ལི་ཐང་རྫོང་གྱོང་པ་སློབ་གྲྭས་གནའ་བྲོའི་འགྲན་སྡུར་སྤེལ།

        2019-04-16

ལི་ཐང་རྫོང་གྱོང་པ་སློབ་གྲྭས་གནའ་བྲོའི་འགྲན་སྡུར་སྤེལ།

 

གྱོང་ཆུ་སྔོན་མོའི་འགྲམ་དར་མཁྲེགས་པོ་དེ་དཔྱིད་ཀྱི་བསིལ་རླུང་འཇམ་པོ་དང་འགྲོགས་པའི་ཉི་འོད་ཀྱིས་བཞུས་ཤིང་། བཅུ་འབུམ་ལྷ་རི་མཐོན་པོའི་གངས་ཁ་བའི་དབུ་ཞྭ་དཀར་པོ་དེ་དགུན་གྱི་ལྷགས་པ་དང་ལྷན་དུ་ཕུད་པ་དང་ཆབས་ཅིག་ཏུ། དཀར་དམར་མདངས་ཀྱི་སྡུག་གུ་རྣམ་པར་བཞད་པའི་ཁམ་བུ་མེ་ཏོག་གི་སྨད་ཤམ་གསོལ་བའི་སོས་ཀའི་དུས་འདིར། རྣམ་པར་རྒྱལ་བའི་ཁང་བཟང་དང་ཆོས་བཟང་ལྷ་ཡི་མདུན་ས་ཡང་དམན་སར་འགོད་པའི་གྱོང་པའི་སའི་ལྟེ་བ། སྟག་སེང་གཡི་ཤོད་སུམ་མདོར་རྟེན་དང་བརྟེན་པའི་མཛེས་སྡུག་བརྗིད་ཅིང་ལྷུན་ཆགས་པའི་གྱོང་པ་སློབ་གྲྭའི་བ་གམ་མཐོན་པོ་གནམ་ལ་སྙེགས་ཤིང་། གཙང་ཞིང་ཡིད་དུ་ཡོང་པའི་ཁོ་ར་ཁོར་ཡུག་ཀུན་གྱིས་མིའི་ཡིད་སེམས་ལ་དང་བ་དང་སྤྲོ་བ་ཟད་མི་ཤེས་པ་སྟེར།


ལི་ཐང་རྫོང་གྱོང་པ་སློབ་གྲྭས་གནའ་བྲོའི་འགྲན་སྡུར་སྤེལ།

  སྤྱི་ཟླ4པའི་ཚེས15ཉིན་ལ་ལི་ཐང་རྫོང་གྱོང་པ་སློབ་གྲྭས་གྱོང་པ་ཡུལ་གྱི་སྲོལ་རྒྱུན་གྱི་གནའ་བྲོ་འགྲན་བསྡུར་ཞིག་སྤེལ་ཡོད་པ་རེད། 

  སློབ་འབྲིང་གི་ར་སྐོར་དུ་སློབ་གྲྭ་ཆུང་འབྲིང་གི་འཛིན་གྲྭ་བཅོ་བརྒྱད་དང་སྐད་གཉིས་བྱིས་སློབ་ཁང་གི་བྱིས་པ་དག་དང་བཅས་བསྡོམས་པས་སློབ་མ་བརྒྱད་བརྒྱ་ལྷག་དང་། དགེ་བཟོ་བ་བརྒྱད་ཅུ་ལྷག་རང་རང་གི་སར་དལ་ཅག་གེར་དང་ལྷོད་ཤིག་གེར་གྲལ་ལ་འཁོད་ནས་སྒུག་འདུག་ཅིང་། ད་དུང་ལྟད་མོ་བ་གྲངས་ལས་འདས་པ་དག་གིས་ཀྱང་མིག་རིག་རིག་གིས་ཅེར་ནས་བསྡད་འདུག   གློ་བུར་དུ་དགའ་བའི་ཐལ་སྒྲ་དང་སྤྲོ་བའི་འབོད་སྒྲ་རྒྱ་མཚོའི་རྦ་རླབས་འཕྱོ་བ་བཞིན་གཅིག་ལངས་གཅིག་འཇགས་ཀྱི་ཚུལ་གྱིས་སློབ་ར་གཡོ་བར་བྱས་སོང་། དེ་ནི་འཛིན་གྲྭ་སོ་སོའི་སློབ་མ་བྲོ་གར་ལ་ཞུགས་པ་རྣམས་ཀྱི་ལུས་ལ་མཛའ་བའི་གོས་དང་མཛེས་པའི་རྒྱན་གྱིས་བརྒྱན་ནས་འཕྲོ་རིམ་འཕྲོར་སློབ་རར་ཐོན་ནས་རང་རང་གི་གདན་གྲལ་ལ་འཁོད་སོང་། དེ་རིང་། བལ་པོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས་ཟེར་བ་བཞིན་ལྟད་མོ་གྱ་ནོམ་པ་ཞིག་མིག་གི་དཔྱིད་དུ་འཇོ་རྒྱུ་ཡིན་པ་ནི་མ་བཤད་རུང་རྗེས་སུ་དཔོག་ཐུབ།

   དེ་ཡང་རྒྱན་གོས་ཀྱི་ཐད་ནས་བཤད་ན་ཕལ་ཆེ་བས་ཕྲུག་དང་དེ་མིན་རས་རྒྱུ་སྣ་ཚོགས་པའི་ཕྱུ་པ། འབུ་རས་དཀར་པོ་དང་དར་རས་དམར་པོ། སེར་པོའི་དོར་མ་སྟོད་འབོལ། ཀོ་ལྷམ་མཐིལ་སྤྲད་མ། ལྟག་སྐྲ་སྟོང་སྐུད་ཚར་དཔྱང་། ཨ་ལོང་དགུ་ཕྲ་མ། སྐེ་རྒྱན་དང་ཆབ་མ། གའུ། དངུལ་ཐག་དང་དངུལ་གྱི་ཁབ་ཤུབས། མེ་ཆ། གློ་ལུང་། ཕྲུག་གི་པང་གདན་དང་ལྷག་པར་དུ་དེང་སྐབས་མཐོང་དཀོན་པའི་པང་གདན་ལ་རྭ་བཏང་ཡོད་པ་སོགས་འདོགས་ཆ་ལེགས་པར་མ་ཟད། ལྷག་པར་དུ་བུ་མོ་ཚོས་གྱོང་པའི་ཡུལ་གྱི་ཁྱད་ཆོས་ལྡན་པའི་སྐྲ་གྱ་ལ་དང་། སྐྲ་ལན་བུ་ཞིབ་མོ་བསླས་མ་ལ་སྐྲ་ལག་དང་སྐྲ་བཅིང་།

     དུང་ཏིག་གི་སྐེ་སྒར་དང་དཔུང་སྒྲོག་སོགས་ལོ་སུམ་ཅུའི་གོང་དུ་མ་གཏོགས་ཧ་ལམ་མཐོང་དཀོན་པའི་སྲོལ་རྒྱུན་གྱི་རྒྱན་གོས་གྱིས་ལུས་མཛེས་པར་སྤོ་བ་ཁོ་ནས་ཀྱང་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སོང་ལ། དེ་ནས་འཛིན་རིམ་སོ་སོ་མཐར་གྱིས་གར་གྱི་སྟེགས་བུར་བུད་ནས་མཐོང་ན་མིག་གི་བཅུད་དང་བདུད་རྩིར་འགྱུར་ཞིང་ཐོས་ན་རྣ་བའི་དཔྱིད་དང་གསོས་སུ་སྨིན་པ་ཁོ་ན་ལས། དེང་གི་ཆ་མ་ཡར་སྡེབ་དང་ཁྱིའི་ཡར་མགལ་ཕག་གི་མར་མགལ་སྦྱར་བ་དང་། ཞྭ་དཔེ་ལྷམ་འགེབས་སུ་སོང་བའི་དབྱངས་འགྲོས་ཚིག་གསུམ་མ་ཡིན་པར། གྱོང་པའི་གནའ་བོའི་རྒྱུ་མ་ཉམས་ཤིང་སྲོལ་རྒྱུན་གྱི་ཚོས་མ་ལོག་པའི་བྲོ་ཚིག་དང་བྲོ་འགྲོས། དབྱངས་རྟ་རེ་རེས་ཡིད་སེམས་སྐྱིད་ལ་སྐུལ་སོང་བར་མ་ཟད། བབ་ཆགས་པའི་འགྱུར་ཁུགས་རེ་རེ་དང་སྒེག་ཅིང་ཉམས་དང་ལྡན་པའི་བྲོའི་སྟངས་སྟབས་རེ་རེས་གནའ་ཡི་མེས་པོ་དང་མེས་མོ་རྣམ་པ་དེ་རིང་འདི་རུ་འཛོམས་ནས་གླུ་བྲོ་ཁ་མཚར་ལ་རོལ་པ་ལོས་ཡིན་བསམ་པའི་སྣང་བ་དབང་མེད་དུ་སྟེར་སོང་།

     དཔྱད་འདེམས་པ་ཚོས་ཚངས་པའི་ཐིག་རིས་ལ་འཁུ་བའི་གཟུ་བོའི་བློས་ལེགས་པར་དཔྱད་ཅིང་བདེན་པར་བརྡར་ནས་ཐོབ་འོས་ཀྱི་སྐར་མས་གཡོ་འཛུར་མེད་པར་རིམ་པར་བཀར་ཞིང་རྣམ་པར་ཕྱེས་པ་སོགས་བྱེད་སྒོའི་ཡོ་ལང་ལེགས་པར་གྲུབ་པ་དང་སྦྲགས། སློབ་འབྲིང་གི་འདི་ལོའི་མཐར་ཕྱིན་སློབ་མ་ཚོས་གནའ་བོའི་རོ་བཅུད་རྩི་གསུམ་མ་ཡལ་པའི་བྲོ་ཡི་བཀྲ་ཤིས་ཁྲིད་ནས་མཇུག་ལེགས་པར་གྲུབ་པ་བཅས་སོ་ཞེས་ཞུ་རྒྱུ་དང་། འདི་ལྟར་ལེགས་ཚོགས་དཔལ་གྱིས་དགེ་བའི་བྱ་རིམ་གང་དེ་ནི་གྱོང་པ་སློབ་གྲྭའི་སློབ་གཙོ་བཀྲ་ཤིས་རྡོ་རྗེས་ཐུགས་ཁུར་ཆེར་བཞེས་ཀྱིས་རྒྱབ་སྐྱོར་དང་མཛུབ་སྟོན་གནང་བའི་དྲིན་དང་། འབྲེལ་ཡོད་འགན་ཁུར་བ་དང་འཛིན་བདག་དགེ་རྒན་དང་སློབ་མ་རྣམ་པས་དཀའ་ལས་བརྒྱབ་པའི་འབྲས་བུ། ཁྱིམ་བདག་དག་གི་སློབ་མར་མགོ་སླ་རོགས་དང་རྒྱན་གོས་གཡར་བ་སོགས་ཀྱི་དྲིན་ལས་བྱུང་བ་ཉག་གཅིག་ཡིན།

     འདི་ནི་སྟོན་གྱི་ལོ་འབྲས་བརྔས་པ་མ་ཡིན་ཏེ། འགྲན་བསྡུར་གྱི་རྒྱལ་ཕམ་གཙིགས་སུ་བཟུང་ནས་བྱ་དགའི་རྟགས་མ་དེ་བྱ་ཁྭ་ཏས་གཏོར་མ་ཁྱེར་བ་ལྟ་བུ་བྱས་ནས་ཆུ་ཕར་རིར་བསླེབས་དུས་ཟམ་པའང་ལེན་ཟེར་བའི་དཔེ་བཞིན་མ་ཡིན་པར་རྗེས་སུ་ཡུལ་འདིའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་ཐུབ་རྒྱུའི་དམིགས་ཡུལ་གཅིག་པུ་ཡིན། འདི་ནི་ས་བོན་བཏབ་པ་ཡིན་ཏེ། ཆུང་བྱིས་པའི་དུས་ནས་རྒྱུད་ཀྱི་ཞིང་ས་གཤིན་པོར་ཐུན་མིན་ཁྱད་ཆོས་དཔལ་གྱིས་ཕྱུག་པའི་རིག་གནས་འདིའི་མྱུ་གུ་འབུས་པའི་ཕྱིར་དུ་ཡིན། ཡང་གཅིག་བཤད་ན་ཀྲུང་ཧྭའི་རིག་གནས་ཀྱི་བང་མཛོད་ནང་གི་མུ་ཏིག་རྡོག་པོ་གཅིག་ལ་ཁ་མིན་དོན་གྱིས་བདག་གཅེས་བྱེད་སྟངས་ཀྱང་ཡིན་ནོ།།

གྱོང་པ་སློབ་གྲྭའི་དགེ་རྒན་སྐུ་རྒོད་བློ་བཟང་མཐུ་སྟོབས་ཀྱིས་བྲིས།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:འཛུགས་སྐྲུན་གྱི་ཚ་རླབས་འཕྱུར་བཞིན་པའི་རྒྱུ་ལའི་ཕུག་ལམ།
  • ལེ་ཚན་རྗེས་མ།:2019ལོའི་རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་དགའ་དཔྱད་འདེམས་དང་གཟེངས་བསྟོད་བྱེད་སྒོ་སྤེལ་འགོ་ཚུགས་པ།
  • དོ་སྣང་ཆེ་བའི་རྩོམ།