བོད་རིགས་ལོ་ཆུང་ཀུན་གྱི་མིག་དཔེར་འོས་པའི་ཆབ་མདོ་བུ་མོ་ཞིག

ཡེ་ཤེས་དང་སྐལ་ཐུབ་ཀྱིས་བྲིས།        2019-01-25

 

བོད་རིགས་ལོ་ཆུང་ཀུན་གྱི་མིག་དཔེར་འོས་པའི་ཆབ་མདོ་བུ་མོ་ཞིག

  ལོ་ན་ཕྲ་ཡང་སེམས་བསྐྱེད་རབ་ཏུ་ཆེ།། སེམས་ཀྱི་ཕུགས་སུ་ཞེན་པ་དཀར་པོ་བཅངས།།

  ཆོས་དབྱིངས་མཚོ་མོ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་ཚ་བ་མཛོ་སྒང་དུ་སྐྱེས་ཤིང་། སློབ་ན་རན་དུས་ཙ་ན་ཆབ་མདོ་རྫོང་སློབ་ཆུང་དུ་ཞུགས་པ་དང་། དེའི་རྗེས་ཆབ་མདོ་ས་ཁུལ་སློབ་འབྲིང་ནས་མཐར་ཕྱིན་རྗེས་བོད་ལྗོངས་ལྷ་སའི་སློབ་འབྲིང་གི་མཐོ་འབྲིང་ཚན་ཁག་ཏུ་ཞུགས། སློབ་ཆུང་དུས་ནས་རྩིས་རིག་ལ་ཐུན་མོང་མ་ཡིན་པའི་དགའ་ཞེན་དང་སྤྲོ་བ་བརྟས་ཤིང་རྩིས་རིག་སྐོར་གྱི་འགྲན་བསྡུར་དུ་མའི་ཁྲོད་དུ་ཞུགས་ནས་བྱ་དགའ་ཡང་མང་པོ་ཐོབ་པ་རེད། སྤྱིར་བོད་རིགས་སློབ་མ་དག་ལ་མཚོན་ན་རྩིས་རིག་ནི་ཅུང་སྦྱོང་དཀའ་བའམ་སྦྱང་སྙིང་དེ་ཙམ་མེད་པའི་སློབ་ཚན་ཞིག་ཏུ་རྩིས་མོད། འོན་ཀྱང་ཆོས་དབྱིངས་མཚོ་མོར་མཚོན་ན་དེ་ལས་ལྡོག་སྟེ། མོ་རང་ལ་རྩིས་རིག་ཐད་ལྷན་སྐྱེས་ཀྱི་ཤེས་རབ་ཅིག་ཡོད་པའི་ཁར་གཙོ་ཆེར་མོ་རང་ལ་ཞུམ་མེད་སྙིང་སྟོབས་དང་གུས་རྟག་གི་བརྩོན་པ་ཀུན་ལས་ལྷག་པ་ཞིག་ཡོད་པ་དང་སྙིང་སྟོབས་དང་བརྩོན་སེམས་དེ་དག་གི་འབྱུང་རྩ་ཡང་མོས་ནམ་རྒྱུན་གྱི་སེམས་བསྐྱེད་རྒྱ་ཆེན་པོ་བྱས་པ་དང་རིགས་རུས་ཀྱི་ཤ་ཞེན་ལྷག་པར་དཀར་བ་ལ་རག་ལས་ཡོད། མཐོ་འབྲིང་འདོན་པའི་སྐབས་ནས་བཟུང་སྟེ་མོ་རང་ལ་སྐད་ཆ་གང་ཞིག་བཤད་པ་དང་བྱ་བ་གང་ཞིག་བསྒྲུབས་ན་ཡང་མི་རིགས་སྤྱིའི་ཁ་མགོ་རྣ་དང་ཁེ་ཕན་ཐད་ནས་བསམ་བློ་གཏོང་བའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད་པ་རེད། མོས་ནམ་རྒྱུན་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་གླེང་ཞིང་ཉེ་འགྲམ་གྱི་མི་ཀུན་ལ་ཁྱབ་སྒྲོག་གང་ཐུབ་བྱས་ཤིང་དངོས་ཡོད་འཚོ་བའི་ཁྲོད་དུ་ལག་ལེན་ཅི་ནུས་བསྟར་བ་རེད། མོའི་སེམས་སུ་ཁོ་མོ་ནི་ནམ་ཡང་བོད་རིགས་བུ་མོ་ཞིག་ཡིན་པས་བོད་རིགས་ཀྱི་བྱམས་སྙིང་རྗེ་དང་དྲང་བདེན། རྒྱུ་འབྲས་བརྩི་བ་སོགས་ཀྱི་རང་གཤིས་རྣལ་མ་ནམ་ཡང་འདོར་མི་རུང་བའི་དམ་བཅའ་བརྟན་པོར་ཉར་ཡོད། མོས་རྩིས་རིག་དངོས་ཁམས་རྫས་འགྱུར་གསུམ། ཤེས་ན་རྒྱལ་ཁམས་བསྐོར་བར་སླ་ཞེས་པ་ནི་སློབ་གཉེར་བ་སྤྱི་ལ་དམིགས་ནས་བཤད་པ་ཞིག་ཡིན་པ་ལས་བྱེ་བྲག་རྒྱལ་ཁོངས་དང་རིགས་རུས་སོགས་བགོས་ཏེ་བཤད་པ་མིན་པས། མི་རིགས་གཞན་གྱི་མིས་ཤེས་པ་ཞིག་རང་རེའི་བོད་མིས་མི་ཤེས་རྒྱུ་ག་ལ་ཡོད་ཅེས་བཤད་པའི་སྐད་ཆ་ལས་ཁོང་གི་ལྷག་བསམ་རུས་ཞེན་དཀར་པོ་མཚོན་ནུས། དེར་བརྟེན། གང་ཞིག་གསེར་གྱི་རི་ལ་སྔར་བཅས་ན།། དེའི་འདབ་ཆགས་ཐམས་ཅད་གསེར་དུ་གྱུར།། གང་ཞིག་དངུལ་གྱི་རི་ལ་སྔས་བཅས་ན། དེའི་འདབ་ཆགས་ཐམས་ཅད་དངུལ་དུ་གྱུར།། ཞེས་པ་ལྟར་མོའི་ལྷད་མེད་བྱ་སྤྱོད་ཀྱི་དྲང་ཕྱོགས་ནུས་པས་ཉེ་འཁོར་གྱི་རྒན་གཞོན་བར་མ་ཀུན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།

  གུས་རྟག་བརྩོན་པ་ཆུ་བོའི་རྒྱུན་བཞིན་བྱས།། བོད་རྒྱ་དབྱིན་གསུམ་སྐད་ལ་ཐོགས་པ་བྲལ།། 

  ཆོས་དབྱིངས་མཚོ་མོས་གུས་རྟག་བརྩོན་པ་ལྷོད་མེད་ལ་བྱས་ཏེ2009ལོ་ནས2013ལོའི་བར་ཧ་པིན་བཟོ་ལས་སློབ་ཆེན་དུ་ཞུགས་ཤིང་རྩིས་འཕྲུལ་ཚན་རིག་དང་ལག་རྩལ་སློབ་གླིང་གི་རྩིས་འཕྲུལ་ཆེད་ལས་ཀྱི་སློབ་རམས་པའི་བསླབས་གནས་ཐོབ་ཅིང་། 2014ལོ་ནས2016ལོའི་བར་ཧ་པིན་བཟོ་ལས་སློབ་ཆེན་གྱི་རྩིས་འཕྲུལ་ཚན་རིག་དང་ལག་རྩལ་སློབ་གླིང་གི་རྩིས་འཕྲུལ་ཆེད་ལས་ཀྱི་རབ་འབྱམས་པའི་བསླབས་གནས་ཐོབ། རྒྱ་བོད་དབྱིན་གསུམ་ལ་སྦྱངས་བརྩོན་ཆེ་བས་སྐད་གསུམ་གྱིས་རིག་གཞུང་ཞིབ་འཇུག་བྱེད་ཐུབ་ཀྱི་ཡོད། ཁོང་གི་གཏན་ཚིགས་དང་མཐུན་པའི་དབྱེ་ཞིབ་ནུས་པ་ཆེ་བ་སྟེ་ནམ་རྒྱུན་རྩིས་རིག་གི་བསམ་ལམ་བེད་སྤྱོད་གཏོང་བར་གོམས་ཤིང་དན་གྲངས་ལ་སྐྱེན་ཚོར་ཆེ་བ་དང་དབྱེ་ཞིབ་ལ་མཆོག་ཏུ་མཁས། ཁོང་གི་རྩོམ་འབྲིའི་ནུས་པ་ཆེ་བ་སྟེ་རིག་པ་གསལ་ཞིང་རིགས་སྣ་ཚོགས་ཀྱི་སྙན་སེང་འབྲི་བ་དང་pptལག་རྩལ་བཟོ་བར་ཧ་ཅང་བྱང་ཆ་ལྡན། ཁོང་གི་འབྲེལ་འདྲིས་མཐུན་སྦྱོར་གྱི་ནུས་པ་ཆེ་བ་སྟེ་འབྲེལ་འདྲིས་ཀྱི་ཐབས་རྩལ་ལ་དོ་ཁུར་བྱེད་ཅིང་མི་སར་རང་བཞག་དང་རང་སར་མི་བཞག་པ། བསམ་ཤེས་དང་བཟོད་སྒོམ་བྱ་རྒྱུར་གདེང་ཆེན་ཐོབ། ཁོང་གི་གང་ལ་གང་བསྟུན་གྱི་འདྲེས་ཞུགས་ནུས་པ་ཤིན་ཏུ་ཆེ་བ་སྟེ། ཐུན་མོང་མ་ཡིན་པའི་འཚར་ལོངས་ཀྱི་བརྒྱུད་རིམ་ལ་བརྟེན་ནས་ཁོར་ཡུག་གསར་པ་དང་བྱ་དངོས་གསར་པར་འཕྲོད་མཐུན་གྱི་ནུས་པ་ཀུན་ལས་མི་འདྲ་བ་ཞིག་སྦྱོང་བརྡར་ཐུབ་ཡོད། 

 2012ལོ་ནས་ད་ལྟའི་བར། མོ་རང་གིས་ཆོས་དབྱིངས་མཚོ་མོའི་དང་བླངས་ཞབས་ཞུ་ལས་དོན་ཁང་གསར་དུ་བཙུགས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་མ་འཚར་ལོངས་འབྱུང་བར་རོགས་དན་བྱེད་ཀྱི་ཡོད། གྲངས་ཉུང་མི་རིགས་ཀྱི་སློབ་མའི་སྦྱངས་འབྲས་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན་པས་ལས་དོན་ཁང་ལ་ལྔ་བཞིའི་གཟེངས་རྟགས་ཀྱི་གཟི་བརྗིད་སྙན་མཚན་ཐོབ། ལས་དོན་ཁང་གི་བྱ་བ་སྒྲུབ་ལུགས་ལ་གུང་གཞོན་ཚོགས་པ་ཀྲུང་དབྱང་འགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་གནང་བར་མ་ཟད། མཐོ་རིམ་སློབ་ཆེན་ཁག་ལ་ཁྱབ་སྤེལ་བྱས་པ་རེད། དེ་མིན་སློབ་གྲྭའི་ཕུལ་བྱུང་སྤྱི་ཚོགས་ལག་ལེན་ཚོགས་པ་ཡག་ཤོས་བཅུའི་ཡ་གྱལ་དུ་གྱུར་པའི་སྐལ་བཟང་མེ་ཏོག་བཞད་པ་ཞེས་པའི་སྤྱི་ཚོགས་ལག་ལེན་ཚོགས་པའི་སྲོལ་གཏོད་པ་པོ་ཡིན་ཞིང་རྩིས་འཕྲུལ་སློབ་གླིང་གི་རེ་བའི་གྲུ་གཟེངས་ཞེས་པའི་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་བྱས་ནས་ཁྱིམ་ཚང་དབུལ་ཕོངས་ཀྱི་སློབ་མ་བདེ་ཐང་འཚར་ལོངས་ཡོང་བར་ཞབས་ཞུ་སྒྲུབ་འགན་ཁུར་བ་དང་། སློབ་གླིང་གི་སློབ་འཛུགས་དུས་ཆེན་དང་མཐར་ཕྱིན་དགོང་ཚོགས་སོགས་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཆེ་གྲས་མང་པོ་ཇུས་འགོད་རྩ་འཛུགས་བྱས་ཏེ་ལམ་ལྷོང་བྱུང་ཡོད་པ་རེད། 

   2013ལོར་མོ་རང་ལ་རྒྱལ་ཡོངས་ལ་མི་ཉི་ཤུ་ལས་མེད་པའི་ཀྲུང་གོའི་སློབ་ཆེན་སློབ་མ་རང་བཀུར་རང་བརྩོན་བ་གྲགས་ཅན་གྱི་མིང་འདོན་བྱ་དགའ་ཐོབ་པ་དང་། ལི་ཁྲང་བསླབས་འབྲས་གཟེངས་དངུལ་དང་སློབ་མ་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་ཅིང་། ཧེ་ལུང་ཅང་གི་ཕུལ་བྱུང་མཐར་ཕྱིན་སློབ་མ་དང་ཧ་པིན་བཟོ་ལས་སློབ་ཆེན་གྱི་ཕུལ་བྱུང་མཐར་ཕྱིན་སློབ་མའི་མཚན་སྙན་བཅས་ཐོབ་པ་རེད། 2015ལོར་སློབ་གྲྭ་ཡོངས་ལ་གཅིག་ཁོ་ན་མེད་པའི་ཧེ་ལུང་ཅང་ཞིང་ཆེན་སློབ་ཆེན་སློབ་མའི་ལོ་འཁོར་མི་སྣའི་བྱ་དགའ་ཐོབ་པ་དང་། ཧེ་ལུང་ཅང་ཞིང་ཆེན་དབྱི་དབྱང་གཟེངས་བུམ་ཞེས་པའི་རྩིས་འཕྲུལ་ཆ་འཕྲིན་ཚན་རྩལ་འགྲན་བསྡུར་གྱི་ཨང་གཉིས་པའི་བྱ་དགའ་ཐོབ། 2016ལོར་སློབ་གྲྭ་ཡོངས་ལ་གཅིག་ཁོ་ན་ལས་མེད་པའི་སྐབས་བཅུ་གཅིག་པའི་ཀྲུང་གོའི་གཞོན་ནུ་དང་བླངས་བའི་ཕུལ་བྱུང་མི་སྣའི་བྱ་དགའ་ཐོབ་པ་དང་། ཧ་པིན་བཟོ་ལས་སློབ་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་ཡག་ཤོས་བཅུའི་སྙན་མཚན་ཐོབ། 2017ལོར་ཕུལ་བྱུང་ཆེད་འགན་ཞོར་འགན་ལས་སྒྲུབ་པའི་དཔེ་བཟང་གི་སྙན་མཚན་ཐོབ་ཡོད་པ་རེད། དེ་མིན་མོ་རང་ནི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་སེམས་ཁམས་འདྲི་རྨེད་བ་ཡང་ཡིན་པ་རེད།  

   ཆོས་དབྱིངས་མཚོ་མོ་ད་དུང་ཀྲུང་གོའི་དབྱིངས་བསྐྱོད་ཚན་རིག་ལས་དོན་ཚོགས་ཁག་གཉིས་པར་འགན་འཁྱེར་ལས་སྒྲུབ་དང་བོད་ལྗོངས་གསོ་རིག་སློབ་གླིང་དུ་སློབ་སྐྱོར་བྱེད་སར་ཕྱིན་མྱོང་བ་དང་། ད་ལྟར་ཧ་པིན་བཟོ་ལས་སློབ་ཆེན་དུ་ཟུར་ཁྲིད་པ་དང་སློབ་གྲྭའི་གུང་གཞོན་ཚོགས་པ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པའི་ཞོར་འགན་སོགས་འཁུར་བཞིན་ཡོད། ཆོས་དབྱིངས་མཚོ་མོའི་བྱམས་སྙིང་རྗེ་ཆེ་བ་དང་དཀའ་ངལ་ལ་གདོང་གཏད་ཕོད་པ། རུས་ཞེན་དང་འགན་འཁྲི་འཁུར་སེམས་ཆེ་བ། རྗེས་ལུས་ཐེབས་འདོད་མེད་པ་བཅས་ཀྱི་སྙིང་སྟོབས་ནི་བོད་རིགས་བུ་དང་བུ་མོ་ཐམས་ཅད་ཀྱི་སློབ་སྦྱོང་བྱེད་འོས་ལ་བྱེད་ཀྱང་དགོས་སོ།། 

 


  • ལེ་ཚན་སྔོན་མ།:ལྷག་བསམ་གྱི་ཉི་མ་མཁའ་དབྱིངས་ནས་འཚེར།། དམངས་སེམས་ཀྱི་མུན་པ་ཕྱོགས་ཀུན་ནས་བསལ།།
  • ལེ་ཚན་རྗེས་མ།:རི་འགོག་དམག་འཁྲུག་དོན་དུ་གནམ་གྲུ་སུམ་ཅུ་ཞལ་འདེབས་ཕུལ་མཁན་གྱི་བོད་རིགས་དམག་དཔོན་ཆེན་མོ་ཨ་པ་ཨ་བློ།