མང་དག་ཅིག་བཤད་ཅིང་།    ལྷག་པར་དུ་སྔོན་མོ་ནས་ཀྱི་ཕྱོགས་ནས་གངས་ཅན་བོད་ཡུལ་དུ་ཐོག་མའི་དར་ཚུལ་ནས་བར་མཐའ་མ་སོགས་་་་་“”

ཕྱིར་ཉིན་ཁོ་གཉིས་སླར་ཡང་རྟ་རུ་བཞོན་ཏེ་ལམ་ལ་ཆས་ཞོར་དུ།     སྒང་གཞུང་གཉིས་ན་སྙེ་ཞགས་གཡོ་བའི་འབྲུ་རིགས་ཀྱི་གཏེར་ཆེན་མོ་མིག་གི་ལོངས་སུ་སྤྱོད་ཅིང་།    ཁ་སང་གི་བུ་མོ་གཉིས་ཀྱིས་ཡང་བསྐྱར་ཆུ་ཟོམ་ཁུར་ནས་ཚུང་འོང་གིན་པ་དང་འཕྲད་པས།    ཁོ་གཉིས་ལ་ཆེད་དུ་སྙན་མོའི་དབྱངས་ལ་བཀུགས་ནས“ང་འདུག་གི་དགོང་སྔོན་དལ་མོ་བྱེད།།    ཁྱོད་འགྲོ་གི་སྤྲིན་འཇའ་བྲེལ་མོ་བྱོས།།    རླུང་དམར་པོའི་འཚུབ་ཆ་མ་རྒོད་ན།།    དགོང་སྔོན་པོའི་དཀྱིལ་ནས་ཡང་ཡང་ཐུག།་་་་་་་དིར་དིར་་་་་་དིར་དིར་་་་”ཞེས་ཁ་པར་ལས་ལངས་རན་པའི་དྲིལ་བརྡ་གྲགས་བྱུང་།    དཀོན་མཆོག་སྐྱབས་ཆུ་ལེན་བུ་མོ་གཉིས་ཀྱི་གླུ་ལ་ཉན་འཕྲོ་ཤོར་བས་ཁོང་ཁྲོ་ལངས་སྟེ་མིག་འབྱེད་མ་བཙུམ་གྱིས་མདུན་ཅོག་སྟེང་གི་ཁ་པར་ལ་ཁུ་ཚུར་གྱིས་གཞུས།    འོན་ཀྱང་ཁ་པར་ལ་སྣེ་ཞིག་ལས་མ་ཕོག་པར་མདུན་ཅོག་སྟེང་ནས་ཐང་དུ་ལྷུང་སྟེ།    བདག་པོ་ཁོང་ཁྲོ་ལངས་པར་འཇིགས་སྐྲག་གི་སྨྲེ་སྔགས་འདོན་པ་བཞིན“དིར་དིར་དིར་་་་་་དིར་དིར་དིར་་་་”ཞེས་མཚམས་མི་ཆད་པར་གྲགས་པས་ཁོས་ད་ཅིའི་བདེ་སྐྱིད་ལྡན་པའི་རྨི་ལམ་དེའི་མུ་སྐྱོང་བའི་རེ་བ་བྱས་མོད།   མངོན་སུམ་ནི་མངོན་སུམ་རང་སྟེ་གདུག་རྩུབ་ཀྱི་དོན་དངོས་ཀྱི་གཙུབ་བརྡར་ལས་སུ་ཞིག་ཐར་སྟེ་ཐར་མི་སྲིད།    དཀོན་མཆོག་སྐྱབས་ཧོབ་སྟེ་ལངས་ནས་ཆུ་ཚོད་ལ་གཅིག་བལྟས་པ་ན།    ཞོགས་པའི་ཆུ་ཚོད་དྲུག་པ་སྟེ།    ད་དུང་ནམ་ལངས་པར་ཆུ་ཚོད་གཅིག་ཡས་མས་ཤིག་འདུག    ད་ནི་མྱུར་བར་ལངས་ནས་ཁ་ལག་བཀྲུ་བ་དང་ཞོགས་ཟས་མ་ཟོས་ན།    ཆུ་ཚོད་བདུན་པའི་སྟེང་དུ་ཚོང་གྲོགས་མཱ་ཀ་སིར་དང་མཉམ་དུ་སྤྱི་ལེ་བདུན་བརྒྱའི་ས་རུ་ལག་འབབ་དེའི་ཆེད་དུ་འགྲོ་དགོས་པ་མིན་ནམ།    དེ་རིང་ས་དེར་ཐོན་ནས་ཚོང་མ་བརྒྱབ་ན་གོ་སྐབས་དེ་གཞན་ལ་ཤོར་འགྲོ་ཞིང་།   སང་ཉིན་མཚན་མོ་ཕྱིར་མ་སླེབས་ན།    གནང་ཉིན་སྨན་ཁང་ནས་རྐང་བའི་ཆག་སྦྱོར་གྱི་འཛེར་མ་ལེན་པའི་བརྟག་དཔྱད་དགོས་པ་མིན་ནམ། 

གྲོགས་པོ་མཱ་ཀ་སིར་གྱིས་རླངས་འཁོར་གྱི་ཁ་ལོ་བསྒྱུར་ནས་མདུན་གྱི་སྣུམ་ལམ་རིང་མོའི་སྟེང་དུ་རླངས་འཁོར་ཆེན་པོ་མང་པོ་རྗེས་སུ་བསྐྱུར་བ་དང་ཆུང་ཆུང་མང་པོ་དང་སུའི་མགྱོགས་འགྲན་པ་ལྟར་བསྐྱོད།    དཀོན་མཆོག་སྐྱབས་ཀྱིས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཆུ་མེད་པའི་གྲམ་གཞུང་རིང་མོ་དང་།    རྩྭ་མེད་པའི་མྱ་ངམ་གྱི་ཐང་ཆེན།    ནགས་མེད་པའི་རི་བོ་གཅེར་བུ་སོགས་རྗེས་སུ་ཡང་ཡང་བསྐྱུར་ཞིང་མདུན་ནས་ཡང་ཡང་བསུ་བའི་ཁོར་ཡུག་ལ་བལྟས་ནས་དབུགས་རིང་ཞིག་ཤོར།     “དོ་ནུབ་ངེད་གཉིས་ལ་ཡོང་སྒོ་ཆེན་པོ་རག་རྒྱུ་མིན་ནམ།    སེམས་མི་བདེ་བའི་ཚུལ་འདི་ཅི་རེད་གྲོགས་པོ”ཞེས་པའི་མཱ་ཀ་སིར་གྱིས་སྐད་ཆ་དེའང་མ་གོ    མདང་ནུབ་རྨིས་པའི་གངས་དང་རི་ཆུ་ནགས་གསུམ།     སྤང་དང་ཞིང་ཐང་ལུང་གསུམ་དྲན་ནས་མདང་ནུབ་ཀྱི་གཉིད་སྐྱིད་པོར་ཡིད་སྨོན་ཤོར་ཞིང་།    མི་ཚེའི་སྟེང་ནས་སུ་དང་གང་ཞིག་གིས་མཚོན་མི་ནུས་པའི་མཛེས་སྡུག་གི་རྨི་ལམ་དེར་ཁ་ཆུ་ཤོར།    ཆུ་ཚོད་གཅིག     ཆུ་ཚོད་གཉིས་་་་་་ཆུ་ཚོད་དྲུག་ཙམ་ལ་སྨྱོས་པ་ལྟར་རྒྱུག་པས་མཐར་རང་ཉིད་ཀྱི་སྡོད་དང་ས་མཚུངས་པའི་སྨུག་ལོང་གིས་བཏུམས་སྟེ་དབུགས་ཀྱང་ཡག་པོ་ལེན་དཀའ་འོ་སྙམ་པའི་གྲོང་ཁྱེར་དེར་སླེབས།  

ཁོ་གཉིས་གྲོང་ཁྱེར་དེར་སླེབས་པ་ནས་ཟ་མའང་དལ་མོ་ཞིག་ཟ་ལོངས་མ་བྱུང་བར་ཚོང་དོན་ལ་བྲེལ།    ནམ་ཕྱེད་རྒྱལ་བའི་དཀྱིལ་འཁོར་དུ་ད་དུང་ཉལ་རྒྱུ་མ་བྱུང་།    ནམ་སྨད་ཀྱི་ཚུ་ཚོད་གསུམ་པ་ཙམ་དུ་གཟོད་ངལ་གསོས།    དཀོན་མཆོག་སྐྱབས་ཉལ་བར་བྲེལ་བ་ཅིའི་མི་ལངས།    མདང་ནུབ་རྨིས་པའི་མཛེས་སྡུག་གི་རྨི་ལམ་དེ་ཡང་བསྐྱར་རྨི་བའམ་ཡང་ན་རྨི་ལམ་དེའི་མཇུག་སྐྱོང་བར“ཤི་བོ་ཆོས་ལ་འཁྲེང་འཁྲེང”བྱེད་ཀྱིན་པ་མིན་ནམ།    གློག་བཏལ་བའི་ནག་དུབ་ནང་ནས་མིག་ཇི་ལྟར་བཙུམ་ནའང་ཚོང་དོན་དེའི་འཕྲོ་མར་སེམས་པ་ཤོར་བ་ལས་གཉིད་ཡེ་མ་ཁུག    མལ་ས་ལས་འདྲེ་རྡོག་མང་པོ་བརྒྱབ་ཅིང་བཙན་ཚུགས་ཀྱིས་གཉིད་ཁུག་པར་རེ་བ་བྱས་བྱས་མཐར་གཉིད་འཁྲལ་འཁྲུལ་ཞིག་ཏུ་ཡུར།    འོན་ཏེ་མདང་ནུབ་ཀྱི་མཛེས་སྡུག་གི་རྨི་ལམ་དེ་ནི་དེ་རིང་གི་ཚོང་དོན་ལས་ཀྱང་རྡབ་བརྒྱ་འགྱུར་ལས་དཀའ་བ་ལྟར་རྨིས་རྒྱུ་ལྟ་ཅི།    ལྡོག་སྟེ་ཚོང་དོན་ལ་རྔམ་པའི་རྨི་ལམ་མག་མོག་ཅིག་རྨིས་ནས་གཉིད་ཀྱི་བདེ་བ་འཕྲོག    མཱ་ཀ་སིར་གྱིས“ཝ་ཡེ།   མྱུར་བར་ལོངས།    ཁ་ཆད་ཀྱི་དུས་ཚོད་དུ་སླེབས་ལ་ཉེ་བས་མགྱོགས་ཤིག” ཅེས་འབོད་ཀྱིན་འདུག་ལ།    དེ་དུས་ཉི་འོད་མཐོང་རྒྱུ་མེད་པའི་གྲོང་ཁྱེར་དེའི་ཞོགས་པའི་སྐྱ་མདངས་སྔ་མོ་ནས་ཤར་ཟིན།   

ཡིད་ཤིན་ཏུ་ཚིམ་པོ་ཞིག་མ་བྱུང་བའི་ཚོང་དོན་དེ་འགྲུབ་ནས་ཕྱིར་ལམ་ལ་ཆས་དུས་ཕྱི་དྲོའི་ཆུ་ཚོད་བཞི་བར་སླེབས་ཟིན།     གྲོགས་པོ་མཱ་ཀ་སིར་གྱིས་རླངས་འཁོར་ཁ་ལོ་བསྒྱུར་བཞིན་ཐེངས་འདིའི་ཚོང་དོན་དུ་ཕ་རོལ་བོ་ཚིག་ཐོག་ཏུ་བསྡད་མེད་པར་དམོད་མོ་རེ་ཟུང་ཐལ་བ་ལས་ཁོ་གཉིས་ཀྱི་བར་དུ་སྨྲ་བ་གཞན་ཅི་ཡང་མེད་པར་བསྐྱོད།    དཀོན་མཆོག་སྐྱབས་ཀྱང་དེ་ལས་མ་འདས་ཏེ་བརླ་ཐོག་ལ་ཁུ་ཚུར་གྱིས་གཞུས་ཏེ་བསམ་པ་ལྟར་ཞིག་འགྲུབ་མ་སོང་བར་ཁོང་ཁྲོ་དང་འགྱོད་པ།   ཕྲག་དོག་སོགས་འདྲ་མ་འདྲེས་ཤིག་གིས་ཀླད་ཁམས་ཡང་ཡང་དཀྲུགས།    

“དལ་མོ་བྱོས་ཨ།    གཉིད་དུབ་བམ”སྐད་ཆ་དེ་ནི་ཁོ་གཉིས་བར་གྱི་ཁ་བརྡ་ཉག་གཅིག་ཡིན།    དཀོན་མཆོག་སྐྱབས་ཀྱིས་དེ་ལྟར་སྨྲ་བར་ཅི་ཁག་སྟེ།     ན་ནིང་ཡང་དོན་དག་ཅིག་གི་ཆེད་དུ་ཉིན་ཞག་ཁ་ཤས་ལ་བྲེལ་བས་མཚན་མོ་གཉིད་ཡག་པོ་མ་ཉལ་བའི་ཁར་རླངས་འཁོར་བཏང་བས་འགྲིམ་འགྲུལ་བྱུར་རྐྱེན་ཡ་ང་བ་དེ་བྱུང་བ་མིན་ནམ།    ཅུང་མིན་ན་ཕྱི་མར་བརྫངས་སོང་།     སང་ཉིན་རྐང་བའི་ནང་གི་ལྕགས་འཛེར་ལ་བརྟག་དཔྱད་བྱེད་དགོས་པའང་འགྲིམ་འགྲུལ་དོན་རྐྱེན་དེའི་འབྲས་བུ་མིན་ནམ།   

མཚན་གུང་ཙམ་དུ་ཁོ་གཉིས་གཟོད་གྲོང་ཁྱེར་དུ་འབྱོར།    དཀོན་མཆོག་སྐྱབས་ཁྱིམ་དུ་འབྱོར་མ་ཐག་མགྱོགས་པར་ཉལ།     ཁར་ནུབ་མོའི་རྨི་ལམ་སྐྱིད་པོ་དེའི་མཇུག་སྐྱོང་བའམ་ཡང་བསྐྱར་གཅིག་རྨི་བའི་རེ་བ་ཆེན་པོས་མིག་ཟུང་བཙུམ།    མིག་ཅི་ལྟར་བཙུམ་ཡང་གཉིད་ནི་དེ་ལྟར་ཁུག་མི་ཐུབ་པར།    ལྡོག་སྟེ“སང་ཉིན་རྐང་བའི་ནང་གི་ལྕགས་འཛེར་ལམ་སློང་འགྲོ་མིན་དང་།      གནང་ཉིན་ནས་ལས་ཁུངས་ལ་རྫུན་ལབ་སྟེ་གནང་བ་ཞུས་པའི་ཁ་གང་བས་ལས་ཞུགས་བྱེད་དགོས།    ལས་ཞུགས་ཡག་པོ་མ་བྱས་ན་སང་ལོ་ཀྲུའུ་རིན་གྱི་གོ་ཐོབ་ལྟ་ཅི་ཁུ་ཀྲང་གི་གོ་གནས་ཀྱང་ཐོབ་མིན་དཀའ།    ལས་ཞོར་དུ་ཚོང་ཞིག་མ་་བརྒྱབ་ན་ཟླ་ཕོགས་གཅིག་པུས་གྲོང་ཁྱེར་ནས་ཁང་བ་ཡག་པོ་དང་རླངས་འཁོར་བཟང་བོ་ཞིག་ཅི་ལ་ཁུག     ཁང་བ་ཡག་པོ་དང་རླངས་འཁོར་བཟང་ཙམ་མེད་ན་རང་གི་ལོ་ཚད་ཅིག་གིས་བཟའ་ཟླ་འོས་འཚམ་ཞིག་ལོན་རྒྱུ་ཤིན་ཏུ་ནས་ཀྱང་དཀའ་མོ་མ་ཡིན་ནམ།    མ་རེད་མ་རེད།     གོ་གནས་དང་སྒོར་མོ་ཡོད་ན་ལོ་ཚད་དང་རྐང་བའི་ནང་གི་ལྕགས་འཛེར་སོགས་ནི་གནད་དོན་མིན་པར་བཟའ་ཟླ་རྙེད་སླ་བ་ལས་ཁུངས་ཀྱི་མི་མང་པོ་ཞིག་གི་འདས་དོན་ལས་ཤེས་སླ་བ་རེད་ཨང” སོགས་ནམ་རྒྱུན་ལུས་སེམས་གཙེ་བའི་བསམ་ཡན་དེ་དག་འཚང་འོང་ནས་རྣམ་པར་རྟོག་པའི་འགྱུ་བ་གཞན་དང་གཞན་ཁེགས་པར་བྱེད་འོང་།     

     ནམ་རྒྱུན་སྨུག་ནག་གི་ཐལ་རྡུལ་ཞིག་གིས་མཐོང་ལམ་བསྒྲིབས་ཤིང་།    ཉིན་མཚན་གཉིས་སུ་རླངས་འཁོར་སོགས་ཀྱི་ལྡིར་སྒྲ་ཞིག་མཚམས་ཆད་རྒྱུ་མེད་པ།    ཀ་བ་ཞིག་གྱེན་དུ་བསླངས་པ་ལྟ་བུའི་ཁང་བརྩེགས་མང་པོས་རབ་ཏུ་གང་བའི་གྲོང་ཁྱེར་དེ་ནས་དཀོན་མཆོག་སྐྱབས་ཀྱིས་རྨི་ལམ་དེ་རྨི་བར་རེ་ནས་ཞག་སྐོར་སུམ་བརྒྱ་དྲུག་ཅུར་ཉལ།  ཉིན་ཞག་དགུ་བརྒྱ་གོ་དགུར་ཉལ།  དེ་ལྟར་ཉལ་བས་ཁོས་གོ་ས་ལྟ་ཅི་ལས་ཀའང་ཤོར།    བཟའ་ཟླ་མ་རྙེད་ཅིང་རྐང་བའི་ནང་གི་ལྕགས་གཟེར་ཡང་མ་བླངས་པས་གཡས་རྐང་ནི་རང་གི་ཡིན་པའང་མི་ཤེས་པར་ཤིང་རྐང་ཞིག་བཏགས་པ་ལྟ་བུའི་ཚོར་བ་ལས་མི་འདུག    ཡིན་ནའང་ཁོ་མཛེས་སྡུག་གི་རྨི་ལམ་དེའི་ཆེད་དུ་མུ་ནས་མུ་རུ་ཉིན་ཞག་བསྣོལ་ནས་གཉིད།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:སྒོ།
  • ལེ་ཚན་རྗེས་མ།:འབྲོག་ཕྲུག་ཅིག་དང་འབྲོག་ཁྱི་ཞིག་གི་བརྩེ་བ།
  • རྩོམ་གསར། 10