གཏམ་རྒྱུད།

ཁྱུང་གཤོག        2018-07-20

ནམ་ཟླ་དབྱར་ལ་སླེབས་པའི་གཏམ་རྒྱུད་དེས།

ང་ལ་དབྱར་ཁ་ལྟ་བུའི་གཏམ་རྒྱུད་ཅིག་དྲན་དུ་བཅུག

དགུན་ལྗོངས་ཧྲིལ་བོ་ཞིག་གི་ཉམ་ངའི་ཁྲོད།

ངས་ཁེར་རྐྱང་གི་དྲན་པ་བྲང་ལ་སྦྱར་ན།

སྣང་བརྙན་མེད་པའི་གཏམ་རྒྱུད་ནི་དགུན་ལྗོངས་འདིའི་

ཕམ་ཁ་ཡིན་ནམ།

གྲང་འདར་གྱི་འཕར་རྩ་མ་འགག་བར་དུ།

 

ངས་དབྱར་ཁ་འདིར་བསྒུགས་ནས་ཡོང་།

དབྱར་ལྗོངས་དང་གཏམ་རྒྱུད།

གཏམ་རྒྱུད་དང་དབྱར་ལྗོངས།

འབར་བཞིན་པའི་མདའ་མོ་ཞིག་དང་འདྲ་བར།

ངའི་སྙིང་ཆུང་གི་མཚན་མོའི་མུན་པ་ཚལ་བར་གཤགས་སོང་།

ཁྲག་དྲོན་ལས་གཏམ་རྒྱུད་ཀྱི་དབྱངས་འགྲོས་བཞུར་སོང་།

 

ཁྱོད་ཀྱིས་གཏམ་རྒྱུད་དེ་དྲན་བྱུང་ངམ།

ངས་གཏན་དུ་བརྗེད་རྒྱུ་མེད་པ་དེ།

ལྷག་པར་དབྱར་གཞུང་ལ་བརྗེད་རྒྱུ་མེད་པ་དེ།

དེ་རིང་གི་ལྷ་སའི་ཉི་མ་སྔར་བཞིན་དྲོ།

དབྱར་ལ་སླེབས་ཟིན་ནམ།

གཏམ་རྒྱུད་ཅིག་འདི་ནས་བཞུར་ཏེ་ཁྱེད་ཀྱི་དྲན་

ཤིང་ལ་འཐིམས།

ཞེན་ཆགས་ཀྱི་མིག་ཟུང་ལས་འགགས།


  • ལེ་ཚན་སྔོན་མ།:འདོད་སེམས་ཆེ་བའི་ལས་འབྲས།
  • ལེ་ཚན་རྗེས་མ།:ང་དང་ལྷ་སའི་གཏམ་རྒྱུད།