ལི་ཁེ་ཆང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

    མི་དམངས་དྲ་བ།    2018-08-02

   

ལི་ཁེ་ཆང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ7པའི་ཚེས29ཉིན་འབྱོར་བའི་གཏམ་གསར། སྤྱི་ཟླ7ཚེས25ཉིན་ནས27ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བོད་ལྗོངས་ཉིང་ཁྲི་དང་། ལྷོ་ཁ། ལྷ་ས་བཅས་སུ་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་སྐོར་ལ་རྟོག་ཞིབ་གནང་བ་དང་། བོད་ལྗོངས་མི་རིགས་ཁག་གི་མི་དམངས་ལ་སྨོན་འདུན་བཟང་པོ་ཞུས་གནང་བ་རེད། ལི་ཁེ་ཆང་གནམ་གྲུ་ནས་བབབ་མ་ཐག་ཐད་ཀར་ཉིང་ཁྲི་ཞེས་དཀར་མོན་པ་གྲོང་ཚོར་ཕེབས་པ་རེད། ཁོང་མང་ཚོགས་ཀྱི་ཁྱིམ་དུ་ཕེབས་པ་དང་། གྲོང་མི་རྣམས་ཀྱིས་གནས་སྤོས་དབུལ་སྐྱོར་བྱས་པར་བརྒྱུད། ད་ལྟ་ཁང་པ་ཡག་པོའི་ནང་སྡོད་རྒྱུ་བྱུང་བ་དང་། འགྲོ་ལམ་ཤར་གཏོང་ཐུབ་པ། ཡོང་འབབ་སྔོན་མ་ལས་ལྡབ་ཀྱི་མཐོ་བ་བཅས་འདུག་ཅེས་གསུངས་པ་རེད།

     ལི་ཁེ་ཆང་གིས་ཁོ་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པ་ཡོང་བའི་སྨོན་འདུན་ཞུས་གནང་རྗེས། ཁོང་གིས་དབུལ་ཐར་འགག་སྒྲོལ་དང་། དམངས་ཕྱུག་བོད་དར་གྱི་གཙོ་གནད་ནི་འཕེལ་རྒྱས་ལ་ཐུག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། བོད་ལྗོངས་ཀྱི་དོན་དངོས་ལ་གཞིགས་པ། རྒྱུན་མཐུད་འཕེལ་རྒྱས་ཁྲོད་དུ་རྒྱུན་ཆད་མེད་པར་དམངས་འཚོ་ལེགས་བཅོས་ཐུབ་པ་བྱ་དགོས་ཞེས་བསྟན་གནང་ཡོད། ལི་ཁེ་ཆང་གིས་ཡར་ཀླུང་གཙང་པོ་དང་ཉང་ཆུའི་འབྲེལ་མཚམས་སུ་ཕེབས་སྐབས། ཆུའི་ཐོན་ཁུངས་སྲུང་སྐྱོང་སྐོར་ལ་རྟོག་ཞིབ་གནང་བ་དང་། ཁོང་གིས། མཚོ་བོད་མཐོ་སྒང་ནི་ཀྲུང་གོ་དང་ཨེ་ཤ་ཡའི་ཆུའི་འབྱུང་ཁུངས་ལྟ་བུ་ཡིན་པས། སྐྱེ་ཁམས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཡོངས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་འདེགས་སྐྱོར་མཁོ་འདོན་བྱ་དགོས་ཞེས་བསྟན་གནང་ཡོད།

     ལྷོ་ཁ་གྲོང་ཁྱེར་གྱི་ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་ལྕགས་ལམ་དུམ་བུར། ལི་ཁེ་ཆང་གིས་ལས་གྲྭའི་འཕེལ་རིམ་ལ་མཁྱེན་རྟོགས་གནང་བ་རེད། ཁོང་གིས་ཁྲོན་བོད་གཞུང་ལམ་ཡངས་མོས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ལ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་སྐྱེ་བསྲིང་བྱ་རྒྱུར་ཕན་ཐོགས་ཡོད། བསྒྲུབ་དགོས་པའི་ལས་དོན་ལ་གནད་ལ་འཕིགས་པོ་བལྟ་དགོས་པ་དང་། ལས་འགོ་བཙུགས་ནས་འཛུགས་སྐྲུན་བྱ་རྒྱུ་ཁྱོན་ཡོངས་ནས་མྱུར་དུ་གཏང་དགོས། དབུས་ནུབ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཅུང་ཞན་པས། མ་དངུལ་གཏོང་འཇོག་ནུས་ལྡན་བྱས་ཏེ་ཞན་ཆ་གསབ་པར་སྐུལ་འདེད་གཏང་དགོས། དེ་ལྟར་བྱས་ཚེ་ས་ཁོངས་ཀྱི་ཧེ་བག་ཆུང་དུ་གཏོང་ཐུབ་པ་མ་ཟད། དཔལ་འབྱོར་ཆག་འགྲོ་བའི་གནོན་ཤུགས་སེལ་ཐུབ། ལས་དོན་སྒྲུབ་སྐབས་ཨ་ན་ཨུ་བཙུགས་མི་བྱེད་པ་དང་ཆབས་ཅིག་གནད་ལ་འཕིགས་པའི་སྒོ་ནས་སྲིད་ཇུས་ལག་བསྟར་བྱ་དགོས། མིག་སྔར་ཕན་པ་དང་། རྒྱང་རིང་བསམ་པའི་ལས་དོན་མང་ཙམ་བསྒྲུབ་དགོས་ཞེས་བསྟན་གནང་ཡོད།

ལི་ཁེ་ཆང་གིས་བོད་ལྗོངས་ཀྱི་བྱ་བར་རྟོག་ཞིབ་མཛད།

    བོད་ལྗོངས་མི་དམངས་སྨན་ཁང་དུ། ལི་ཁེ་ཆང་གིས་ནད་པ་དང་། སྨན་པ། སྨན་གཡོག་བཅས་དང་སྤེལ་རེས་གནང་བ་དང་། ཁོང་གིས་བོད་ལྗོངས་ཀྱི་སྨན་བཅོས་ཐོན་ཁུངས་ཀྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཁག་པོ་ཡོད་པས། རྒྱལ་ཁབ་ནས་སྨན་ཁང་དང་། བོད་ལུགས་གསོ་རིག་སློབ་ཆེན་གྱི་འཛུགས་སྐྱོང་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱ་དགོས་ཞེས་གསུངས་པ་དང་། སྨན་ཁང་ནང་དུ་ཡོད་པའི་བོད་སྐྱོར་ལས་དོན་མི་སྣར་བོད་ཀྱི་མང་ཚོགས་ལ་མུ་མཐུད་ནས་ཞབས་ཞུ་ཡག་པོ་བསྒྲུབས་ནས། བོད་ལ་དགོས་མཁོ་ཡོད་པའི་སྨན་དོན་མི་སྣ་དེ་བས་མང་པོ་གསོ་སྐྱོང་བྱ་རྒྱུའི་སྐུལ་མ་གནང་ཡོད་པ་རེད། གཉིས་གཏོད་རྟེན་གཞིར། ལི་ཁེ་ཆང་གིས་ལས་གཏོད་པ་རྣམས་དང་སྤེལ་རེས་གནང་བ་དང་། ཁོང་གིས་བོད་ལྗོངས་སུ་གཉིས་གཏོད་ལས་ཀ་སྤེལ་བར། སྤུས་ཚད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཡོད། བོད་ལྗོངས་ཀྱི་ན་གཞོན་ཚོས་ལས་གཏོད་ནང་ཞུགས་ནས། ལས་ཞུགས་གདམ་ཁ་དང་པོ་ལས་ཁུངས་འཚོལ་བའི་འདུ་ཤེས་ལ་འགྱུར་བ་བཏང་ནས། ཚོང་རའི་གསོན་ཤུགས་མངོན་ཡོད། རྒྱལ་ཁབ་ཀྱིས་ཁོར་ཡུག་དེ་བས་ལེགས་པ་བསྐྲུན་ནས། བོད་ལྗོངས་ཀྱི་འཇོན་རྩལ་སློབ་གསོ་འཕེལ་རྒྱས་གཏོང་བ་དང་། དགོས་མཁོ་ཆེ་བའི་འཇོན་རྩལ་གྱི་ཤེས་ཡོན་མི་སྣ་གསོ་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད་ཅེས་བསྟན་གནང་ཡོད་པ་རེད།

    གཙུག་ལག་ཁང་དུ། བླ་མ་སྐྱེས་ཆེན་དང་དགེ་འདུན་པ་ཡོངས་ཀྱིས་ལི་ཁེ་ཆང་ལ་དགའ་བསུ་གཟབ་རྒྱས་ཞུས་པ་དང་། ཁོང་གིས་བོད་ལྗོངས་ནི་གནའ་སྔ་མོ་ནས་མེས་རྒྱལ་གྱི་བླ་ན་མེད་པའི་མངའ་ཁོངས་ཀྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད། ཆོས་ལུགས་མི་སྣས་མེས་རྒྱལ་གོང་བུར་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་ཡོད་པ་རེད། ཕོ་བྲང་པོ་ཏ་ལར། ལི་ཁེ་ཆང་གིས་རིག་དངོས་སྲུང་སྐྱོང་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། རྒྱལ་ཁབ་ནས་རྩ་ཆེའི་ཡིག་ཚགས་ཞིབ་འཇུག་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས། རིག་གནས་རྒྱུན་འཛིན་དང་སྤེལ་རེས་ལ་སྐུལ་འདེད་གཏང་རྒྱུ་རེད་ཅེས་བསྟན་གནང་ཡོད་པ་རེད།

    ལི་ཁེ་ཆང་གིས་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་། རག་སྡིས། བྱམས་པ་ཕུན་ཚོགས། ལེགས་མཆོག པ་སངས་སོགས་བློ་མཐུན་རྒན་གྲས་ལ་ཆེད་དུ་གཟིགས་སར་ཕེབས་པ་དང་། ཁོང་ཚོས་བོད་ལྗོངས་ཀྱི་འཕེལ་རྒྱས་དང་། བརྟན་བརླིང་། མེས་རྒྱལ་གྱི་འཛུགས་སྐྲུན་བྱ་གཞག་ནང་ལེགས་སྐྱེས་ཕུལ་བར་གདེང་འཇོག་མཐོན་པོ་གནང་ཡོད་པ་རེད། ལི་ཁེ་ཆང་གིས་ཉེ་བའི་ལོའི་ནང་བོད་ལྗོངས་ཀྱི་ལས་རིགས་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་། བོད་ལྗོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྟོབས་ཆེའི་དབུ་ཁྲིད་འོག ཏང་གིས་བོད་ལྗོངས་སྐྱོང་བའི་ཐབས་ཇུས་རྒྱུན་འཁྱོངས་དང་། དམངས་ཕྱུག་བོད་དར་ལ་སྐུལ་འདེད། མེས་རྒྱལ་གོང་བུར་གཅིག་གྱུར་ལ་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བཅས་ཀྱི་ཐོག་ནས། བོད་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་དང་། ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་བའི་རེ་བ་ཡོད་ཅེས་བསྟན་གནང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:སྐབས་བཅུ་དྲུག་པའི་ཀྲུང་གོའི་ནུབ་རྒྱུད་ཀྱི་དམངས་གཞས་འདུ་ཚོགས་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:བུ་ཕྲུག་གཅིག་རང་ལ་གཉོར་སྐྱོང་དགོངས་པ་ཉིན15ཡི་ལྟ་སྐྱོང་འཐོབ་རན།
  • དོ་སྣང་ཆེ་བའི་རྩོམ།