བསོད་ནམས་རྡོ་རྗེ། 2017-10-31
ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་གོ་ཤུལ་གྲགས་པ་འབྱུང་གནས་མཆོག་ནི1955ལོའི་ཟླ་བ9པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་འདུ་རྫོང་ཁོངས་སུ་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་འཁྲུངས། ཆུང་དུས་ནས་བཟུང་ཕ་མ་དང་བླ་མ་དམ་པ་རྣམས་ཀྱིས་བྱམས་བརྩེའི་བཀའ་དྲིན་ལ་བརྟེན་ཏེ་སློབ་གྲྭར་འགྲིམས་ནས་རིག་པའི་གནས་ལ་སྦྱངས་བརྩོན་གནང་བའི་སྐལ་བ་ལྡན། 1968ལོ་ནས་བཟུང་ཕ་ཡུལ་སྒ་ཡུལ་མཆོད་རྟེན་དཀར་པོའི་གོང་རོལ་ན་ཡོད་པའི་གྲོང་སྡེ་བརྒྱད(སྐུ་ལམ་གྲོང་ཚོ། མོ་དགུ་གྲོང་ཚོ། གོ་བོ་གྲོང་ཚོ། ཟམ་སོ་གྲོང་ཚོ། མཁར་ནག་གྲོང་ཚོ། སྤྲེལ་གུ་གྲོང་ཚོ། སྦས་གུ་གྲོང་ཚོ།)ཀྱི་དམངས་གཉེར་སློབ་གྲྭར་འགྲིམས་ཏེ་ཨ་རྟོགས་བཀྲ་ཤིས་དགོན་པའི་མཆོད་དཔོན་རྒྱ་སྒོ་བཀྲ་ཤིས་ཀྱི་སྐུ་མདུན་ནས་བོད་ཡིག་དབྱངས་གསལ་ངོས་འཛིན་དང་ཡི་གེ་སྦྱོར་ཀློག་སོགས་ལ་སྦྱངས་ནས་རིག་པའི་སྒོ་མོ་ཕྱེས། སློབ་དཔོན་གང་དེས་ཁོང་ལ་ཀློག་གི་གདམས་པ་ཁྱད་པར་ཅན་ཞིག་ཡོད་པ་དེང་སྐབས་ཀྱང་དྲན་པའི་ངོས་སུ་གསལ་པོར་འདུག་གསུངས། སློབ་དཔོན་རྒྱ་སྒོ་བཀྲ་ཤིས་ཞལ་སྔ་ནས་ཡི་གེའི་ཀློག་ཐབས་ཁྲིད་པའི་ཐུན་མིན་གྱི་ཁྱད་ཆོས་ཏེ། ཐོག་མར་སྔོན་རྗེས་མིང་གསུམ་དང་དབྱངས་ཡིག་འདོགས་ཅན་སོགས་ནི་ཡི་གེ་སྦྱོར་ཀློག་གི་གོ་རིམ་དང་པོ་ཡིན་ལ། དེ་ལ་འབྲུ་འདེད་ཅེས་བྱ། དེ་ཉིད་ལ་ཁ་བྱང་མིག་བྱང་མ་ཐོན་པའི་བར་དུ་ཡང་ནས་ཡང་དུ་བཀླག་དགོས། དེ་ནས་ཚེག་འདེད་དང་། དེ་ནས་བསྡོམས་འདེད་དང་། དེ་ནས་དཔེ་ཆ་བློར་འཛིན་གྱི་འགོ་ཚུགས་པ་ཡིན་ཞེས་དེ་ལྟར་གདམས་པ་དེ་ཕྱིར་དྲན་བྱས་ཤིང། གདམས་པ་དེ་ཁོང་གིས་མི་ཚེ་གང་བོའི་སློབ་གསོའི་འགྲུད་བཞུད་ཁྲོད་ནམ་ཡང་མ་དོར་བར་རྒྱུན་འཛིན་བྱས་པ་ཡིན་ཞེས་གསུངས།
1970ལོར། ཁྲི་འདུ་རྫོང་གི་སློབ་ཆུང་དུ་དགེ་རྒན་ཟབ་སྦྱོང་འཛིན་གྲྭ་ཞིག་གཉེར་པར་དེའི་ནང་ཞུགས་ནས་ལོ་གཅིག་ལྷག་གི་རིང་ལ་དགེ་རྒན་ངག་དཔལ་དང་ཇོ་སྐྱབས། འཆི་མེད། འཇམ་དབྱངས་བསམ་འཕེལ། ཡིད་དགའ་སོགས་ལ་བསྟེན་ནས་བོད་རྒྱ་རྩིས་རིག་སོགས་ལ་སྦྱངས་པ་མཛད། 1971ལོར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་དགེ་རྒན་སློབ་གྲྭར་ཞུགས་ནས་དགེ་རྒན་དམ་པ་ངག་དབང་ཕུན་ཚོགས་དང་ཚུལ་ཁྲིམས་དཔལ་ལྡན། དགེ་ལྡན། ཀྲང་ཀྲི་ཀའོ།(张志高) ཐེན་ཏའེ་ཧོང(田德洪)སོགས་ལ་བསྟེན་ནས་དམའ་རིམ་དང་མཐོ་རིམ་སྟེ་ཁྱོན་བསྡོམས་དུས་ཡུན་ལོ་ངོ་དྲུག་ལ་རྒྱ་བོད་རྩིས་རིག་བཅས་ཀྱི་བསླབ་བྱ་རྣམས་ལ་སློབ་གཉེར་གནང་། 1976ལོའི་ཟླ་བ7པར་སློབ་མཐར་ཕྱིན་རྗེས་སློབ་གྲྭ་དེ་གར་དགེ་རྒན་གྱི་ཕྱག་ལས་གནང་། ཁོང་གཞོན་ནུའི་དུས་ནས་བཟུང་བོད་ཀྱི་རིག་གནས་ལ་དུངས་པ་དང་བརྩོན་སེམས་ཆེ་བས། ལེ་ལོ་དང་རྣམ་གཡེང་སྤངས་ཏེ་ལས་ཀའི་བར་གསེང་དུ་དགེ་རྒན་དཔལ་བཀྲ། སྐྱུ་ར་བསམ་གཏན་རྣམ་རྒྱལ། ཆོས་རྗེ་རིན་པོ་ཆེ། གྲུབ་མཆོག་རིན་པོ་ཆེ། སྐྱེ་རྒུ་དགོན་པའི་མཁན་པོ་བློ་གྲོས་སེངྒེ། ལྷ་རྗེ་པ་སངས། ཀརྨ་ཐུབ་བསྟན། དབྱར་གནས་མཁན་པོ་ཨ་ཞང་རབ་འཕེལ། ཀརྨ་དགེས་པ་སོགས་ལ་བསྟེན་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་ནང་དོན་རིག་པ། སྒྲ་རིག་པ། གསོ་བ་རིག་པ། བརྡ་སྤྲོད་རིག་གནས། གཟུངས་སྔགས་སོགས་ལ་སྦྱངས་པ་དཔྱིས་ཕྱིན་པ་གནང་།
1981ལོ་ནས1985ལོའི་བར་དུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚན་ཁག་ཏུ་ཞུགས་ནས་དགེ་རྒན་ཆེན་མོ་བདེ་མཆོག་དང་ཀླུ་རྒྱལ་འབུམ། སངས་རྒྱས་རིན་ཆེན། སངས་རྒྱས། གུ་རུ་རྒྱལ། བོན་པོ། གོ་ཏིག་ཡོན། ཝིན་ཚོང་ཀྲི། ལིས་ཙོང་ཧྭ། ཆོས་མོ་མཚོ་། ཝང་ཆིན་ཧྲན། ཆི་ཧྲོན་ལེའེ། གཞན་བོད་ཀྱི་མཁས་པ་ཆེན་པོ་ཨ་ལགས་ཤར་གདོང་ཚང་། ཨ་ལགས་རྡོར་སྐུ་སོགས་དགེ་རྒན་རྣམས་ཀྱི་ཞབས་པད་ལ་གཏུགས་ཏེ་བོད་ཀྱི་རིག་གནས་སྤྱི་དང་རྒྱ་ཡིག་གི་རིག་གཞུང་བཅས་ལ་སྦྱངས་པ་གནང་ནས་སློབ་ཆེན་དངོས་གཞིའི་སློབ་རམས་པའི་ཡོན་གནས་བླངས།
1985ལོར། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་སྡེ་ཁག་ཏུ་བོད་ཀྱི་ཡིག་རྙིང་ཆེད་ལས་གཙོར་བྱས་ཏེ། མཁས་པ་ཆེན་པོ་ཨ་ཁུ་བསམ་འགྲུབ་རྒྱ་མཚོ་དང་། ཨ་ལགས་ཤར་གདོང་ཚང་། ཨ་ལགས་དོར་ཞི། འཇལ་དཔལ་ཕུན་ཚོགས། ཨ་ཁུ་ཆོས་དར། དགེ་རྒན་ཆེན་མོ་དཀོན་མཆོག་ཚེ་བརྟན། མཁས་པའི་དབང་པོ་དམུ་དགེ་བསམ་གཏན་མཆོག་སོགས་མཁས་པ་དམ་པ་རྣམས་ཀྱི་མདུན་སར་སྒྲ་ཚད་རྩིས་གསུམ་དང་། བོད་ཀྱི་ཡིག་རྙིང་། སྙན་ངག རྩོམ་རིག བརྡ་སྤྲོད་སོགས་ལ་སློབ་གཉེར་གནང་།
1988ལོར་རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་གཉེར་མཇུག་རྫོགས་རྗེས་པེ་ཅིན་དུ་ཕེབས་ཏེ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་མགོ་བརྩམས། ཀྲུང་དབྱང་མི་རིགས་སློབ་ཆེན་དུ་ཤེས་རམས་པ་དང་འབུམ་རམས་ཞིབ་འཇུག་སློབ་མ། རམས་འབྱམས་ཞིབ་འཇུག་སློབ་མ་སོགས་ལ་སྔ་ཕྱིར་བོད་ཀྱི་བརྡ་སྤྲོད། ཏུན་ཧོང་ཡིག་རྙིང་། གནའ་རབས་རྩོམ་རིག མངོན་བརྗོད། སྒྲ་རིག་པ། རྣམ་ཐར་རྩོམ་རིག བོད་ཀྱི་ལོ་རྒྱུས། ཚད་མ་རིག་པ། གྲུབ་མཐའ་སོགས་རིག་ཚན་བཅོ་བརྒྱད་ལྷག་སློབ་ཁྲིད་གནང་།
2000ལོར་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་དགུ་པར་གདན་ཞུ་གནང་སྟེ《བོད་ཡིག་གི་ལྡོག་ཚིག་ལ་དཔྱད་པ།》ཞེས་པའི་དཔྱད་རྩོམ་ཚོགས་ཐོག་ཏུ་སྒྲོག་སྦྱང་གནང་། དེ་མ་ཟད་དཔྱད་རྩོམ་དེ་རྒྱལ་སྤྱིའི་བོད་རིག་པའི་དཔྱད་རྩོམ་ཕྱོགས་སྒྲིག་ཏུ་ཚུད་པ་དང2002ལོར་པར་དུ་བསྐྲུན།
ཁོང་གིས་སློབ་ཁྲིད་ཀྱི་ཞོར་དུ་རིག་གཞུང་ཞིབ་འཇུག་གི་ལས་ཀ་མ་ལྷོད་པར་ད་ལྟའི་བར་དུ་དཔྱད་རྩོམ་ཉི་ཤུ་ལྷག་དང་། 《རྩོམ་ལུས་ཞིབ་འཇུག་དབྱངས་ཅན་ཞལ་ལུང་།》《གངས་ཅན་མཁས་དབང་རིམ་བྱོན་གྱི་རྣམ་ཐར།》(རྩོམ་སྒྲིག)《རྩོམ་ལུས་རྣམ་བཤད།》《དེང་རབས་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཞིབ་འཇུག》(རྩོམ་སྒྲིག)《བོད་བཙན་པོའི་སྐབས་ཀྱི་གནའ་རྩོམ་གཅེས་བཏུས་སློབ་དེབ།》《སློབ་གྲྭ་ཆེན་མོའི་བོད་ཡིག་སློབ་དེབ་ཤར་གངས་རི་མ།》《གནའ་རྩོམ་གཅེས་བཏུས་སློབ་དེབ་གསར་མ་གཞོན་ནུའི་ལང་ཚོ།》《བོད་ཀྱི་ཡི་གེའི་རྣམ་བཤད།》སོགས་བརྩམས་ཆོས་དུ་མ་བརྩམས། བརྩམས་ཆོས་དེ་དག་ཀྱང་ཁོང་གིས་གསུངས་པ་བཞིན་བོད་ཀྱི་རིག་གཞུང་ལ་དུངས་པ་དང་བོད་ཀྱི་རིག་གནས་རྒྱུན་འཛིན་བྱེད་པའི་འགན་འཁྲི་ལས་བྱུང་བ་ཡིན་པས། ཁོང་གིས་དུས་དང་རྣམ་པ་ཀུན་ཏུ་སྔོན་བྱོན་མཁས་པའི་དབང་པོར་ཁྱད་གསོད་དང་གྲོགས་ན་ཟླའི་ཁྲོད་ནས་ངོ་མི་གནོང་བ་ཙམ་བྱེད་པ། ཕྱི་རབས་རྒྱུད་འཛིན་པར་འཕྱ་སྨོད་མི་བྱེད་པ་བཅས་བསམ་བློའི་ལངས་ཕྱོགས་དང་རྩ་དོན་དུ་བཟུང་ནས་རིག་གཞུང་ཞིབ་འཇུག་གི་ལས་ལ་འཇུག་བཞིན་ཡོད་པར་གསུངས།
ལྷག་པར་དུ《བོད་ཀྱི་ཡི་གེའི་རྣམ་བཤད།》ནི་ཁོང་གིས་མི་ལོ་བཅུ་བཞིའི་རིང་རྩོམ་སྒྲིག་མཛད་པ་ཞིག་ཡིན་ལ། ཚོགས་གསུམ་ལས་བོད་ཀྱི་ཡི་གེའི་ཚོགས་ལ་ཡི་གེའི་སྡེབ་སྦྱོར་རིག་པའི་གཞུང་ལུགས་ལྟར་ཚེག་ཁྱིམ་ཆིག་ཁྲི་བརྒྱད་སྟོང་ལྔ་བརྒྱ་སུམ་ཅུ་སོ་གཅིག་གི་གྲངས་ཀ་རྩིས་བླངས་ཤིང་ཡིག་འབྲུ་རེ་རེ་བཞིན་ཞིབ་གསལ་དག་གསུམ་གྱིས་ཞིབ་འཇུག་དང་། ཡིག་ཆའི་ལུང་ཁུངས་བཙལ་ནས་བཀོད་ཡོད་པས་བོད་ཡིག་གི་ཡི་གེའི་སྐོར་གྱི་ཞིབ་འཇུག་གི་གླེགས་བམ་ཆེན་པོ་ཞིག་ཡིན་ནོ། །
ཁོང་གིས་ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་དགེ་རྒན་ཆེན་མོ་དང་འབུམ་རམས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། རབ་འབྱམས་ཞིབ་འཇུག་སློབ་མའི་དགེ་རྒན་གྱི་འགན་བཞེས་ཡོད་པར་མ་ཟད། མི་རིགས་དཔེ་སྐྲུན་ཁང་གི་གདན་ཞུའི་རྩོམ་སྒྲིག་པ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ལག་རྩལ་སློབ་གྲྭའི་གདན་ཞུའི་དགེ་རྒན། ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་གདན་ཞུའི་དགེ་རྒན། ཡུལ་ཤུལ་གྲོང་ཁྱེར་རྩོམ་རིག་ལྷན་ཚོགས་ཀྱི་ཁོངས་མི་བཅས་ཀྱི་འགན་གཅིག་ལྕོགས་བཞེས་ཀྱིན་ཡོད།
མདོར་ན་དགེ་རྒན་ཁོང་ཉིད1976ལོར་ལས་གནས་སུ་ཞུགས་པ་ནས་བཟུང་ད་ལྟའི་བར་དུ་ལོ་ངོ་བཞི་བཅུའི་རིང་ལ་ཡོད་ཚད་སློབ་གསོ་དང་བོད་ཀྱི་རིག་གནས་ཞིབ་འཇུག་གི་ལས་ལ་བསྟིམས་ཤིང། ཁོང་གིས་སྔ་ཕྱིར་དངོས་གཞིའི་སློབ་མ་དང་། ཞིབ་འཇུག་སློབ་མ་བསྐྱངས་པ་དང་(2001ལོ་ནས་བཟུང་ར་འབྱམས་ཞིབ་འཇུག་སློབ་མ་བསྡུ་འགོ་བརྩམས།) 2012ལོ་ནས་བཟུང་འབུམ་རམས་ཞིབ་འཇུག་སློབ་མ་སྐྱོང་འགོ་ཚུགས་ཏེ་སློབ་གསོའི་གྲུབ་འབྲས་གཡུར་དུ་ཟ་བ་བླངས།
མཇུག་མཐར་དགེ་རྒན་གོ་ཤུལ་མཆོག་ལ་ཁོང་གིས་བོད་ཀྱི་སློབ་གསོ་དང་རིག་གཞུང་ཞིབ་འཇུག་ལ་ལྷོད་མེད་རྒྱུན་ཆགས་གནང་དགོས་པའི་དམིགས་ཡུལ་ཅི་ཡིན་གྱི་བཀའ་འདྲི་ཞུས་པར། ཁོང་གིས་གསུངས་དོན། རང་གི་ཡོན་ཏན་གྱི་ཡོང་ཁུངས་གསུམ་ཡོད་དེ། དེ་ནི་སློབ་གྲྭ་རིམ་པ་ནས་དགེ་རྒན་བཀའ་དྲིན་ཅན་རྣམས་ལས་བརྒྱུད་པའི་ཡོན་ཏན་དང་བསླབ་བྱ་དང་། གཞན་པེ་ཅིན་གྲོང་ཁྱེར་ནས་མཐོ་རིམ་ནང་བསྟན་སློབ་གླིང་གི་མཁན་པོ་དགེ་བའི་བཤེས་གཉེན་ཤིང་བཟའ་སྐལ་བཟང་དང་མཁན་པོ་ཚེ་རྣམ། མཁན་པོ་ཟླ་གྲགས། མཁན་པོ་ཕུན་ཚོགས་རྣམ་རྒྱལ། གཟན་དཀར་རིན་པོ་ཆེ་གཙོས་པའི་བླ་མ་དམ་པ་རྣམས་ལ་བཀའ་འདྲི་ཞུས་པ་ལས་ཐོབ་པའི་ཤེས་བྱ། ལྷག་པར་རང་ཉིད་ཀྱིས་དུས་རྒྱུན་གྱི་དཔེ་ཀློག་གོ་རིམ་ཁྲོད་ཐོབ་པའི་ཤེས་བྱ་བཅས་ཡིན་ཞིང་། ཤེས་བྱ་དེ་དག་ནམ་ཡང་བོད་ཀྱི་བློ་གསལ་གཞོན་ནུའི་ཚོགས་ལ་བསླབས་ནས་མི་རབས་ཕྱི་མར་བརྒྱུད་ཐུབ་པར་རེ་བ་ཡིན་ཞེས་གསུངས། དེ་བས་སློབ་མའི་ཚོགས་ལའང་ཁོང་གིས་ནམ་ཡང་རྗེ་རིན་པོ་ཆེ་ཡི་ལེགས་བཤད་བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། ཐམས་ཅད་བསམ་པ་དག་ལ་རག་ལས་པས། །རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་པའི་བསླབ་གདམས་གནད་དུ་བཟུང་ནས་སློབ་མ་རྣམས་ལ་སེམས་བཟང་པོ་བཅངས་ཏེ་རང་གི་སྐབས་བབ་ཀྱི་ལས་ཀར་འབད་བརྩོན་བྱས་ནས་མི་ཚེའི་ཕུགས་འདུན་འཚོལ་སྙེག་བྱ་དགོས་པའི་གཞེན་སྐུལ་ཡང་དང་ཡང་དུ་གནང་། །
རྩོམ་གསར། 10