ཡ་རབས་དར་སྲོལ་བཟང་པོ་ཡིས། མི་ལ་བརྩོན་པའི་ངར་ཤུགས་བསྐྱེད།

སྐལ་ཐུབ་ཀྱིས་བསྒྱུར།        2018-08-08

   དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བཟང་པོར་བརྟེན་ནས་འབྱོར་འབྲིང་བསྐྲུན་པར་འབད།

    ལོ་ངོ་ཁ་ཤས་ཀྱི་སྔོན་དུ་དཔག་སྨད་གྲོང་གི་འགྲིམ་འགྲུལ་སྟབས་མི་བདེ་ཞིང་དཔལ་འབྱོར་རྗེས་ལུས་ཡིན་པ་རེད། དེར་བརྟེན་གྲོང་པ་ཚོས་ལྟོ་གོས་ཐད་བསམ་བློ་བཏང་བ་མང་ཞིང་ཁོར་ཡུག་དང་རང་གི་གཙང་སྦྲ་ལ་དོ་སྣང་དེ་ཙམ་མི་བྱས་པ་རེད། དེ་སྔོན་གྲོང་སྡེའི་ག་ས་གང་ལ་ཕྱུགས་སྐྱག་གིས་ཁེངས་ཤིང་དབྱར་ཁར་ཐལ་རླུང་འཕྱུར་བ་དང་དྲི་ངན་ཡང་ཁྱབ་ཡོང་བ་རེད། འབུད་ཤིང་སོགས་དངོས་པོ་རྩག་རྩིག་བཞག་ས་གཏན་འཁེལ་མེད་པ་དང་། ཁྱིམ་ཆས་ཀྱི་གཙང་སྦྲ་ཡིན་ནའང་འདྲ། མི་རང་རང་གི་གཙང་སྦྲ་ཡིན་ནའང་འདྲ་ཚང་མ་བཤད་ལོང་མེད་པ་ཞིག་རེད། ཁོར་ཡུག་མི་གཙང་བའི་རྐྱེན་གྱིས་དཔག་སྨད་ཀྱི་རང་བྱུང་མཛེས་ལྗོངས་ཇི་ལྟར་མཛེས་ཀྱང་བེད་མེད་དུ་སོང་བ་རེད། ཅེས་སློབ་ཆེན་གྱི་སྒོ་ཆེན་འགྲིམ་གྲབས་ཡོད་པའི་ཀརྨ་བསྟན་འཛིན་གྱིས་གསར་འགོད་པར་དེ་ལྟར་བཤད་པ་རེད།

    དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་ཁག་སྐུལ་འདེད་བཏང་བ་དང་བསྟུན་ནས་དཔག་སྨད་གྲོང་སྡེར་ཨར་འདམ་གཞུང་ལམ་བསྐྲུན་ཟིན་ཞིང་། ཉི་ནུས་གློག་སྒྲོན་ཡང་བཙུགས་པ་རེད། ཤིང་འཛུགས་རྩྭ་འདེབས་དང་ལྔ་བཅོས་གསུམ་འཛུགས་ཀྱང་བྱས་པ་རེད། ཕྱིའི་ཆ་རྐྱེན་ཇེ་བཟང་དུ་ཕྱིན་རྗེས་མི་ཚང་མའི་བསམ་བློའི་འདུ་ཤེས་དང་འཚོ་བའི་གོམས་གཤིས་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། དེའི་ཐོག་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་དྲིལ་བསྒྲགས་སློབ་གསོ་དང་ལམ་ལུགས་ཀྱི་སྐུལ་ཁྲིད་འོག་ཏུ། གྲོང་པ་ཚོས་རིམ་བཞིན་ཡ་རབས་ཀྱི་ལུགས་སྲོལ་ལ་དང་དོད་དང་འཕྲོད་བསྟེན་ལ་དགའ་བའི་གོམས་གཤིས་བཟང་པོ་ཞིག་ཆགས་པ་རེད། ཀརྨ་བསྟན་འཛིན་གྱི་ཨ་མ་སྐལ་བཟང་བདེ་སྐྱིད་ཀྱིས་སྔོན་མ་ཡིན་ན་ང་ཚོ་ལ་ལྟོ་གོས་ལས་བསམ་རྒྱུ་མེད། ད་ལྟ་ཆ་རྐྱེན་ཡག་པོ་རེད་སོང་། ལོ་ཆུང་ཚོས་ལས་ལམ་གསར་གཏོད་བྱས་ནས་ཕྱུག་འགྱུར་ཡོང་ཐབས་མ་བྱས་ན་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་དྲིན་ལན་འཇལ་ཐབས་མེད་པ་རེད། ཞིང་པའི་མཚན་མོའི་འཛིན་གྲྭའི་ཐོག་དབུལ་ཐར་ཡོང་དགོས་ན་ཏང་གི་སྲིད་ཇུས་བཟང་པོར་བརྟེན་དགོས་པ་དང་། འབྱོར་འབྲིང་བསྐྲུན་དགོས་ན་རང་གིས་འབད་བརྩོན་བྱ་དགོས་ཞེས་བཤད་སོང་བ་ངོ་མ་དེ་འདྲ་རང་རེད་ཅེས་བཤད་པ་རེད།

    ཀརྨ་བསྟན་འཛིན་ཁྱིམ་ཚང་གི་འཕོ་འགྱུར་ལས་ང་ཚོའི་ཡུལ་ཚོ་སྤྱིའི་འཕོ་འགྱུར་མཚོན་ཐུབ་ཅེས་གསལ་ལ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་བུ་ཕྲུག་གིས་ཡིད་ཆེས་ཀྱིས་ཁེངས་ནས་དེ་ལྟར་བཤད།

   མང་ཚོགས་ཀྱི་བསམ་བློར་འགྱུར་བ་ཐེབས་ཤིང་དམངས་ཕྱུག་ཐོན་ལས་ཀྱི་འཕེལ་ཁ་མྱུར།

    བུ་ཕྲུག་གི་ངོ་སྤྲོད་བྱས་པར་གཞིགས་ན། གསལ་ལ་ཡུལ་ཚོའི་གྲོང་པ་ཚོར་དུས་ཡུན་རིང་པོ་ནས་སྒུག་བརྟེན་སློང་གསུམ་གྱི་བསམ་ཤུགས་ངན་པ་ཐེབས་པས་ཡུལ་ཚོ་ཡོངས་ཀྱི་དུད་ཚང346ཡི་མི1862ཡི་ནང་དུ་དབུལ་ཕོངས་དུད་ཚང86དང་མི375ཡོད་པ་དང་། སྲིད་འཛིན་གྲོང་སྡེ9ཡི་ནང4དབུལ་ཕོངས་གྲོང་སྡེར་ཡིན་པ་རེད། དེ་བས་ཡུལ་ཚོ་ཡོངས་ལ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལས་ཀ་སྤེལ་རྒྱུ་ནི་གསལ་ལ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་ཁ་ཚ་དགོས་གཏུག་ཏུ་གྱུར།

    ད་ལོའི་སྤྱི་ཟླ3པར་འདབ་པ་རྫོང་གིས་གཅིག་གསུམ་ལྔ་དྲུག་ཅེས་པའི་ཞིང་སྡེའི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་ལས་ཀའི་བྱེད་ཐབས་བསྐྲུན་པ་སྟེ། ཞིང་སྡེར་གསོ་སྐྱོང་ལས་གྲྭ་ཤུགས་ཆེན་སྤེལ་བ་དང་གཅིག ཡ་རབས་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། དམངས་སྲོལ་བབ་ཆགས་བཅས་གསོ་སྐྱོང་བྱ་རྒྱུ་གསུམ། ཞིང་སྡེའི་ལས་ཀ་དང་ཞིང་པར་དབུལ་ཐར་གྲུབ་འབྲས་ཡག་པ་དང་། འཕྲོད་བསྟེན་གོམས་གཤིས་ཡག་པ། ཁྲིམས་དང་སྒྲིག་ལམ་སྲུང་སྟངས་ཡག་པ། སྤྱི་ཕན་ཞབས་ཞུ་ཡག་པ། རྒན་བཀུར་གཞོན་གཅེས་ཡག་པ་བཅས་ཡག་པོ་ལྔའི་བླང་བྱ་བཏོན་ཞིང་། ཞིང་སྡེའི་ལས་བྱེད་པ་དང་མང་ཚོགས་ལ་ཕྱོགས་ནས་སྲིད་ཇུས་སློབ་གསོ་དང་དྲིན་དྲན་སློབ་གསོ། ཁྲིམས་སྒྲིག་སློབ་གསོ། གོམས་གཤིས་སློབ་གསོ། དར་སྲོལ་སློབ་གསོ། རང་བཀུར་སློབ་གསོ་བཅས་དྲུག་བྱས་པ་རེད།

    ད་ལོར་གསལ་ལ་ཡུལ་ཚོས་ཁྱད་ཆོས་ལྡན་པའི་ཞིང་འབྲོག་ལས་དང་རྒྱ་བོད་སྨན་ལས་འཕེལ་རྒྱས་གཏོང་བའི་གོ་སྐབས་དམ་འཛིན་བྱས་ཏེ་ནས་ནག་མུའུ1000དང་གངས་མཁན་མུའུ108 ཞོག་ཁོག་དམར་པོ་མུའུ100བཅས་བཙུགས་པ་དང་། གྲོང་པ་རྣམས་ད་དུང་གསལ་ལ་མེ་ཏོག་རྟེན་གཞིར་ཟུར་ལས་ཕྱིན་ནས་ཡོང་འབབ་སྒོར་ཁྲི16རག་པ་རེད།

    བུ་ཕྲུག་གིས་གཅིག་གསུམ་ལྔ་དྲུག་གི་ལས་ཀ་བྱེད་ཐབས་སྤེལ་ནས་མང་ཚོགས་ཀྱི་བསམ་བློ་འདུ་ཤེས་དང་བྱ་སྤྱོད་གོམས་གཤིས་ལ་འགྱུར་བ་ཆེན་པོ་ཐེབས་སོང་། ང་ཚོས་ལྗང་མདོག་དང་འཆམ་མཐུན། དར་རྒྱས་ཀྱི་གསལ་ལ་ཞིག་འཛུགས་པའི་དམིགས་འབེན་དང་ཐག་ཇེ་ཉེར་ཕྱིན་སོང་ཞེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:ཀོང་ཀྲོའུ་ནས་འདབ་པའི་བར་གནམ་གྲུར་བསྡད་ཆོག
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་ཁུལ་རིམས་འགོག་ཚོད་འཛིན་ལྟེ་གནས་སུ་རྟོག་ཞིབ་གནང་དུས་རིམས་འགོག་དཔུང་སྡེ་ཡག་པོ་བཙུགས་ནས་སྤྱི་པའི་འཕྲོད་བསྟེན་ཉེན་མེད་ཡོང་བར་ཁག་ཐེག་བྱ་དགོས་གསུངས།
  • དོ་སྣང་ཆེ་བའི་རྩོམ།