མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

ཡེ་མགོན་དང་མཁས་གྲུབ་ཀྱིས་བསྒྱུར།        2018-12-19

   བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བར་ཕྱིར་དྲན་བྱེད་དུས། ལི་ཐང་དུ་གནམ་ས་བླ་འོག་གི་འགྱུར་ལྡོག་བྱུང་ཡོད། སྔོན་ཆད་ཐལ་རྡུལ་གྱིས་ཁེངས་པའི་མ་རུང་ཟུར་ཟ་བྱེད་སའི་ཡུལ་གྲུ་འདི་དེང་སང་དེང་རབས་ཀྱི་མཆོར་ཉམས་ལྡན་པའི་གྲོང་ཁྱེར་གསར་པ་ཞིག་ཏུ་གྱུར་ཡོད། ཡངས་པའི་ཐང་ཆེན་དང་བསྣོལ་བའི་ལམ་ཆེན། དེང་རབས་མཆོར་ཉམས་ཀྱིས་ཕྱུག་པའི་གནའ་བོའི་ཁྲོམ་ལམ། རློན་གཤེར་གྱིས་ཕྱུག་པའི་ལྗང་མདོག་གླིང་ག  ཡ་རབས་ཀྱི་གནའ་སྲོལ་དེང་རབས་ཀྱི་དར་སྲོལ་དུ་སོར་གནས་བྱེད་པའི་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་མཆིས། གྲོང་ཁྱེར་གྱི་རྣམ་པར་ཉིན་བཞིན་འགྱུར་ལྡོག་བྱུང་ཞིང་། དམངས་ཕྱུག་ཐོན་ལས་དར་ཞིང་རྒྱས་པ་དང་། དེང་རབས་ཞིང་ལས་ཀྱི་གཞི་ཁྱོན་ཆགས་ནས་ལྗང་མདོག་གི་རྟེན་གཞི་ཡུལ་གྲུ་སོ་སོར་བསྐྲུན་ཏེ། མཐོ་སྒང་གི་ལ་ཕུག་ཤང་ཀང་དང་ཨའོ་མེན་སོགས་ལ་ཐད་འཚོང་བྱས་ཏེ་མཐོ་སྒང་གི་སྤྱིལ་ཁང་སྔོ་ཚལ་ཕྱོགས་བཞིར་བྲིན་ཚོང་བྱས་ནས་ཚོང་ར་རྒྱ་སྐྱེད་གཏོང་བའི་མཚོན་རྟགས་བསྐྲུན་པར་བརྟེན། མི་དམངས་འབྱོར་འབྲིང་གི་ལམ་དུ་སྐྱོད་པར་ཐབས་ཤེས་བཀོལ་ནས་ལི་ཐང་འཕེལ་ཁ་དར་བར་མདུན་ལམ་བཟང་པོ་བསྐྲུན་དང་སྐྲུན་བཞིན་ཡོད་པ་རེད།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

    ཐལ་རྡུལ་གྱིས་ཁེངས་པའི་ཡུལ་གྲུ་ནས་དེང་རབས་ཀྱི་འཕེལ་ཁ་དར་བའི་གྲོང་ཁྱེར་ཞིག

    ཁ་བ་འབབ་རྗེས་ནམ་མཁའ་གཡའ་དག་ཅིང་། གོམ་སྟབས་དལ་པོ་བསྒྱུར་ནས་ལི་ཐང་གི་ས་གཞི་ཡངས་པོར་འགྲོ་དུས་སེམས་ནང་ལ་སྤྲོ་བ་རབ་ཏུ་འཕེལ།

    བཀོད་པ་ལེགས་པའི་སྡོད་ཁང་དང་གཡུ་ལོ་རྒྱས་པའི་ལྗོན་ཤིང་སྣ་ཚོགས་ཀྱིས་གྲོང་ཁྱེར་ལ་མཛེས་ཆས་སྤྲས་ནས་ཞེན་ཆགས་སྐྱེས་ཏེ་ཕྱིར་ལོག་མི་འདོད་པའི་ཚོར་སྣང་ཤར་དུ་བཅུག འགྱིག་སྣུམ་ལམ་ཆེན་དུ་ཆུ་རྒྱུན་གྱི་རྣམ་པར་འགྲན་པའི་རླངས་འཁོར་གྱིས་ལི་ཐང་གི་འཕེལ་རྒྱས་གོམ་སྟབས་རང་ཤུགས་སུ་ལྷུག་བརྗོད་བྱེད་བཞིན་མཆིས།  རྐང་ལམ་ཕྲ་མོ་རུ་མི་ཚོ་སྐོར་ར་འགྲོ་བཞིན་དགོད་སྒྲས་ཁེངས་ནས་བདེ་སྐྱིད་ཀྱི་རླབས་ཕྲེང་འཕྱུར།  ཁྲོམ་ལམ་གཡས་གཡོན་གྱི་སྒོ་རྩིས་ཚོང་ཁང་གི་ཕུན་སུམ་ཚོགས་པའི་ཅ་ལག་སྣ་ཚོགས་ཀྱིས་མི་ཚོའི་མིག་དབང་འཕྲོག་ནས་ཚོང་ལམ་ཧ་ཅང་བྲིན། གེ་སར་ཐང་ཆེན་དུ་མི་ཚོས་སྙན་འཇེབས་ཀྱི་རོལ་དབྱངས་དང་བསྟུན་ནས་ལྡེམ་ལྡེམ་འཁྱུག་འཁྱུག་གི་ཞབས་བྲོ་འཁྲབ་བཞིན་མཆིས།

    བྱ་དེ་ཁྲུང་ཁྲུང་དཀར་མོ་གཤོག་རྩལ་ང་ལ་གཡར་རོགས།ཐག་རིང་རྒྱང་ལ་མི་འགྲོ   ལི་ཐང་སྐོར་ནས་བསླེབས་ཡོང་ཞེས་པ་ནི་ཚང་དབྱང་རྒྱལ་མཚོས་སྙན་རྩོམ་གྱི་ངོས་ནས་ལི་ཐང་གི་ཡུལ་ཁམས་ལ་གནང་བའི་ལུང་བསྟན་མཚོན་བྱེད་རེད།  མཚོ་འཕགས་སྨི4000ལ་ཟིན་པར་བརྟེན། ལི་ཐང་ལ་མི་ཚོས་མཁའ་དབྱིངས་ཀྱི་གྲོང་ཁྱེར་ཞེས་ཟེར་སྲོལ་ཡོད་པ་རེད། 

    དཀའ་སྡུག་མང་པོ་མྱོང་སྟེ་འཕོ་འགྱུར་ཆེན་པོ་བྱུང་ནས་དུས་རབས་འཕེལ་རྒྱས་གཏོང་བའི་འཆར་འགོད་ཆེན་པོའི་ཁྲོད་ལི་ཐང་གིས་ཡ་མཚན་ཆེ་བའི་ལོ་རྒྱུས་ཀྱི་ཟིན་ཐོ་བཀོད་ཡོད། སྤྱི་ཟླ11པའི་ཚེས23ཉིན་སྨྱུག་འཛིན་པས་སྔོན་ཆད་ལི་ཐང་ལ་འཚོ་བ་རོལ་མྱོང་པའི་ངག་དབང་ལ་ལོ40ཡི་སྔོན་གྱི་ལི་ཐང་གི་རྣམ་པ་གང་ལྟར་ཡིན་པའི་སྐོར་བཅར་འདྲི་བྱས་པ་ཡིན།ལོ་ན69ལ་སོན་པའི་ངག་དབང་ནི་ལི་ཐང་དུ་སྐྱེ་བ་དང་ལི་ཐང་དུ་འཚར་ལོངས་བྱུང་བ། ལི་ཐང་དུ་ལས་ཀ་བསྒྲུབས་ནས་ལི་ཐང་གི་འགྱུར་ལྡོག་ཡོད་ཚད་ལ་མྱོང་ཚོར་ཟབ་མོ་ཡོད་པ་རེད།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

    ལོ40ཡི་སྔོན་གྱི་ལི་ཐང་ལ་ཞིང་ཁམས་ཀྱི་གྲོང་ཁྱེར་ཞེས་གཏན་ནས་བརྗོད་རིན་ག་ན་ཡོད། ཚང་མས་དེར་ཐལ་རྡུལ་གྱིས་ཁེངས་པའི་དམྱལ་ཁམས་ཞེས་དམའ་འབེབས་བྱས།  སྐབས་དེའི་རྫོང་གི་གྲོང་ཁུལ་ནི་སྲིད་གཞུང་རྙིང་པ་ཡོད་སར་ཆགས་ཡོད། མི་ཚང་མ་ས་རྡོ་དང་སོ་ཕག་ལས་བསྐྲུན་པའི་སྡོད་ཁང་ཆུང་ཆུང་ནང་བསྡད་དགོས་ལེ་རེད།  གྲོང་ཁྱེར་གྱི་མཁའ་དབྱིངས་སུ་ཐལ་རྡུལ་གྱིས་ཁེངས་ནས་ཚང་མས་ལི་ཐང་ལ་འཛམ་གླིང་གི་ཐལ་རྡུལ་གྲོང་ཁྱེར་ཞེས་དམའ་འབེབས་བྱས།

    སྔོན་མའི་ལི་ཐང་གི་གནས་ཚུལ་གླེང་སྐབས་ངག་དབང་གིས་ཡི་རང་བའི་རྣམ་འགྱུར་ཞིག་སྟོན་བཞིན་བསྟོད་བསྔགས་བྱས་དོན། 1999ལོ་ནས་བཟུང་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་འགོ་བཙུགས་པ་དང་། 2007ལོར་རྫོང་གི་གྲོང་ཁུལ་ཡོངས་སུ་འཐུང་ཆུའི་བསྒྱུར་བཀོད་ཨར་ལས་ལག་ལེན་བསྟར་བ་དང་།2013ལོར་གྲོང་ཁུལ་གསར་པ་འཛུགས་སྐྲུན་བྱེད་འགོ་བཙུགས།2016ལོར་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བཀོད་དང2017ལོར་ཆུ་དང་གློག ཆ་འཕྲིན་སོགས་ཀྱི་སྐུད་ལམ་ས་འོག་ཏུ་སྦས་ནས་ད་ལྟར་ལི་ཐང་དུ་འགྱུར་ལྡོག་ཆེན་པོ་བྱུང་ནས་གྲོང་ཁྱེར་མཛེས་ཤིང་ལྟ་ན་སྡུག་པ་དང་འཚོ་བ་ཉིན་རེ་བཞིན་ཇེ་སྐྱིད་དུ་འགྲོ་བས།  སྐྱེ་ས་སྐྱེ་ཁུངས་ལི་ཐང་ནས་ཡིན་པའི་མི་ཞིག་ལ་ཆ་བཞག་ནས་བཤད་ན་ང་ཚོར་ཡིད་སྨོན་ཞིང་སྤོབས་པ་སྐྱེས་ཆོག་པ་ཞིག་ཏུ་གྱུར་ཡོད་ཅེས་བཤད།

    ལོ་ངོ40རིང་གི་འགྱུར་ལྡོག་ལ་ཕྱིར་མིག་ཞིག་བལྟས་དུས་གྲངས་ཀ་ནི་ཆེས་ཁུངས་ལུང་ཡོད་པར་གྱུར།  ལི་ཐང་རྫོང་གི་སྡོད་ཁང་དང་གྲོང་ཁྱེར་གྲོང་སྡེ་འཛུགས་སྐྲུན་འཆར་འགོད་ཅུས་ཀྱི་ཅུས་ཀྲང་དབྱང་ཡུང་གིས་ཚད་བསྡུར་གྱི་གཞི་གྲངས་བཅུ་ལྷག་བགྲང་བ་རེད།1978ལོའི་ལི་ཐང་རྫོང་གི་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ0.6མ་གཏོགས་མེད་ཅིང་། ད་ལྟ་སྤྱི་ལེ་གྲུ་བཞི་མ6.8ཀྱི་ཐོག་རྒྱ་སྐྱེད་འགྲོ་ཡོད། 1978ལོར་ལི་ཐང་རྫོང་གི་གྲོང་ཁུལ་གྱི་ཡུལ་མི་ཁྲི1ལ་སླེབས་མིན་ཙམ་ཡིན་ཞིང་། ད་ལྟ་རྫོང་གི་གྲོང་ཁུལ་གྱི་ཡུལ་མི་ཁྲི5ལ་ཟིན་པ་རེད། 1978ལོར་ལི་ཐང་རྫོང་གི་གྲོང་ཁུལ་དུ་རིང་ཚད་སྤྱི་ལེ་གཉིས་ཙམ་ཡོད་པའི་ཁྲོམ་ལམ་གཉིས་མ་གཏོགས་མེད་ཅིང་། ད་ལྟ་ཁྲོམ་ལམ50ལྷག་ཡོད་པའི་རིང་ཚད་བསྡོམས་འབོར་སྤྱི་ལེ60ཙམ་ལ་ཟིན་པ་རེད།

    ལི་ཐང་གི་འགྱུར་ལྡོག་དེ་གྲངས་ཀའི་འགྱུར་ལྡོག་ཙམ་མིན་པར་མི་སེར་ཚོས་དངོས་གནས་དྲང་གནས་ཀྱིས་ཤེས་ཐུབ་ལ་ཚོར་སྣང་ཡང་སྐྱེས་ཐུབ་པ་ཞིག་རེད།

    ད་ལོ་ལོ་ན65ལ་སོན་པའི་སྐོར་བྲོ་མཁན་པོ་མཁའ་འགྲོས་ལོ་ངོ40ཡི་སྔོན་དུ་འདི་ན་སྐོར་བྲོ་འཁྲབ་སའི་ཐང་ཆེན་ཞིག་ཀྱང་ཡོད་ལེ་མ་རེད། 2000ལོར་གེ་སར་ཐང་ཆེན་བསྐྲུན་ཡོད་ཀྱང་རྒྱ་ཁྱོན་སྨི་གྲུ་བཞི་མ་བརྒྱ་ཕྲག་འགའ་ལས་མེད་པ་རེད།  2013ལོར་གེ་སར་ཐང་ཆེན་བསྐྱར་བཟོ་དང་རྒྱས་བསྐྲུན་བྱས་ནས་རྒྱ་ཁྱོན་སྨི་གྲུ་བཞི་མ་ལྔ་སྟོང་དྲུག་སྟོང་ཙམ་ཡོད་པ་རེད། ང་ཚོ་མི་གྲངས་བརྒྱ་གཉིས་བརྒྱ་ཙམ་གྱིས་སྐོར་བྲོ་འཁྲབ་ནའང་མི་ཤོང་རྒྱུ་གཏན་ནས་མི་འདུག་ཅེས་བཤད།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

    ལོ་ན52ལ་ལོན་པའི་བསྟན་འཛིན་ཉི་མས་ལོ40ཡི་སྔོན་དུ་ང་རང་ཏག་ཏག་སློབ་ལོར་སོན་པའི་བྱིས་པ་ཞིག་ཡིན་ཡང་དེའི་དུས་སློབ་གྲྭ་ཉུང་བས་ངས་སློབ་ཞུགས་ཀྱི་གོ་སྐབས་ཤོར་བ་རེད། དེང་སང་ཡིན་ན་རྫོང་གི་གྲོང་ཁུལ་དུ་སློབ་གྲྭ8ཡོད་པས་བྱིས་པ་ཚོ་སློབ་གྲྭར་ཞུགས་མི་ཐུབ་པའི་སེམས་ཁྲལ་བྱ་དགོས་པ་མ་རེད་ཅེས་བཤད།

    ལོ་ན57ལ་སོན་པའི་ནད་པ་སྐལ་བཟང་དོན་གྲུབ་ཀྱིས་སྔར་གྲོང་མི་ཚོར་ནད་ཆུང་ཆུང་ཙམ་ཕོག་དུས་ཐག་རིང་གི་སྨན་ཁང་དུ་བསྐྱལ་དགོས་པ་ལས་རང་ཡུལ་དུ་ཆ་རྐྱེན་ཞན་པས་བཅོས་ཐབས་བྲལ་བ་རེད།  ཡིན་ཡང་། དེང་སང་ནད་ཚབས་ཆེན་ཕོག་ཀྱང་ཐག་རིང་ལ་སྨན་བཅོས་བྱེད་དུ་འགྲོ་མི་དགོས་པས་རྫོང་སྨན་ཁང་དུ་སྨན་བཅོས་བྱེད་ཐབས་ཡོད་པས་ང་ཚོ་ནད་པ་ཚོར་མཚོན་ན་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

    ལོ་ན23ལ་སོན་པའི་བཀྲ་ཤིས་ཀྱིས་སྤྱི་སྤྱོད་རྐང་འཁོར་ཞིག་བཞོན་ནས་དེང་སང་ལི་ཐང་རྫོང་དུ་སྤྱི་སྤྱོད་རླངས་འཁོར་ཡོད་པས་མ་ཚད་སྤྱི་སྤྱོད་རྐང་འཁོར་ཡང་ཡོད་པ་རེད། ངས་བསམ་ན་ཕ་ཡུལ་ལི་ཐང་དུ་གང་ཅིའི་ཐད་ལ་འཕེལ་རྒྱས་བྱུང་ནས་རྒྱ་ནག་ཁྲེང་ཏུའུ་ལྟ་བུའི་གྲོང་ཁྱེར་གྱི་རྣམ་པ་ཞིག་ཆགས་རན་འདུག་ཅེས་བཤད།

ད་ཆའི་ལི་ཐང་རྫོང་གྲོང་ཁུལ་གྱི་ཤར་ན་རྫོང་གྲོང་གསར་པ་དང་ལྷོ་རུ་གྲོང་སྡེ་གསར་པ། ནུབ་ཏུ་ཐོན་སྐྱེད་ལྡུམ་ཁུལ། བྱང་དུ་བོད་ཀྱི་བཟོ་བཀོད་ཀྱི་མཚོན་རྟགས་ཡོད་པའི་དུད་ཚང་སྟོང་ལྷག་ཡོད་པའི་ཡུག་ཤོག་ཆེ་གྲས་བཞི་འཛུགས་སྐྲུན་བྱས་ཡོད་པས་མ་ཚད། ལྷ་སྤྱན་གླིང་ག་དང་མཆོད་རྟེན་དཀར་པོའི་གླིང་ག  དུང་དཀར་གླིང་ག  གྲྭ་འབུམ་གླིང་ག་བཅས་སྐྱེ་ཁམས་ངལ་གསོ་བྱེད་ཁུལ་ཆེ་གྲས་བཞི་བསྐྲུན་ཡོད་ཅིང་། ད་དུང་ལི་ཐང་གི་གནའ་གྲོང་དུA4རིམ་པའི་ཡུལ་སྐོར་ལྗོངས་ཁུལ་བསྐྲུན་པ་དང་ཚངས་དབྱངས་རྒྱལ་མཚོའི་མགུར་གླུའི་རིག་གནས་དར་སྤེལ་གཏོང་བཞིན་པའི་སྒང་ཡིན་ཞིང་། སློབ་གྲྭ་དང་སྨན་ཁང་། འགྲིམ་འགྲུལ་སོགས་གང་ཐད་ནས་ཡག་པོར་ཆགས་བཞིན་མཆིས།

    ལི་ཐང་གི་མཚོ་འཕགས་མཐོན་པོ་ཡིན་པས་མཁའ་དབྱིངས་ཀྱི་གྲོང་ཁྱེར་ཞེས་པའི་མིང་ཙམ་དུ་ལུས་སྲིད་རྒྱུ་མ་རེད།འཕེལ་རྒྱས་མགྱོགས་ཞིང་མདུན་ལམ་རྒྱ་ཆེ་བའི་མིང་དོན་མཚུངས་པའི་མཁའ་དབྱིངས་ཀྱི་གྲོང་ཁྱེར་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

    གང་སར་འཁྱར་སྡོད་ཀྱི་འཚོ་གནས་བྱས་པ་ནས་དེང་སང་གཏན་སྡོད་ཀྱི་འཚོ་གནས་སུ་གྱུར་པའི་མི་རབས།

    སྤྱི་ཟླ11པའི་ཚེས23ཉིན།  ལི་ཐང་རྫོང་གི་མཐོ་གྲོང་གྲོང་རྡལ་སྒྲོན་དགའ་གྲོང་སྡེའི་ལོ་ན60ལ་སོན་པའི་ཡུལ་མི་ནོར་བུས་མེ་ཏོག་ལ་ཆུ་བླུགས་ཞོར་སྨྱུག་འཛིན་པས་དྲི་བར་དྲིས་ལན་བཏབ་པ་རེད།  ལོ40ཡི་སྔོན་དུ་ལོ་ན20ལ་སོན་པའི་རང་ཉིད་ནི་ཐོན་སྐྱེད་རུ་ཁག་གི་གནག་ཕྱུག་ག་ས་གར་དེད་ནས་འཚོ་རྫི་བྱེད་མཁན་ཡིན། དེའི་སྐབས་སུ་ཁྱིམ་ནང་ཧ་ཅང་དབུལ་པོ་ཡིན་པས།  བསྡད་ས་ཐོན་སྐྱེད་རུ་ཁག་གི་སྦྲ་གུར་ཐབས་ཆགས་ཤིག་ཡོད་རུང་། སྦྲ་གུར་རྙིང་ཧྲུལ་ཡིན་པའི་དབང་གིས་རླུང་ལྡང་དུས་ས་རྡུལ་སྦྲ་གུར་དུ་ཁྱེར་ཡོང་བ་དང་། ཆར་པ་བབ་དུས་སྦྲ་གུར་ཆུ་ཚགས་བཞིན་དུ་གྱུར་ནས་དེ་བས་སྡུག་པོ་ཡིན་ལེ་རེད་ཅེས་ནོར་བུས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

    1980ལོར་ངས་གཉེན་སྒྲིག་པ་ཡིན།  སྐབས་དེར་ཁྱིམ་ནང་ཅ་ལག་ཅི་ཡང་མེད་པར་བརྟེན།  བསྡད་ས་ནི་ཐོན་སྐྱེད་རུ་ཁག་གི་སྦྲ་གུར་ཡིན་ཞིང་།  གཉེན་སྒྲིག་བྱེད་ཉིན་གཉེན་ཉེ་དང་གྲོགས་པོ་རྣམས་ཀྱིས་བྱིན་པའི་འབུལ་རྟེན་ཕལ་ཆེར་ནི་མར་དང་།  ནས། ཞོ་སོགས་ཡིན་པ་ལས། དངུལ་གྱི་འབུལ་རྟེན་བྱིན་མཁན་གྱིས་སྒོར་མོ་གཅིག་གཉིས་སྟེར་ཕྱིར་འབུལ་རྟེན་ཆེན་པོར་རྩིས་ཆོག་ངེས་རེད། སྐབས་དེར་ང་ཚོའི་འཚོ་བ་ནི་དངོས་གནས་དབུལ་པོ་ཡིན་པ་རེད་ཅེས་བཤད།

    འཚོ་བ་རིམ་བཞིན་ཡག་པོར་གྱུར་པ་ནི1983ལོར་ཐོན་སྐྱེད་དུད་ཚང་ལ་འགན་གཙང་ལེན་བྱས་པ་ནས་འགོ་བཙུགས་པ་རེད།  ནོར་བུ་ཚང་གི་ཁྱིམ་མི་དྲུག་ལ་འབྲོག་ས་ཡུག་གཅིག་དང་གནག་ཕྱུགས་བཞོ་མ་གཅིག་ཐོབ།  གནག་ཕྱུགས་བཞོན་མ་གཅིག་མ་གཏོགས་མེད་མོད།  ངག་རྒྱུན་དུ་འབྲོག་ས་ཡོད་ན་ནོར་ལུག་མེད་པར་སྐྲག་དགོས་དོན་མེད། འབྲོག་ས་ཡོད་ན་ཡོད་ན་མི་ཚོར་རེ་བ་འཆང་ས་ཡོད་པ་རེད།  ནོར་བུས་སྐབས་དེར་འབྲོག་པ་རྣམས་ལ་འབྲོག་ས་བགོས་རྗེས་ཕྱུགས་ཟོག་ཧུར་ཐག་གསོ་སྤེལ་བྱས་ཤིང་།  ནོར་བུ་ཚང་གི་ཕྱུགས་ཟོག་ཀྱང་རིམ་བཞིན་མང་དུ་ཕྱིན་ནས་2005ལོར་སླེབས་དུས་ནོར་བུ་ཚང་གི་ཕྱུགས་ཟོག120ལྷག་ལ་ཟིན་པ་རེད། ཟོག་ཡོད་ན་མར་ཡོད་པ་དང་། ཟོག་ཡོད་ན་ཕྱུར་བ་ཡོད། ཐ་ན་ཟོག་ཡོད་ན་སྒོར་མོ་ཡང་ཡོད་པ་རེད་ཅེས་ནོར་བུས་ཨ་མཚར་རྩེད་མོའི་ངང་ནས་དེ་ལྟར་བཤད་པ་རེད།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

    ཁྱིམ་ནང་གི་འཕོ་འགྱུར་བྱུང་ཚུལ་བཤད་དུས་ནོར་བུ་ཚང་ལ་ཅ་ལག་གཉིས་ཀྱིས་འཐུས་ཚབ་བྱེད་ཆོག་པ་སྟེ།  གཅིག་ནི་སྡོད་ཁང་དང་གཉིས་ནི་བརྙན་འཕྲིན་འཕྲུལ་ཆ་རེད། 2005ལོའི་སྔོན་དུ་ནོར་བུ་ཚང་ནི་སྦྲ་གུར་ནང་བསྡད་ཡོད།  ཡིན་ན་ཡང་སྐབས་དེར་བསྡད་སའི་སྦྲ་གུར་དེ་ཐོན་སྐྱེད་རུ་ཁག་དུས་ཀྱི་སྦྲ་གུར་ནང་བཞིན་ཆར་རླུང་མི་འགོག་པའི་སྦྲ་གུར་ཧྲུལ་པོ་མིན་པས་སྐྱིད་པོ་ཙམ་ཡིན་མོད།  འོན་ཀྱང་ག་སར་འཁྱར་སྡོད་ཀྱི་འཚོ་བ་ཡུན་རིང་པོ་རོལ་བར་ཞེན་པ་ལོག་པའི་ནོར་བུའི་སེམས་སུ་གཏན་སྡོད་ཀྱི་ཁྱིམ་གཞིས་ཤིག་བསྐྲུན་རྒྱུའི་བསམ་ཚུལ་ཤར་བར་བརྟེན།  2005ལོར་གནག་ཕྱུག་བཙོངས་ཏེ་མཐོ་གྲོང་གྲོང་རྡུལ་དུ་སྡོད་ཁང་གསར་པ་ཞིག་བཀབ་སྟེ་གཞིས་ཆགས་ཡོད་པ་རེད།  སྐབས་དེར་ནོར་བུས་འགྲོ་གྲོན་མ་དངུལ་སྒོར་ཁྲི་བཅུ་བདུན་བཏང་ནས་གླ་ཁང་ལྔ་བཀབ་པའི་ནང་ཁང་མིག་གཅིག་རང་ཉིད་སྡོད་ས་བྱས་པ་དང་།  དེ་མིན་གྱི་ཁང་མིག་བཞི་པོ་གླ་གཏོང་བྱས་ཡོད་པར་བརྟེན།  2012ལོར་ཡང་དུ་མ་དངུལ་སྒོར་ཁྲི་བཅོ་ལྔ་འགྲོ་གྲོན་བཏང་ནས་རྒྱབ་ཕྱོགས་ཀྱི་ཐོག་བརྩེགས་གཉིས་པའི་སྡོད་ཁང་འདི་བཀབ་ཡོད་པ་རེད།

    རྒྱལ་ར་ཆུང་ཆུང་ནང་ཐོག་བརྩེགས་གཉིས་པའི་སྡོད་ཁང་ཡོད་པའི་ནོར་བུའི་མཐོ་སྒང་ཐོག་གི་ཁྱིམ་གཞིས་སྤྲོ་ཁང་ནི་ཡིད་སྨོན་བྱ་ཡུལ་དུ་གྱུར་པ་ཞིག་ཡིན་མོད། འོན་ཀྱང་ནོར་བུས་ལི་ཐང་དུ་ཁོ་བོ་འདྲ་མོའི་ཐོག་བརྩེགས་ཁང་ཡོད་མཁན་གྱི་ཁྱིམ་ཚང་མང་པོ་ཡོད་པ།  ད་ལྟར་མི་ཚང་མའི་འཚོ་བ་ནི་ཡག་པོ་རེད་ཅེས་བཤད།

    ནོར་བུ་ཚང་ལ་ཡོད་པའི་བརྙན་འཕྲིན་འཕྲུལ་ཆས་ཨང་དང་པོ་ནི1988ལོར་ཉོས་པའི་དབྱིན་ཚུན18ཀྱི་བྱི་ལ་དོམ་རྟགས་ཅན་གྱི་ཚོན་མེད་བརྙན་འཕྲིན་འཕྲུལ་ཆས་དེ་རེད།  འཚོ་བ་ཉིན་རེ་ནས་ཉིན་རེར་སྐྱིད་པོ་བྱུང་བར་བརྒྱུད།  ནོར་བུ་ཚང་གི་བརྙན་འཕྲིན་དེ་ཚོན་མེད་བརྙན་འཕྲིན་འཕྲུལ་ཆས་ནས་ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་ལ་བསྒྱུར་བ་དང་།  ཚོན་ལྡན་གྱི་བརྙན་འཕྲིན་འཕྲུལ་ཆས་ཆུང་ཆུང་ནས་ཚོན་ལྡན་བརྙན་འཕྲིན་འཕྲུལ་ཆས་ཆེན་པོར་བསྒྱུར་བ།  དེ་འདྲ་ནང་བཞིན་ད་ལྟར་ནོར་བུ་ཚང་གི་ཁྱིམ་དུ་བཞག་པའི་བརྙན་འཕྲིན་འཕྲུལ་ཆས་ནི་དབྱིན་ཚུན50ལྡན་པའི་ཧྥེ་ལི་ཕུའུ་རྟགས་ཅན་གྱི་ཚོན་ལྡན་གཤེར་ཤེལ་གྱི་བརྙན་འཕྲིན་འཕྲུལ་ཆས་ཡིན་པ་རེད།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

    ནོར་བུའི་བུ་ནི་གཞུང་ཞབས་པ་ཡིན་པ་དང་།  མནའ་མ་ནི་སྨན་པ་ཡིན་ཞིང་།  བུ་མོ་ནི་དགེ་རྒན་ཡིན་པ། ནོར་བུར་ད་དུང་ཚ་བོ་ཆུང་ཆུང་ཅིག་ཡོད་པ་རེད།  ནོར་བུའི་ཁྱོ་ཤུ་ནད་ཀྱིས་མནར་ནས་རྐྱེན་དབང་གིས་ལྔ་ལམ་དུ་སོང་ཡོད་མོད།  ཁོ་བོའི་བུ་དང་བུ་མོ་ཚོས་ཁོ་ལ་བསྙེན་བཀུར་བྱེད་པ་དང་།  ཚ་བོ་སྤྱང་པོ་ཡིན་པ།  ཁྱིམ་མི་ཚང་མས་འཆམ་མཐུན་བདེ་སྐྱིད་ཀྱི་འཚོ་བ་རོལ་དང་རོལ་བཞིན་ཡོད་པ་རེད།

    ནོར་བུའི་གླ་ཁང་ལྔར་ཟླ་རེར་གླ་ཆའི་དངུལ་སྒོར་སྟོང་དྲུག་ལྷག་རག་པ་དང་།  བུ་དང་བུ་མོས་ཟླ་རེར་ཁོ་བོར་དངུལ་སྒོར་སྟོང་ཙམ་བརྙན་བཀུར་བྱས་ཏེ་ཁོ་བོའི་ཡོང་འབབ་མཐོན་པོ་ཡིན་པ་དང་འཚོ་བའི་སྤུས་ཚད་ཉེན་རེ་བཞིན་ཇེ་མཐོ་རུ་འགྲོ་བཞིན་ཡོད་པ་རེད།

    ད་ལྟར་ནོར་བུར་བྱེད་འདོད་གསར་པ་ཡོད་པ་ནི་གྲོགས་པོ་རྣམས་དང་མཉམ་དུ་ཡུལ་སྐོར་བྱེད་དུ་འགྲོ་བསམ་རྒྱུ་དེ་རེད།  ཁོ་བོས་གྲོགས་པོ་གསུམ་དང་མཉམ་པོར་ལོ་རེར་ཕྱིར་ཡུལ་སྐོར་ཐེངས་རེ་བྱེད་སར་འགྲོ་ཡོད།  པེ་ཅིན་དང་།  ཧྲང་ཧའེ།  ཞང་ཀོང་།  ཐེ་ལན་སོགས་ས་ཁུལ་ཚང་མར་འགྲོ་མྱངས་ཤིང་།  སང་ལོར་གླིང་ཆེན་ཡོ་རབ་ཏུ་ལྟད་མོ་བལྟ་སར་འགྲོ་རྒྱུའི་གྲ་སྒྲིག་བྱས་དང་བྱེད་བཞིན་ཡོད་པ་རེད།

    ནོར་བུས་རྒྱལ་རའི་ནང་མེ་ཏོག་ལྟ་སྐྱོང་བྱེད་བཞིན་དུ་མདོང་དུ་འཛུམ་མདངས་མེ་ཏོག་བཞད་པའི་ནང་བཞིན་ང་རང་ལ་ལོ40སྔོན་གྱི་འཚོ་བ་སྡུག་པོ་ནས་ད་ལྟར་གྱི་འཚོ་བ་སྐྱིད་པོ་རོལ་རྒྱུ་བྱུང་བ།  མི་རྣམས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་ནི་སི་པན་ནང་བཞིན་ཇི་ཙམ་རྒན་ན་དེ་ཙམ་དམར་པོར་གྱུར་པ་ཡོད་པ་རེད་ཅེས་ཐོབ་ཚོར་ཡོད་པའི་སྒོ་ནས་ཡི་རང་བའི་སྐད་ཆ་དེ་ལྟར་བཤད་པ་རེད།།

    ལི་ཐང་སྔོ་ཚལ་ཨའོ་མེན་དང་ཤང་ཀང་དུ་ཐད་འཚོང་བྱས།

    སྤྱི་ཟླ11པའི་ཚེས24ཉིན།  མཚོ་འཕགས་སྨི3600ཡོད་པའི་ལི་ཐང་རྫོང་ཁམས་བོད་ཉི་འོད་སྔོ་ཚལ་ཐོན་སྐྱེད་ལས་སྣོན་རྟེན་གཞིར་འཛུམ་མདངས་ཀྱིས་ཁེངས་པའི་གྲོང་མི་རྣམས་ཀྱིས་ལ་ཕུག་འབལ་བསྡུ་བྱེད་བཞིན་འདུག

ལ་ཕུག་དེ་དག་ནི་སྤྱིར་བཏང་གི་ལ་ཕུག་ཞིག་མ་ཡིན་པར། རི་མཐོན་པོ་བརྒལ་ཞིང་ཐང་ཡངས་པོ་བཅད་དེ་ཤང་ཀང་དང་ཨའོ་མོན་གྱི་ཁྲོམ་རའི་སྟེགས་བུར་ཐོན་ཡོད་དེ། ད་ལོར་ལི་ཐང་གིས་ཤང་ཀང་དང་ཨའོ་མེན་དུ་ཐད་འཚོང་བྱས་པའི་ལ་ཕུག་ཐོན་རྫས་ཏུན6000ལྷག་ལ་ཟིན་པ་རེད།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།

    ལོ་ན50ལ་སོན་པའི་ལི་ཐང་རྫོང་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་བློ་བཟང་ཚེ་རིང་གིས་ལོ40ཡི་སྔོན་དུ་ལི་ཐང་གི་མི་སེར་ཚོས་སྔོ་ཚལ་ཟ་རྒྱུ་ནི་དཀའ་གནད་ཤིག་ཏུ་འཁུམས་ཤིང་། སྐབས་དེར་ལི་ཐང་དུ་སྔོ་ཚལ་འདེབས་པའི་ལག་རྩལ་གྱི་ཆུ་ཚད་ཞན་པ་དང་། འགྲིམ་འགྲུལ་གྱི་ཆ་རྐྱེན་ཞན་པའི་དབང་གིས་སྔོ་ཚལ་ནང་འདྲེན་མི་ཐུབ་ཅིང་། སྔོ་ཚལ་ཡོད་ནའང་རིན་གོང་ཧ་ཅང་མཐོ་བ་དང་།ཤ་གོང་ལས་ཚལ་གོང་ཆེ་བའི་གནས་སུ་གྱུར།

1991ལོར་ལི་ཐང་ཞིང་ལས་ཚན་རྩལ་ཁང་གིས་འཇའ་བ་ཤང་དུ་སྔོ་ཚལ་བཏབ་པར་ཚོད་ལྟ་བྱས། 2002ལོར་ལི་ཐང་ཞིང་ལས་ཚན་རྩལ་ཁང་གིས་སླར་ཡང་ཚོ་གསུམ་ཤང་དུ་རྒྱ་ཁྱོན་ཅུང་ཆེ་བའི་སྔོ་ཚལ་འདེབས་འཛུགས་བྱས་ཀྱང་། བཏབ་པའི་སྔོ་ཚལ་གྱིས་ལི་ཐང་མི་དམངས་ཀྱི་འཚོ་བའི་དགོས་མཁོ་རྩ་བ་ནས་སྐོང་ཐུབ་ཀྱི་མེད། 2007ལོར་ལི་ཐང་གི་ཞིང་དུད་ཁང་གི་མདུན་རྒྱབ་ཀྱི་ཞིང་ས་རུ་འགྱིག་ཤོག་དྲོད་ཁང་བསྐྲུན་པས་སྔོ་ཚལ་དཀོན་པའི་གནད་དོན་དེ་ཐག་གཅོད་ངེས་ཅན་ཞིག་བྱེད་ཐུབ་ཡོད་པ་རེད།

    “2013ལོར་གཞི་ཁྱོན་ཆེན་པོའི་སྒོ་ནས་སྔོ་ཚལ་གོང་འཕེལ་བྱུང་ཞིང་། ཚོ་གསུམ་ཤང་དུ་སྔོ་ཚལ་མུའུ1000འདེབས་འཛུགས་བྱས་ཤིང་། སྔོ་ཚལ་རིགས་སྣ་ཁ10ལྷག་ཡོད། 2016ལོར་ལི་ཐང་རྫོང་དུ་ཁམས་བོད་ཉི་འོད་དེང་རབས་སྐྱེ་ཁམས་ཞིང་ལས་གསར་གཏོད་གཉིས་ཀྱི་ལྟེ་གནས་བཙུགས་ཤིང་། ཕྱིས་སུ་ལི་ཐང་རྫོང་འཇའ་བ་ཞིང་སའི་ལྡུམ་རའི་ཕྱོགས་བསྡུས་རྟེན་གཞི་བཙུགས།

    2017ལོའི་སྤྱི་ཟླ3པའི་ཚེས9ཉིན་ལ། ལི་ཐང་རྫོང་གིས་དཀར་མཛེས་ཁུལ་གྱི་དེང་རབས་སྐྱེ་ཁམས་ཞིང་ལས་གླིང་ཁུལ་ཐོག་མ་བཙུགས་ཤིང་། ཚོ་གསུམ་དེང་རབས་སྐྱེ་ཁམས་ཞིང་ལས་གླིང་ཁུལ་དང་ལི་ཐང་གི་སྔོ་ཚལ་འདེབས་འཛུགས་བྱས་པར་རྒྱབ་སྐྱོར་ཐོབ་ཡོད་པ་རེད།

    བློ་བཟང་ཚེ་རིང་གིས་གསར་འགོད་པར་བཤད་དོན། ཚོ་གསུམ་དེང་རབས་སྐྱེ་ཁམས་ཞིང་ལས་གླིང་ཁུལ་གྱི་གཙོ་བོ་ནི་འཇའ་བ་ཞིང་སའི་ལྡུམ་རའི་ཕྱོགས་བསྡུས་ཅན་དང་ཁམས་བོད་ཉི་འོད་དེང་རབས་སྐྱེ་ཁམས་ཞིང་ལས་གཉིས་ཀྱི་ལྟེ་གནས། གནས་མཆོག་ཞིང་རའི་སྔོ་ཚལ་དཔེ་སྟོན་རྟེན་གཞི། འཆར་འགོད་བཅས་ཀྱིས་རྒྱ་ཁྱོན་མུའུ་ཁྲི2ལ་ཟིན་ཡོད་ལ། ཞིང་ཆེན་རིམ་པའི་དེང་རབས་ཀྱི་ཞིང་ལས་ཐོན་ལས་མཉམ་འདྲེས་ཀྱི་དཔེ་སྟོན་གླིང་ཁུལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན། གླིང་ཁུལ་ནི་སྤྱི་གཉེར་ཁང་དང་རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་འབྲེལ་མཐུན་ཡིན་པའི་རྣམ་པར་བརྟེན་ནས་ཞིང་ལས་ཐོན་འཕར་དང་། ཞིང་པའི་ཡོང་སྒོ་འཕར་བ། གྲོང་གསེབ་དར་རྒྱས་བཅས་གཞི་འཛིན་ས་བྱས་ཡོད། ཆགས་ཚུལ་ལེགས་སྒྲིག་དང་རྟེན་གཞི་སྐྲུན་པ། གཙོ་གནད་སྐྱོང་བ། ཚོང་ར་རྒྱ་བསྐྱེད། ཐོན་རྫས་སྤུས་རྟགས། ཐོན་ལས་མཉམ་འདྲེས། དབུལ་ཐར་ལ་སྐུལ་འདེད་བཅས་བྱས་པར་བརྟེན། ནུས་ཤུགས་ཡོད་རྒུས་བོད་རིགས་ས་ཁུལ་གྱི་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། མ་འོངས་པར་གླིང་ཁུལ་འདིར་ཞིང་ལས་འཕེལ་རྒྱས་གཏིང་ཟབ་ཏུ་གཏང་རྒྱུ་དང་། ལི་ཐང་གི་རིག་གནས་མཉམ་འདྲེས་དང་། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་ལ་སྐུལ་འདེད་གཏང་རྒྱུ། ཐོན་ལས་རིམ་སྤོར་མངོན་འགྱུར་འབྱུང་རྒྱུ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་མཉམ་འདྲེས་བྱེད་གང་ཐུབ་བྱ་རྒྱུ་ཡིན།

མཐོ་གྲོང་ལི་ཐང་གི་གནམ་ས་ཁྱད་པའི་འཕེལ་འགྱུར།


    ས་བབ་མཐོ་བའི་གནམ་གཤིས་དང་དྭངས་གཙང་གི་མཁའ་དབུགས་གསར་པ། སྦགས་བཙོག་མ་ཐེབས་པའི་ཞིང་ས། དྭངས་གཙང་གི་ཆུ་བོའི་མགོ་ཁུངས། ཉི་འོད་ཀྱི་ཚ་གྲང་ཆ་སྙོམས་པ་བཅས་ཡིན་པའི་ལི་ཐང་ལ་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཀྱི་རང་བྱུང་གི་ཐུན་མོང་མ་ཡིན་པའི་དུས་ཚིགས་ཀྱི་བཟང་ཆ་ཡོད། ལི་ཐང་ནི་སྔོ་ཚལ་སྐྱེ་མི་ཐུབ་པའི་ས་ཆ་ཞིག་མ་ཡིན་པར་སྔོ་ཚལ་འདེབས་འཛུགས་བྱ་ཆོག་པའི་ཞིང་ས་གཤིན་པོའི་གནས་མཆོག་ཅིག་ཡིན་པ་རེད།

ལི་ཐང་རྫོང་གིས་མཐོ་སྒང་གི་ལྷད་མེད་པའི་ཤིང་ཏོག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏང་ཆེད། ཚད་ལྡན་ཅན་གྱི་མྱུག་གསོ་ལྟེ་གནས་སྨི་གྲུ་བཞི་མ10000དངEPSདགུན་ཁའི་དྲོད་གསོག་སྤྱིལ་ཁང་སྨི་གྲུ་བཞི་མ5000  ཚད་ལྡན་ཅན་གྱི་སྔོ་ཚལ་འཁྱགས་མཛོད་ཏུན600འཛུགས་སྐྲུན་བྱས་ཡོད་ཅིང་།ཤིང་ཏོག་དང་སྔོ་ཚལ་མུའུ8300འདེབས་འཛུགས་བྱས་ཡོད་པ་དང་།ཐོན་ཚད་རྒྱ་མ་ཁྲི8100དང་ཐོན་རྫས་རིན་ཐང་སྒོར་ཁྲི6880ལ་ཟིན་ཡོད་པས། རྒྱལ་ཡོངས་སུ་ཐོན་རྫས་སྙོམས་སྒྲིག་བྱས་པའི་ནུས་པ་ལྡན་པ་རེད།ཐད་ཀར་ཤང་ཀང་དང་ཨའོ་མེན་དུ་མཁོ་འདོན་བྱས་པའི་སྤྱིལ་ཁང་ནང་འདེབས་འཛུགས་བྱས་པའི་ཚོད་ལྟའི་རྟེན་གཞིའི་འཛུགས་སྐྲུན་རྫོང་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད། ལི་ཐང་གི་ལ་ཕུག་ཤང་ཀང་དང་ཨའོ་མེན་དུ་ཐད་འཚོང་བྱ་རྒྱུ་ནི་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་ནང་དམིགས་སུ་ཐོན་པའི་གྲུབ་ཆ་དུམ་བུ་ཞིག་ཏུ་གྱུར།

    སྤྱི་ཟླ11པའི་ཚེས11ཉིན་གྱི་དགུང་མོར།ལི་ཐང་རྫོང་གིས་སྤྱིལ་ཁང་ནང་འདེབས་འཛུགས་བྱས་པའི་ཤིང་ཏོག་དང་སྔོ་ཚལCCTV2ནོར་སྲིད་དཔལ་འབྱོར་འཕྲིན་ལམ་དུ་ཐད་གཏོང་བྱས་ཏེ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲེང་ཞན་ཧྥེང་གིས་རྒྱལ་ཡོངས་ཀྱི་ལྟད་མོ་བར་གངས་ལྗོངས་མཐོ་སྒང་ལི་ཐང་གི་ལ་ཕུག་དཀར་པོ་དང་ལི་ཐང་གི་ཀྲོ་མ་ཀྲུ་ཆུང་ངུ་།ལི་ཐང་གི་ཞི་ཀྭ་སོགས་ངོ་སྤྲོད་བྱས་པར་མ་ཟད།རྫོང་དེའི་འཕེལ་རྒྱས་གཏོང་བའི་སྤྱིལ་ཁང་ནང་འདེབས་འཛུགས་བྱེད་པའི་ཤིང་ཏོག་དང་སྔོ་ཚལ་སྐྱེས་པའི་ངོ་མཚར་གཏམ་རྒྱུད་ཀྱི་གནས་ལུགས་གསལ་བཤད་བྱས་པ་དང་།མ་འོངས་པར་ལི་ཐང་གིས་སྤྱིལ་ཁང་ནང་འདེབས་འཛུགས་བྱེད་པའི་ཤིང་ཏོག་དང་སྔོ་ཚལ་ཕྱིར་འཚོང་ཐུབ་རྒྱུ་རེད།

    སྔོ་ཚལ་ཤ་ལས་རིན་གོང་མཐོ་བ་ནས་ཤང་ཀང་དང་ཨའོ་མེན་དུ་ཐད་འཚོང་བྱས་པ་ནི་ལི་ཐང་གི་ཞིང་ལས་འདི་སྲོལ་རྒྱུན་གྱི་ཞིང་ལས་ནས་དེང་རབས་སྒྲིག་བཀོད་ཞིང་ལས་སུ་བསྒྱུར་བའི་ལོ་རྒྱུས་རང་བཞིན་གྱི་ཚད་ལས་བརྒལ་བ་མཚོན་བཞིན་ཡོད་པས། སྔོན་ཆད་ང་ཚོས་མིའི་ངལ་རྩོལ་ནུས་ཤུགས་ལ་བརྟེན་ནས་ལ་ཕུག་འདེབས་འཛུགས་བྱས་ཏེ། མི་དྲུག་གིས་ཉིན་གཅིག་ལ་ཕུག་མུའུ་གཅིག་འདེབས་འཛུགས་བྱས་ཐུབ་པ་དང་།ད་ལྟར་འཕྲུལ་ཆས་ཀྱིས་འདེབས་པས་ཆུ་ཚོད་གཅིག་དང་སྐར་མ20ནང་ས་ཞིང་མུའུ་གཅིག་ལ་ས་བོན་འདེབས་པའི་ལས་འགན་གྲུབ་ཐུབ་པས།སྔོན་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་རེད་ཅེས་བཀྲ་ཤིས་ཀྱིས་དེ་ལྟར་བཤད་པ་རེད།།


  • ལེ་ཚན་སྔོན་མ།:གསར་འགྱུར་གནད་བསྡུས།
  • ལེ་ཚན་རྗེས་མ།:དེང་རབས་སློབ་མ་ཆུང་ཆུང་གིས།། སྲོལ་རྒྱུན་རིག་གནས་འདི་ལྟར་སྦྱོང་།
  • དོ་སྣང་ཆེ་བའི་རྩོམ།