སྒོ།

དུང་བུ་ཆོས་འབུམ་རྒྱལ།        2019-03-06

    ང་གཉིད་ལས་སད་རྗེས།མུན་པ་རབ་རིབ་ཀྱི་ཀློང་ན་སྒོ་ཕྱེ་འདུག ཨ་ཁ་ཁ།ནང་ལ་སུ་ཞིག་ཐོན་བྱུང་ངམ།

ངས་ཉལ་ཁར་སྒོ་རྒྱག་མི་སྲིད་པ་ག་ལ་སྲིད།དཔེ་མི་སྲིད།

   མ་སད་གོང་གི་འཐབ་འཛིང་དེ་ནི་རྨི་ལམ་མ་ཡིན་ནམ།གྲིབ་ཀྱིས་མནན་པ་མ་ཡིན་ནམ།ཁྲག་གམ་དབུགས་

གང་རུང་གི་རྒྱུ་བ་འགག་པའམ་ཆད་པ་ལྟར་ཡུད་ཙམ་ལ་ལུས་ཀྱི་རྐང་ལག་འགུལ་མེད་དུ་གྱུར་ཞིང་ཡུན་གྱིས་ཤ་ལྷོད་པ་ལྟ་བུའི་སྣང་བ་ཞིག་གིས་དལ་བ་དལ་བུར་དབུགས་ཁུག་པ་འགའ་ཕར་འབྱིན་ཚུར་རྔུབ་བྱས་པ་ན།མདུད་པ་གྲོལ་བ་ལྟར་ལུས་ཀྱི་རྩ་རྒྱུས་ལྷོད་སེར་གྱུར་ཞིང་།དེ་མུར་གཉིད་ལས་སད་བྱུང་།དེ་ནི་གཉིད་དུས་སུ་ལག་པ་བྲང་ཁར་བཞག་པས་མ་ཡིན་ནམ།ཡུལ་མི་དག་གིས་སྣང་ཚུལ་འདི་ལ་གྲིབ་ཀྱིས་མནན་པ་ཟེར།གཉིད་ལས་སད་རྗེས་ཐང་ཆད་འདུག་པས།ང་ནི་དངོས་གནས་མུན་ནག་གི་ཀློང་ལ་བསྐུངས་པའི་གྲིབ་མ་སྟོབས་ཆེན་ཞིག་གིས་མནན་བྱུང་བ་འདྲ།གྲིབ་མ་དེ་སུ་ཡིན་ནམ།རེད།དེ་ནི་བསོད་ནམས་རེད།ང་ནི་གྲིབ་ཀྱིས་མནན་པ་ག་ལ་ཡིན།བསོད་ནམས་ཀྱིས་མིག་ཅེར་ཞིང་སོ་འཁྲུགས་ནས་སྐད་བཙུར་ཏེ“ཁྱོད་ཅིའི་ཕྱིར་མི་ཡོང་བ་ཡིན།ཁྱོད་ཅིའི་ཕྱིར་མི་ཡོང་བ་ཡིན”ཞེས་ང་རང་གསིག་འཐེན་འགའ་བྱས་པས་ཐང་ལ་ལྷུང་བ་ལྟར་འཕག་འཚག་དང་བཅས་གཉིད་ལས་སད་བྱུང་།ཨ་ཁ་ཁ།ང་རང་དངོས་སུ་མལ་ཁྲིའི་སྟེང་ནས་ཐང་ལ་ལྷུང་འདུག

      “ཨ----”

      ང་རང་གློ་བུར་དུ་སྐྲག་མ་དངངས་ཀྱིས་ཨག་བརྒྱངས་སེར་གྱུར།མཐོང་ལམ་ཡོད་ཚད་ནག་ཐིབ་བེར་བང་སྒྲ་

ཞིག་གི་ཀློང་ལ་འདྲེས་སོང་།ང་ཡང་བསྐྱར་གཉིད་ལ་ཤོར་སོང་བ་འདྲ།འདི་ནི་རྨི་ལམ་ཡིན་ནམ།

     མུན་པ་མཐུག་པོ་འདི་ལས་ང་རང་ཧ་ཅང་ཡང་།དལ་བུར་གཡོ་བའི་སྣང་བ་ཞིག་ལས་རང་ལ་ཐོགས་རེག་

ཅི་ཡང་མེད་པ་རླུང་དང་འདྲ་བ་ཚོར།འདི་ནི་རྨི་ལམ་ཡིན་སྲིད།བསོད་ནམས་ཀྱིས་གསིག་འཐེན་ངང་ང་རང་མལ་ཁྲིའི་སྟེང་ནས་ཐང་ལ་གཡུགས་རྗེས།ངའི་ཁང་བའི་སྒོ་མ་བརྒྱབ་པར་བུད་སོང་བའང་རྨི་ལམ་ཡིན་སྲིད།ངས་ཁོ་ལ་ཁྲེལ་མེད་ཅི་ཡང་བྱས་མེད།ཁོས་དོན་མེད་དུ་ང་རང་ག་ལ་བཙལ།ཡང་གཅིག་བཤད་ན་ཉིན་དེའི་འཁོར་བགེགས་ཀྱིས་ང་རྨས་པ་དང་ཁོ་བསད་པ་ནི་རང་གཞན་སུ་ལའང་མི་དབང་བའི་ལས་ཀྱི་བར་ཆད་ཅིག་ལས་མ་འདས་པས།ཕན་ཚུན་ལ་ཁག་འགེལ་བྱེད་ག་ལ་ཆོགངས་ཁ་ཏོན་དགེ་སྦྱོར་བྱས་ཏེ་བསྔོ་བ་སྨོན་ལམ་ཅི་འདྲ་བརྒྱབ་ནའང་ཁོས་ང་རང་བཙལ་ནས་མི་གཏོང་བར་རྒྱུ་རྐྱེན་ཞིག་ཡོད་ངེས།དེ་ནི་ཉིན་དེར་ངས་ཁོ་རང་འགྲོ་རོགས་སུ་ཁྲིད་པས་ཡིན་ནམ།ངས་ལམ་བར་ནས་གློ་བུར་བའི་དོན་དག་དེ་འདྲ་ཞིག་འབྱུང་བ་ཡིད་ཀྱི་དགུ་ལའང་མ་དྲན་པས།དོན་དག་དེ་ནི་ངའི་ནོར་འཁྲུལ་ཁོ་ནས་བཟོས་པ་ཞིག་མིན།ཡིན་ནའང་།ང་ཉིན་དེར་རྫོང་ལ་སོང་མེད་ཚེ་ངས་ཁོ་འགྲོ་རོགས་སུ་མི་འཁྲིད།ཡང་ན་ངས་འཕྲུལ་རྟ་ཁོ་ལ་བསྐོར་ཏུ་མ་བཅུག་པར་རང་གིས་བསྐོར་ཡོད་ཚེ་དོན་དག་འདི་འདྲ་ཞིག་བྱུང་མེད་ཀྱང་སྲིད།ངེད་གཉིས་འཕྲུལ་རྟ་གཅིག་གི་གོང་ནས་མཉམ་དུ་སོང་ཡང་མཐར་ཁོ་ནི་ཕྱི་མའི་ལམ་དུ་ཆས་ཤིང་།ང་སྔར་བཞིན་འཇིག་རྟེན་དཀར་ངོགས་འདིར་ལུས་པས།འཆི་བ་ནི་ཅི་འདྲའི་ཕྱོགས་རིས་ཅན་ཞིག་རེད་ཨང་།ཁོས་འདི་ལྟར་བསམས་ཏེ་ང་ལ་ཞེ་ཆགས་པ་ཡིན་སྙམ།ཡང་ན་ཁོས་རང་ཉིད་ཤི་སོང་བ་མ་ཚོར་བར་ཡོད་ཚད་རྨི་ལམ་དུ་འཁྲུལ་བ་ཡིན་ནམ།ཉིན་དེའི་འཁོར་བགེགས་ནི་ཅི་འདྲའི་འཇིགས་སུ་རུང་བ་རྨི་ལམ་དུའང་འཁོར་མི་ཐུབ་པ་ཞིག་རེད་ཨང་།ཆག་ཅིང་གཏོར་བའི་འཕྲུལ་རྟ་དང་ཁྲག་གིས་སྦག་པའི་ལུས་པོ།རྨ་ཁས་ཁེངས་པའི་ངོ་གདོང་།འཇིགས་སྐྲག་རྒྱས་པའི་མིག་མདངས་སོགས་ནི་ད་དུང་ཡིད་ལ་ཤར་ཡོང་།མིག་ལ་འཆར་ཡོང་།ཅི་འདྲའི་ལྟ་བར་མི་བཟོད་པ།སྐྱི་གཡའ་བ་ཞིག་རེད་ཨང་།ངས་དོན་དག་འདི་དྲན་མི་འདོད།གླེང་མི་འདོད།རིག་མི་འདོད།ང་ལ་ཡོད་ཚད་བརྗེད་དུ་འཇུག་རོགས།ཡོད་ཚད་གཏན་བརྗེད་དུ་གྱུར་འགྲོ་ན་ཅི་མ་རུང་།ངས་མིག་ཟུང་ཤེད་ཀྱིས་བཙུམས་ཀྱང་འཁོར་བགེགས་བྱུང་བའི་ཡུལ་དངོས་ཀྱི་རྣམ་པ་ཇི་མ་ཇི་བཞིན་མཐོང་སྣང་དུ་མངོན་ཡོང་བ་འདི་ཅིའི་ཕྱིར།ཨ་ཁ་ཁ།འདི་ནི་རྨི་ལམ་མ་ཡིན་ནམ།འདི་ནི་རྨི་ལམ་མིན་པ་འདྲ།བསོད་ནམས་ཡང་བསྐྱར་མུན་པའི་མཐུག་ས་ནས་ཚུར་ལ་འཇུར་བྱུང་།ཁོའི་ལུས་པོ་ཁྲག་གིས་སྦགས་འདུགཁོས་ཡང་བསྐྱར་མིག་ཅེར་ཞིང་སོ་འཁྲུགས་ནས་སྐད་བཙུར་ཏེ“ཁྱོད་ཅིའི་ཕྱིར་མི་ཡོང་བ་ཡིན།

ཁྱོད་ཅིའི་ཕྱིར་མི་ཡོང་བ་ཡིན”ཞེས་ང་རང་གསིག་འཐེན་བྱས།ངས་ཤུགས་ཅི་ལྟར་བཀོལ་ཡང་

ལག་པ་འགུལ་ཐབས་མི་འདུག རྐང་བ་གཡུག་ཐབས་མི་འདུག སྐད་ཆ་བཤད་ཐབས་མི་འདུག

འཕག་འཚག་ལན་འགར་བྱས་པས་ང་རང་ཐང་ལ་ལྷུང་བ་ལྟར་གཉིད་ལས་བསླངས་སོང་།

      སླར་ཡང་གཉིད་ལས་སད་དུས།ང་རང་སྨན་ཁང་གི་ནད་ཁྲིའི་སྟེང་ན་ཉལ་འདུགདགེ་གྲོགས་ཟླ་བ་དང་

སློབ་གཙོ་ཀུན་བཟང་།ཕུ་བོ་རྡོ་རྗེ་སོགས་མིག་ཟུང་ཅེར་ནས་ངའི་སྟེང་ལ་རུབ་འདུག ང་ལ་ཅི་བྱུང་ངམ།

      “ང་འདི་རུ་ཅི་ལྟར་ཐོན་པ་རེད”

       ངས་འདི་ལྟར་འཆད་དུས་ད་གཟོད་རང་ཉིད་ཐང་ཆད་ནས་སྐད་གདངས་རྒྱུ་མའི་མཐིལ་ལ་ལྷུང་འདུག་པ་

ཚོར་བྱུང་།ངས་དངོས་གནས་བསོད་ནམས་ལ་འཐབ་འཛིང་བྱས་པ་འདྲ།གལ་སྲིད་དེ་ནི་རྨི་ལམ་ཡིན་ཚེ།འདི་འདྲའི་ཐང་ཆད་ག་ལ་སྲིད།དཔེ་མི་སྲིད།

       “ནམ་གུང་གློག་གཟིམས་ནས་ཅང་མ་འགོར་བར།གློ་བུར་དུ་ཁྱོད་ཀྱི་ཁང་བའི་ནང་ནས་ཨག་སྐད་སྙིང་ལ་

གཟན་པ་ཞིག་བར་གྱང་བརྟོལ་ཏེ་ཚུར་ལ་མཆེད་བྱུང་བས།ང་རང་སེམས་པ་དོགས་པས་ཁེངས་ནས་གཉིད་མ་ཐུབ།མཐར་ཁྱོད་ཀྱི་ཁང་བའི་སྒོ་རྡུང་བ་ཡིན་ཡང་།གྲགས་འགུལ་ཅི་ཡང་མི་འདུག ང་ནང་དུ་འཛུལ་རྗེས་ཁྱོད་མལ་ཁྲིའི་

སྟེང་ནས་ཐང་ལ་ལྷུང་སྟེ་དབུགས་ཆད་འདུག ངས་གམ་གྱི་དགེ་གྲོགས་དག་ལ་བརྡ་བརྒྱབ་སྟེ་ཁྱོད་རང་

སྨན་ཁང་ལ་བསྐྱལ་བ་ཡིན།ཁྱོད་ལ་སྐྱོན་མེད་དམ།དོན་དག་ཅི་ཞིག་བྱུང་བ་རེད།”

      དགེ་གྲོགས་ཟླ་བས་གམ་གྱི་མི་རེ་རེའི་གདོང་ལ་ནན་གྱིས་ཐེངས་གཅིག་བལྟས་རྗེས།མཚར་སྣང་དང་བཅས་

འདི་ལྟར་བཤད།ཁོའི་མིག་མདངས་སྔར་བཞིན་དོགས་པས་ཁེངས་འདུག

      ངས་དགེ་གྲོགས་ཟླ་བ་ལ་ཨ་ལན་ཅི་ཡང་མ་བྱིན་པས་སློབ་གཙོས་གསལ་འདེབས་ཀྱི་ཚུལ་དུ“རྨི་ལམ་འཁྲུགས་སོང་ངམ”ཟེར།

      ངས“འཁྲུགས་སོང་།ཟླ་བ།ཁྱོད་ངའི་ཁང་བའི་ནང་ལ་ཐོན་དུས་ངའི་ཉལ་ཁང་གི་སྒོ་ཕྱེ་ཨེ་འདུག”ཅེས་དྲིས་པ་ན།ཟླ་བས“ཕྱེ་མི་འདུག བརྒྱབ་འདུག”ཟེར།

      འདི་རྨི་ལམ་ཡིན་ནམ།


  • ལེ་ཚན་སྔོན་མ།:དཔེ་མཛོད་ཁང་གི་དཔེ་ཆ།
  • ལེ་ཚན་རྗེས་མ།:རྨི་ལམ་དང་གཞན་དག