མཚོ་སྔོན་གྱིས་དེང་རབས་ཚན་རྩལ་ལ་བརྟེན་ནས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་གཏོང་བར་སྐུལ་འདེད་བཏང་།

        2018-12-05

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་སྤྱི་ཟླ11པའི་ཚེས20ཉིན་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ཀྱི་བཟོ་རྩལ་དང་གྲངས་འཛིན་ཅན་གྱི་ལས་སྣོན་སོགས་ཀྱི་བྱེད་ཐབས་ལམ་ལ་བརྟེན་ནས་བོད་ལུགས་གསོ་རིག་སྨན་རྫས་ཀྱི་ཐོན་ལས་གསར་གཏོད་ལ་རམ་འདེགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་དང་། ལུས་གསོ་བདེ་སྲུང་། ཚན་རིག་ཞིབ་འཇུག་སོགས་ཀྱི་ཐད་འཚོལ་ཞིབ་ཧུར་ཐག་བྱས་ནས་བོད་ལུགས་གསོ་རིག་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་ཇེ་མགྱོགས་གཏོང་བར་སྣེ་ཁྲིད་དང་སྐུལ་འདེད་བཏང་བ་རེད།

“མིག་སྔར་སྨན་ཁང་གི་སྨན་སྦྱོར་ཁང་གིས་བོད་ལུགས་གསོ་རིག་གི་སྦྱོར་རྟ་རིགས12ཀྱི་བོད་སྨན་སྣ་ཁ་ཁྱོན་བསྡོམས368བཟོ་ཐུབ་པ་དང་ལོ་རེར་བོད་སྨན་ཏུན200ཐོན་སྐྱེད་བྱེད་ཀྱི་ཡོད། སྨན་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི་མངར་ཆའི་ལྡེ་ཁུ་དང་། སྦྱར་སྨན། སྨན་རག་སོགས་བོད་སྨན་གྱི་ཐོན་རྫས་གསར་པ་བྲིན་ཁ་རྒྱུག་པོ་འདུག སན་ཁྲེན་ཕྱེ་སྨན་ལྟ་བུའི་བྱིས་པའི་སྨན་ནི་དེ་སྔོན་ཕྱེ་མ་ཤ་སྟག་ཡིན་པ་དང་། ད་ཆ་ང་ཚོས་རིལ་བུ་བཟོས་པས་སྨན་གཏོང་དུས་སྟབས་བདེ་བ་དང་སྨན་མང་ཉུང་ལ་ཚོད་འཛིན་བྱེད་སླ་བར་མ་ཟད། ད་དུང་དེང་རབས་ཀྱི་བཟོ་རྩལ་ལ་བརྟེན་ནས་བསྡུ་ལེན་དང་། ལོགས་དབྱེ། ཚད་འདས་ཞིབ་འཐག་བཅས་བྱས་པས་སྨན་གྱི་ནུས་པ་ཆེ་རུ་སོང་ཡོད”ཅེས་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་སྦྱོར་ཁང་གི་ཀྲུའུ་རེན་རྡོ་རྗེ་ཚེ་རིང་གིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་དུ་ལས་སྒྲུབ་མི་སྣ་བཟང་མོ་མཚོས། གློག་ཀླད་ཀྱི་མདུན་དུ་བསྡད་དེ་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་ཕྱོགས་སྒྲིག་བྱེད་བཞིན་ཡོད་ཅིང་། ཁོ་མོས་དཔེ་རྙིང་དང་ཚད་ལྡན་ཡིག་ཆའི་ནང་དོན་རྣམས་ཡིག་འབྲུ་རེ་རེ་བཞིན་ཆད་ལུས་མེད་པར་རྒྱལ་ཁབ་ཀྱི་བོད་ལུགས་གསོ་རིག་ཀྱི་ཐོན་ལས་ལག་རྩལ་གསར་གཏོད་ཞབས་ཞུའི་ལས་སྟེགས་ཀྱི་མ་ལག་ནང་བཅུག་པ་དང་ཞུས་དག་ཞིབ་ཚགས་བཏང་རྗེས་གཞི་གྲངས་མཛོད་ནང་འཇུག་གི་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་གིས་སྔ་རྗེས་སུ་མིའི་ཐེངས་གྲངས100ལྷག་སྒྲིག་འཛུགས་བྱས་ཏེ་དབྱིན་ཇི་དང་། ཨ་རི། དབྱི་ཐ་ལི། རྒྱ་གར། ནེ་པ་ལ་སོགས་རྒྱལ་ཁབ10ལྷག་དང་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། སི་ཁྲོན་སོགས་སུ་བསྐྱོད་དེ་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས1060འཚོལ་བསྡུ་ལེགས་སྒྲིག་བྱས་ཡོད། མིག་སྔར་འཚོལ་བསྡུ་བྱས་པའི་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་རིགས་600ལྷག་ཙམ་གྲངས་འཛིན་ཅན་དུ་བསྒྱུར་པའི་ནང་དཔེ་ཆ་དཀོན་རིགས་དང་རྩ་ཆེའི་དཔེ་ཆ་མང་པོ་ཡོད་པ་རེད།

    ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན། མཚོ་སྔོན་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་རིགས་ཁག་གི་ཚན་རྩལ་འཆར་འགོད་ཀྱི་ལས་གཞི53ལ་འགྲོ་གྲོན་ཁྱོན་བསྡོམས་སྒོར་ཁྲི9548དང་ཚན་རྩལ་རོགས་དངུལ་གྱི་འགྲོ་གྲོན་སྒོར་ཁྲི1543.5བཏང་བ་ལས་ད་ཆ་མ་བཅོས་རྒྱུ་ཆ་ཐོན་སྐྱེད་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ། ཤེས་ཡོན་པ་གསོ་སྐྱོང་། བདེ་ཐང་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་བོད་ལུགས་གསོ་རིག་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ཡོད་ཅེས་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་དང་བོད་ལུགས་གསོ་རིག་དོ་དམ་ཅུས་ཀྱི་ཅུས་ཀྲང་དོན་གྲུབ་ཀྱིས་དེ་ལྟར་ངོ་སྤྲོད་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ཀྲུང་དབྱང་ནོར་སྲིད་ཀྱིས2019ལོའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར909.78སྔ་སྣུར་དུ་བཀོད་སྒྲིག་བྱས།
  • ལེ་ཚན་རྗེས་མ།:རྒྱལ་ལམ318ཀྱི་འབྲི་ཆུའི་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་པ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།