བཞག་བྲ་ལྷ་རྩེའི་ཞོལ་ནས་ཐོན་པའི་མི་ཉག་གི་ལྷག་དཀར་མི་བུ་ཞིག

སྐལ་ཐུབ་དང་རྣམ་སྲས་ལྷ་མོས།        2018-12-21

བཞག་བྲ་ལྷ་རྩེའི་ཞོལ་ནས་ཐོན་པའི་མི་ཉག་གི་ལྷག་དཀར་མི་བུ་ཞིག

    འབྲོག་པའི་བསམ་མེད་ཨ་ཉོག་ཅིག། ཀུན་སྨོན་སློབ་དཔོན་ཆེན་མོར་གྱུར།།

    སློབ་དཔོན་ཆེན་མོ་རིག་འཛིན་བསྟན་སྲུང་ནི་བོད་ཁམས་མི་ཉག་རབ་སྒང་གི་ཆར་གཏོགས་ཤར་སྟོད་བཞག་བྲ་དཀར་པོའི་མདུན་ཞོལ་གྱི་གོ་རོ་མ་ཞེས་པའི་འབྲོག་སྡེ་རུ། རབ་བྱུང་བཅུ་དྲུག་པའི་ས་ཕོ་ཁྱིའི་ལོ་སྟེ་སྤྱི་ལོ1958ལོའི་ཟླ་བ8པར་ཨ་རྒྱར་ཚང་གི་ཁྱིམ་དུ་འཁྲུངས། སྐབས་དེར་རིག་གནས་གསར་བརྗེ་ཆེན་པོའི་སྐབས་དང་འཁེལ་བས་སློབ་གྲྭར་འགྲོ་བའི་སྐལ་བ་ཆད་ཅིང་ལོ་བརྒྱད་ཙམ་ནས་ཕྱུགས་འཚོ་ཞོར་བོད་ཡིག་སྦྱོང་འགོ་ཚུགས། ལོ18ནས་དར་མདོའི་རྫོང་ཞབས་ནས་བརྒྱད་ཟིལ་བར་གྱི་གཞུང་ལམ་ལོ་བཞི་ལས་པ་དང་ཞོར་དུ་དམངས་གཉེར་དགེ་རྒན་བྱས་ཏེ་བོད་ཡིག་རྨང་གཞིའི་ཤེས་བྱ་ཁྲིད་འགན་བཞེས། 1982ལོར་སྡེ་དགེ་རྫོགས་ཆེན་བོད་ཡིག་སློབ་གྲྭའི་འབྲིང་རིམ་ཆེད་སྦྱོང་འཛིན་གྲྭར་རྒྱུགས་འཕྲོད་དེ་ལོ་བཞིའི་རིང་ལ་བོད་ཀྱི་རིག་གནས་ཆེ་ཆུང་ཀུན་ལ་སྦྱངས་པ་མཛད། 1986ལོར་མཐར་ཕྱིན་རྗེས་དར་མདོའི་དགེ་འོས་སློབ་གྲྭར་དགེ་རྒན་གྱི་འགན་ལོ་ཁ་ཤས་བཞེས་རྗེས་མཚོ་སྔོན་སློབ་གསོ་སློབ་གླིང་གི་ཕྱི་གླིང་སྐད་ཡིག་ཆེད་སྦྱོང་ཚན་ཁག་ཏུ་སློབ་སྦྱོང་བྱས་ཏེ1992ལོར་སློབ་མཐར་ཕྱིན། 1997ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ནས་མཐར་ཕྱིན་ཞིང་དངོས་གཞིའི་སློབ་མའི་མཐར་ཕྱིན་ལག་ཁྱེར་ཐོབ། 2001ལོར་མཐོ་རིམ་འཆད་ཁྲིད་དགེ་རྒན་དང2011ལོར་སློབ་དཔོན་ཆེན་པོའི་གོ་མིང་ཐོབ། དར་མདོའི་དགེ་འོས་སློབ་གྲྭར་ལོ18དང་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོར་ལོ10རིང་བཞུགས་ཏེ་སློབ་མའི་ཚོགས་ལ་ཤེས་བྱའི་བདུད་རྩི་བུམ་པ་གང་བྱོའི་ཚུལ་དུ་སྩོལ། སྔ་ཕྱིར་བསྡོམས་ན་རིགས་སོ་སོའི་ཤེས་ལྡན་མི་སྣ་སྟོང་བཞི་ལྷག་ཙམ་བསྐྱངས་ཡོད། ཁོང་གི་མཚར་ཉམས་ཅན་དང་སྣང་སྐྱིད་ཅན་གྱི་སློབ་ཁྲིད་བྱེད་ཐབས་དེས་སློབ་མའི་རྒྱུད་ལ་བག་ཆགས་ཟབ་མོ་བཞག སློབ་ཁྲིད་ཀྱི་ཞོར་དུ་ཁོང་གིས་དཔྱད་རྩོམ་དུ་མ་སྤེལ་ཞིང་དཔེ་ཆ་མང་པོ་བརྩམས་པ་དང་ཚན་རིག་ཞིབ་འཇུག་གི་སྒྲུབ་གཞི་སྣ་མང་བསྒྲུབས་ནས་ལེགས་གྲུབ་བྱུང་ཡོད། ལས་འཁྱུར་ངལ་གསོ་མཛད་ཟིན་ན་ཡང་ད་དུང་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ལ་བྲེལ་ཞིང་དྲི་མེད་ལྷག་བསམ་དཀར་པོ་གངས་རིའི་ཞིང་ཁམས་ཡོངས་སུ་འཕྲོས་ཤིང་བཞུགས། 

    ཁོང་ཆུང་དུས་ནས་སློབ་གྲྭར་འགྲོ་བའི་སྐལ་བ་ཆད་པས་རིག་གནས་ལ་སྐོམ་པས་ཆུ་འདོད་པ་ལྟ་བུའི་སྦྱངས་བརྩོན་གྱི་འདུ་ཤེས་བརྟན་པོར་ཆགས་པ་དང་། དཀའ་སྡུག་གི་ལམ་བུ་དུ་མ་བརྒྱུད་བར་བརྟེན་བཟོད་བསྲན་སྡུག་ཐེག་གི་རྡོ་རྗེའི་རང་གཤིས་ཤིག་ངང་གིས་གྲུབ་ཡོད། ཁོང་གིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་རང་གི་ལས་དབང་བསྒྱུར་ཞིང་རིག་གནས་ལ་བརྟེན་ནས་མི་ཚེའི་རིན་ཐང་མངོན་འགྱུར་མཛད་པ་རེད།

    རྣམ་དཔྱོད་རྟོག་དཔྱོད་ཟུང་འཇུག་བྱས། བཅུ་ཕྲག་རིག་པའི་སྟོང་ཆ་བསྐངས།།

    བོད་ཀྱི་བཅུ་ཕྲག་རིག་གནས་ཞེས་གྲངས་འདྲེན་ཙམ་སུས་ཀྱང་ཤེས་མོད། འོན་ཀྱང་བོད་ཀྱི་ཁམས་དབང་མཐུན་པའི་མཛུབ་མོ་འཛུགས་སའི་རིགས་གཞུང་ཞིག་སྟོན་དང་ཞེ་ན། ཨ་ཡོད་ཟེར་ན་ཡོད། འཁུར་ཤོག་ཟེར་དུས་མེད་ཅེས་པའི་དཔེར་སོང་འདུག དཔེར་ན་རིག་གནས་ཆེ་བ་ལྔའི་ནང་གསེས་བོད་ཀྱི་སྒྲ་རིག་པ་དང་། ཆུང་བ་ལྔའི་ནང་གསེས་བོད་ཀྱི་མངོན་བརྗོད་དང་ཟློས་གར། སྡེབ་སྦྱོར་བཅས་ལྟ་བུ་རེད། དེའི་རྐྱེན་ལ་བརྟེན་ནས་གངས་ཅན་པའི་སྒྲ་རིག་པ་ཞེས་པའི་དཔེ་ཆ་བརྩམས་ནས་བོད་ཀྱི་སྒྲ་རིག་པའི་སྟོང་ཆ་བསྐངས་པ་དང་།  མངོན་བརྗོད་ལ་འཇུག་པའི་སྒོ། ཟློས་གར་ལ་འཇུག་པའི་སྒོ། གངས་ཅན་པའི་སྡེབ་སྦྱོར་རིག་པ་བཅས་བརྩམས་ནས་བོད་ཀྱི་རིག་གནས་ཆུང་བ་ལྔའི་ནང་གསེས་མངོན་བརྗོད་དང་ཟློས་གར། སྡེབ་སྦྱོར་བཅས་ཀྱི་སྟོང་ཆ་བསྐངས་པ་རེད། དེ་བཞིན་བོད་ཀྱི་བཀྲ་ཤིས་རྟགས་བརྒྱད་དང་ཚེ་རིང་རྣམ་དྲུག་སོགས་བཀྲ་ཤིས་པའི་རྒྱུན་རིས་དེ་དག་དམའ་སྤྲང་པོ་དང་མཐོ་དཔོན་པོ་སུ་ཡིན་ཡང་ཡག་པོ་རེད་ཅེས་མཐེ་བོང་མི་སྒྲེང་མཁན་མེད་ཅིང་ཐམས་ཅད་ཀྱིས་དགའ་པོ་བྱེད་ན་ཡང་། དེ་དག་གི་ངོ་སྤྲོད་རང་རྐྱ་འཕེར་བའི་ཐང་ག་རི་མོ་ཞིག་ད་བར་དུ་བསྟན་རྒྱུ་མེད་པར་གཞིགས་ནས་བོད་ཀྱི་བཀྲ་ཤིས་པའི་རྒྱུས་རིས་གསར་འགྲེལ་ཞེས་པ་བརྩམས་ཤིང་དེའི་ལུགས་ཀྱི་ཐང་ག་རི་མོ་ཡང་གསར་གཏོད་མཛད། 

    དར་མདོ་དགེ་འོས་སློབ་གྲྭར་ཡོད་དུས། ཉིན་གཅིག་བོད་ཀྱི་ལོ་རྒྱུས་ཁྲིད་པའི་ཚེ་འཛམ་གླིང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་ཀྱང་ཟུང་དུ་སྦྲེལ་ནས་མི་ཁྲིད་ཐབས་མེད་ཡིན་པས་ལོ་རྒྱུས་ཆེན་པོ་དེ་དག་ཁོང་དུ་ཆུད་པའི་དབང་དུ་བཏང་ན་ཡང་། ཆུང་རང་གི་ཁྱིམ་རྒྱུད་དང་རང་གི་གྲོང་སྡེ། རང་གི་ཕ་ཡུལ་བཅས་ཀྱི་ལོ་རྒྱུས་ཤེས་སམ་ཞེས་དྲི་བ་ཞིག་འཕངས་པ་ཡིན་ན་མགོ་འཕྲུག་རྒྱུ་ལས་མི་འདུག་ཅེས་པའི་དྲན་སྣང་ཞིག་ཤར་བའི་རྐྱེན་བྱས། གོ་རོ་མའི་ལོ་རྒྱུས་དང་མི་ཉག་གི་ལོ་རྒྱུས་དེབ་ཐེར་ལྗང་གུ། རྒྱལ་རོང་གི་ལོ་རྒྱུས་ཤེལ་དཀར་མེ་ལོང་བཅས་འབྲི་པའི་འདུན་པ་ཤར། ཆ་འཕྲིན་དུས་རབས་ཤར་བ་དང་བསྟུན་ཞིང་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་སྤེལ་ཤུགས་ཆུང་བར་དམིགས་ནས་བོད་ཀྱི་ཡིག་གཟུགས་རྣམ་བཤད་དུང་གི་ཟླ་བ་ཞེས་པའི་ཆེད་རྩོམ་བྲིས་ནས་པར་སྐྲུན་བྱས་ཤིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་གྱི་རྣམ་པ་མཚོན་སྟངས་གསར་པ་སྟེ་བོད་ཡིག་ལངས་གཟུགས་འབྲི་དཔེ། ལས་དང་པོ་བས་བོད་ཡིག་འབྲི་སྦྱོང་བྱེད་ཡས་ཀྱི་འབྲི་དེབ་མཐོ་དམའ་རིམ་པ་གཉིས་བཅས་བརྩམས་ནས་ཡིག་གཟུགས་སྒྱུ་རྩལ་ཕུན་སུམ་ཇེ་ཚོགས་སུ་བཏང་། ཁོང་གིས་ཕྱག་བྲིས་གནང་བའི་ཡིག་གཟུགས་བརྩམས་ཆོས་ཞིང་ཆེན་དང་ཁུལ་གྱི་ཡིག་གཟུགས་འགྲེམས་སྟོན་དང་འགྲན་བསྡུར་རིགས་མང་ཁྲོད་དུ་ཞུགས་པར་མ་ཟད་གསེར་གྱི་རྟགས་མ་དང་ཕུལ་བྱུང་བྱ་དགའ་དུ་མ་ཐོབ་ཡོད། དུས་བསྟུན་མདུན་སྐྱོད་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོ་དང་དུས་རབས་གསར་པའི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་ཟུར་དུ་བརྒྱན་པའི་བོད་ཀྱི་སློབ་མའི་ལུགས་ཀྱི་དཔེ་ཆ་དང་པོར་གྲགས་པའི་མིའི་ལུགས་ཀྱི་དྲང་ལམ་ཞེས་པ་བརྩམས་ནས་སྤྱི་ཚོགས་སུ་དྲང་ནུས་དར་འཕེལ་ཆེས་ཆེར་བཏང་། 

    གཞན་ཡང་དག་ཡིག་ལེ་བརྒྱད་མའི་འཆད་བདེའི་ཟིན་བྲིས་དང་། གངས་ལྗོངས་དམ་ཆོས་རིན་ཆེན་གཏེར་བུམ། ས་པཎ་དག་འགྲེལ་མུན་སེལ་སྒྲོན་མེ། རིག་གནས་ཆུང་བ་ལྔའི་རྣམ་གཞག་ཐོ་རེངས་སྐར་ཆེན་བཅས་ཀྱང་བརྩམས་ཡོད། དཔྱད་རྩོམ་དང་དཔེ་ཆ་གང་བརྩམས་ཀྱང་ཐོག་མར་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བརྩིས་ཏེ། ཁོང་གིས་ནམ་རྒྱུན་བརྟག་དཔྱད་ཞིབ་འཇུག་མ་བྱས་ན་སྐད་ཆ་བཤད་རྒྱུའི་དབང་ཆ་མེད་ཅེས་པ་དེ་རང་གི་བྱ་སྤྱོད་ཀྱི་ཚད་ཤིང་དུ་བཞག་སྟེ་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ནས་རང་ཁུལ་གྱི་རྫོང་ཁག་བཅོ་བརྒྱད་ཕུད་དེ་མིན་ལྷ་ས་དང་། མཚོ་སྔོན། ཡུན་ནན། ལིའང་ཧྲན། སི་ཁྲོན་གྱི་གཡག་རྔ་སོགས་སུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་ལ་ཞུགས་པ་རེད། ལམ་བར་དུ་འཁོར་བགེགས་བྱུང་ནའང་འདྲ། གཞན་གྱིས་འཕྱ་སྨོད་དང་མིག་ལོག་བགྲད་ནའང་འདྲ། འགྱེལ་ནས་རྐང་རུས་བཅག་ནའང་འདྲ། གློ་གཅོང་ཕོག་ནས་ཤི་ལ་ཁད་སོང་ནའང་འདྲ། རྐང་ཐང་དུ་བསྐྱོད་དགོས་ནའང་འདྲ་སྟེ་གང་ལྟར་མདུན་དུ་དཀའ་ངལ་བརྒྱ་ཕྲག་ལངས་ཀྱང་རིག་གཞུང་ཞིབ་འཇུག་ལ་མཁོ་བའི་དཔྱད་གཞི་འཚོལ་སྡུད་ཀྱི་བྱ་བ་རྒྱུན་ཆད་དུ་མི་འཇུག་ཅིང་མདུན་སྐྱོད་ཀྱི་གོམ་ཁ་ལྷོད་དུ་འཇུག་མེད། སྔ་ཕྱིར་བསྡོམས་པས་སྤྱི་ལེ་ཁྲི་ལས་བརྒལ་བ་སོང་ཡོད། དེ་མིན་སློབ་གླིང་ཁག་དང་སྡེ་ཚན་ཁག མི་སྒེར་བཅས་ཀྱིས་གདན་འདྲེན་ཞུས་ཕྱིན་ཁོང་གིས་མིན་ཞེས་པ་ཞལ་ནས་ཕུད་མ་མྱོང་ཞིང་ཕན་པའི་ལེགས་བཤད་བདུད་རྩི་ཀུན་ལ་བྲིན་ནོ།།

    གངས་ཅན་རིག་གནས་ལྷག་བསམ་དཀར།། ཕ་ཡུལ་བརྩེ་བའི་རུས་ཞེན་ཆེ།།

    དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་གིས་ང་ཚོའི་ལས་འགན་ནི་བྱ་དངོས་ཐམས་ཅད་མེད་པ་ནས་ཡོད་པ་དང་། ཡོད་པ་ནས་དར་བ། དར་བ་ནས་རྒྱས་པ་གཏང་རྒྱུ་དེ་ཡིན། གསར་གཏོད་མེད་ན་གོང་འཕེལ་མེད་ལ་བོད་ཀྱི་རིག་གནས་ཀྱང་དེའི་ཚུལ་ལས་མ་འདས་ཤིང་ཚང་མས་ཐོག་མ་ཉིད་ནས་འགོག་རྒོལ་གྱི་བསམ་པ་མི་ཁུར་ནས་མི་རབས་གཅིག་གིས་མེད་པ་ནས་ཡོད་པ་ཞིག་བཟོ། དེ་ནས་མི་རབས་གཅིག་གིས་དེ་དར་བར་བྱས། དེ་ནས་མི་རབས་གཅིག་གིས་རྒྱས་པར་གཏང་བ་ཡིན་ན་རིག་གནས་ཀྱང་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་ཞེས་ནམ་རྒྱུན་གསུངས་པ་རེད།     

    2014ལོར་ཁོང་ལྗར་པན་ཅིང་ཏུང་སློབ་གྲྭ་ཆེན་མོར་འཛམ་གླིང་གི་སྐད་ཡིག་དང་ཆོས་ལུགས་ཀྱི་འགྱུར་བ་སྐོར་གྱི་ཞིབ་འཇུག་བགྲོ་གླེང་གྲོས་ཚོགས་སུ་ཞུགས་ཏེ་རྒྱལ་ཕྱི་ནང་གི་ཆེད་རམས་པ་ཚོ་དང་སྤེལ་རེས་བརྒྱུད། སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གི་གལ་ཆེ་བའི་རང་བཞིན་དང་རིག་གནས་འཛམ་གླིང་ཅན་གྱི་ཁ་ཕྱོགས་སུ་གོང་འཕེལ་བྱུང་ཚུལ་ལ་ངེས་ཤེས་སྔར་བས་གཏིང་ཟབ་ཏུ་སོང་། ཁོང་གིས་ངས་བསྒྲུབས་པའི་བྱ་བ་འདི་དག་ནི་དེ་སྔོན་རིགས་གཞུང་ཐད་ལམ་གཏོད་ཐུབ་མེད་པའམ་ཡང་དག་པ་ཞིག་གཏོད་ཐུབ་མེད་པ་ལ་རིག་ལམ་འབྱེད་བྱེད་ཀྱི་གསལ་སྒྲོན་སྦར་བའམ་བརྩོན་པའི་ངར་ཤུགས་བསླངས་པ་ཡིན་ཞིང་། རྒྱལ་ཁབ་དང་མི་རིགས། ཕ་ཡུལ། མི་རབས་རྗེས་མ་བཅས་ལ་ཕུལ་བའི་ལེགས་སྐྱེས་ཆུང་ངུ་ཞིག་ཏུ་རྩིས་ཆོག་ལ། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བའི་རིག་གནས་འཕེལ་རྒྱས་བྱུང་བའི་གྲུབ་འབྲས་ཤིག་ཀྱང་ཡིན་རེད་ཅེས་གསུངས། 

    ཁོང་གིས་མ་དངུལ་ཁྲི་བཞི་ལ་ཉེ་བ་བཏང་ནས་ཕ་ཡུལ་དུ་སྟབས་བདེ་གཞུང་ལམ་སྤྱི་ལེ་བཅུ་བསྐྲུན་ཞིང་ཤིང་ཟམ་ལྔ་བཙུགས་པ་དང་། བསྟུད་མ་ལོ་གསུམ་ལ་གོ་རོ་མ་གྲོང་སྡེའི་དབུལ་པོ་དུད་ཚང22ལ་དངུལ་རྫས་ཀྱི་རོགས་སྐྱོར་གནང་སྟེ་ཁ་ཙམ་མ་ཡིན་པ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕ་ཡུལ་ལ་བརྩེ་འདང་མཚོན། 

    བཅར་འདྲི་མཇུག་རྫོགས་ལ་ཉེ་དུས། དགེ་རྒན་ཆེན་མོ་རིག་འཛིན་བསྟན་སྲུང་གིས་ལོ་རྒྱུས་ཐད་ནས་གྲོང་སྡེ་རེར་ལོ་རྒྱུས་ཆ་ཚང་རེ་ཡོད་དགོས་པ་དང་། སློབ་གསོའི་ཐད་ནས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གང་ལེགས་ཡོང་ཆེད་རང་བྱུང་གི་ཚན་རིག་གཙོས་པའི་འཛམ་གླིང་གི་སྔོན་ཐོན་རིག་གནས་ལ་སློབ་སྦྱོང་བྱས་ཏེ་འཛམ་གླིང་ཅན་གྱི་ཕྱོགས་སུ་གོང་འཕེལ་གཏང་དགོས་པ་དང་། ཡིག་གཟུགས་ཐད་ནས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་རྒྱུན་འཛིན་གསར་གཏོད་གང་ཐུབ་བྱེད་ཅིང་ཁུལ་དང་རྫོང་། གྲོང་ཁྱེར་ཁག་ཏུ་ཡིག་གཟུགས་ཀྱི་འགྲེམས་སྟོན་ཁང་རེ་ངེས་པར་འཛུགས་དགོས་པ་དང་། ཆོས་ལུགས་མི་སྣ་གསོ་སྐྱོང་ཐད་མི་ཉག་གི་མཁས་གྲུབ་དམ་པ་ཙ་མི་ལོ་ཙཱ་བ་སངས་རྒྱས་གྲགས་པ་ལྟ་བུའི་མཁས་བཙུན་བཟང་གསུམ་འཛོམས་པའི་ཤེས་ལྡན་མི་སྣ་བསྐྱང་གང་ཐུབ་ལ་འབད་དགོས་ཞེས་པའི་ཐུགས་རེ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རིག་པའི་དེད་དཔོན་ཞིག་གི་མི་ཚེའི་འགྲུལ་བཞུད། དགེ་རྒན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་མཆོག་གི་གནས་ཚུལ་ཆེད་བཀོད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།