ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཕ་རི་སི་འཕགས་མ་ལྷ་ཁང་ལ་མེ་སྐྱོན་ཤོར་བའི་ཐད་ཧྥ་རན་སིའི་ཙུང་ལི་མ་ཁེ་ལོང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་གནང་བ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-04-18

    སྤྱི་ཚེས་16ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཕ་རི་སིའི་འཕགས་མ་ལྷ་ཁང་ལ་མེ་སྐྱོན་ཤོར་བའི་ཐད་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལོང་ལ་འཚམས་འདྲི་ཞུ་བའི་གློག་འཕྲིན་བཏང་གནང་བ་དང་། ཧྥ་རན་སིའི་མི་དམངས་ཡོངས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་ཞུས་གནང་ཡོད་པ་རེད།

    ཞི་ཅིན་ཕིང་གིས། ཕ་རི་སིའི་འཕམས་མ་ལྷ་ཁང་ནི་ཧྥ་རན་སིའི་ཤེས་དཔལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྩ་ཆེའི་ནོར་བུ་ཞིག་ཀྱང་ཡིན། ཀྲུང་གོའི་མི་དམངས་ཀྱིས་ཧྥ་རན་སིའི་མི་དམངས་དང་མཉམ་དུ་ད་རེས་ཀྱི་མེ་སྐྱོན་ཐད་སེམས་སྡུག་ཆེན་པོ་བྱེད་ཀྱི་ཡོད། ཧྥ་རན་སིའི་མི་དམངས་ཀྱི་འབད་བརྩོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག ཕ་རི་སིའི་འཕགས་མ་ལྷ་ཁང་བདེ་བླགས་ངང་སླར་གསོ་ཐུབ་ནས། སླར་ཡང་འོད་སྟོང་འཕྲོ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བསྟན་གནང་ཡོད།

    ཕ་རི་སིའི་འཕགས་མ་ལྷ་ཁང་ནི་ཀེ་ཐེ་རྣམ་པའི་འཛུགས་སྐྲུན་ཞིག་ཡིན་པ་དང་། སྤྱི་ལོ་1163ལོར་སྐྲུན་འགོ་ཚུགས་ཞིང་། སྤྱི་ལོ་1345ལོར་འཛུགས་སྐྲུན་བྱས་ཟིན་ཡོད། ཕ་རི་སིའི་ཆེས་འཐུས་ཚང་རང་བཞིན་ལྡན་པའི་གནའ་ཤུལ་གྱི་གྲས་ཤིག་ཡིན་པའི་ངོས་ནས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ཀྱིས་འཛམ་གླིང་རིག་གནས་ཤུལ་བཞག་མིང་ཐོའི་ནང་བཅུག་ཡོད། ཕ་རི་སིའི་འཕགས་མ་ལྷ་ཁང་དེ་ཉིད་ཧྥ་རན་སིའི་གྲགས་ཅན་རྩོམ་པ་པོ་ཡུའེ་གོའི་མིང་གཅིག་པ་ཡིན་པའི་བརྩམས་གྲུང་གི་ཐོག་ནས་འཛམ་གླིང་ལ་སྐད་གྲགས་ཆོད་ཡོད་པ་དང་། ལོ་རེར་ཡུལ་སྐོར་བ་མི་ཐེངས་བྱེ་བ་གཅིག་དང་ས་ཡ་གསུམ་ཙམ་ཡིད་འགུག་བྱེད་ཀྱི་ཡོད། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་15ཉིན་གྱི་དགོང་དྲོ་མེ་སྐྱོན་ཤོར་ནས། ཕ་རི་སིའི་འཕགས་མ་ལྷ་ཁང་གི་རྩེ་མོ་ལོག་ཡོད་པ་དང་། འཛུགས་སྐྲུན་ལ་གཏོར་སྐྱོན་ཚབ་ཆེན་ཕོགས་ཡོད། ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་16ཉིན་གྱི་སྔ་དྲོ། ཧྥ་རན་སིའི་མེ་ཟོན་ཚན་པས། ཕ་རི་སིའི་འཕགས་མ་ལྷ་ཁང་གི་མེ་ཚང་མ་བསད་ཟིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཕ་རི་སིའི་འཕགས་མ་ལྷ་ཁང་གི་མགྲིན་ཚབ་པས། ཕ་རི་སིའི་འཕགས་མ་ལྷ་ཁང་སླར་གསོ་བྱེད་པར་ལོ་ཤས་ཀྱི་དུས་ཚོད་དགོས་ཀྱི་ཡོད་ཅེས་བསྟན་ཡོད། གསར་འགྱུར་ལས་རིགས་ཀྱིས། སླར་གསོ་བྱེད་པའི་འགྲོ་གྲོན་སྔོན་དཔགས་བྱས་ན་ཡོ་རབ་སྒོར་མོ་བྱེ་བ་གཅིག་དང་ས་ཡ་ལྔ་དགོས་ཀྱི་ཡོད། ཕ་རི་སིའི་འཕགས་མ་ལྷ་ཁང་དེ་ཉིད་མིག་སྔར་ཉམས་གསོ་བྱེད་བཞིན་ཡོད་པ་དང་། འདི་ཟླའི་ཟླ་འགོར། རིག་དངོས་ཁག་གཅིག་གནས་སྤོས་བྱས་ཡོད་པས། ད་རེས་ཀྱི་མེ་སྐྱོན་ལས་གཡོལ་ཐུབ་ཡོད་ཅེས་བསྟན་ཡོད་པ་རེད། ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལོང་གིས། ཕ་རི་སིའི་འཕགས་མ་ལྷ་ཁང་གི་མེ་སྐྱོན་དེས་རྒྱལ་ཁབ་ཧྲིལ་པོར་སྡུག་བསྔལ་བཟོས་ཡོད་ཅེས་བསྟན་ཡོད་པ་རེད།


  • ལེ་ཚན་སྔོན་མ།:སི་རི་ཡཱའི་ཙུང་ཐུང་གིས་སི་རི་ཡཱ་དང་དབྱི་རག་གི་འབྲེལ་བར་ཤུགས་སྣོན་བྱེད་པ་ནན་བཤད་བྱས།
  • ལེ་ཚན་རྗེས་མ།:ཐའེ་ཝན་ཧྭ་ལན་དུ་ས་ཡོམ་རིམ་པ6.7བྱུང་བས་ཀྲེ་ཅང་དང་ཧྥུའུ་ཅན་དུ་ཡོམ་ཚོར་བྱུང་།
  • དོ་སྣང་ཆེ་བའི་རྩོམ།