བོད་རྒྱལ་མོ་ཚ་བ་རོང་ནས་ཕ་སྐད་གླུ་མ་འདི་འདྲ་ཞིག་ཐོན་བྱུང་།

        2018-06-21

བོད་རྒྱལ་མོ་ཚ་བ་རོང་ནས་ཕ་སྐད་གླུ་མ་འདི་འདྲ་ཞིག་ཐོན་བྱུང་།

 

ཟླ༦པའི་ཚེས༡༨ཉིན་གྱི་ཕྱི་དྲོར། རྒྱལ་མོ་ཚ་བ་རོང་ནས་ལང་ཚོ་དར་བའི་གླུ་མ་བཀྲ་ཤིས་མཚོའི་ཕ་སྐད་གླུ་གཞས་ཆེད་བསྒྲིགས་ཐོག་མ༼ཡིད་ཀྱི་མེ་ལོང༽ཞེས་པའི་འགྲེམ་སྤེལ་མཛད་སྒོ་དེ་ཁྲེང་ཏུའུ་ཁྲི་ཀ་ཚང་རྒྱལ་སྤྱིའི་མགྲོན་ཁང་ནས་གཟབ་རྒྱས་ངང་སྤེལ་ཡོད་ལ། འགྲེམ་སྤེལ་མཛད་སྒོ་འདི་སི་ཁྲོན་མཎྜལ་གློག་བརྙན་འཕྲིན་སྦྱོར་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་གནང་བ་རེད།

  ཁམས་པ་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་གཞོན་པ་ཡེ་ཤེས་རྡོ་རྗེ་དང་། རྔ་བ་ཁུལ་བོད་ཡིག་སྒྱུར་སྒྲིག་ཁང་གི་དབུ་འཛིན་གཞོན་པ་སྒྲོལ་དཀར་སྐྱིད། དཀར་མཛེས་ཁུལ་རོང་བྲག་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ལོ་ཧྲིན་ཧྥང་། མིང་དུ་གྲགས་པའི་འཁྲབ་ཁྲིད་པ་དང་བྲོ་མ་དབྱངས་ཡེན། རྩོམ་པ་པོ་གྲགས་ཅན་མིག་རྫི་དང་ཏཱ་རེ་སྐྱིད།རི་མོ་བ་གྲགས་ཅན་ལེགས་སྨོན། སྐད་བརྡ་རིག་པའི་འབུམ་རམས་པ་ལྷུན་གྲུབ། ན་གཞོན་རྩོམ་པ་པོ་འབའ་བ་བློ་བཟང་མགོན་པོ་དང་གངས་ཚང་དུངས་གྲོལ་སོགས་དབུ་ཁྲིད་དང་རིག་གནས་པའི་སྡེ་ཁག་གི་མི་སྣ་མང་པོ་མཛད་སྒོའི་ཡུལ་དངོས་སུ་ཕེབས་པར་མ་ཟད། བོད་ཀྱི་མིང་དུ་གྲགས་པའི་གླུ་པ་ཀུན་དགའ་དང་ཆོས་རྒྱལ། གླུ་མ་ཚེ་དབང་ལྷ་མོ་དང་འཇམ་དབྱངས་ཆོས་སྒྲོན།ཟླ་བ་སྒྲོལ་མ། སྒྲོལ་མ་སོགས་ཀྱང་ཡུལ་དངོས་སུ་ཕེབས་ནས་རྟེན་འབྲེལ་ཞུས།

  དེ་མིན་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་ཀྱང་ཆེད་བསྒྲིགས༼ཡིད་ཀྱི་མེ་ལོང༽གིས་རྒྱལ་རོང་དམངས་སྲོལ་རིག་གནས་དར་སྤེལ་ཐད་ལ་ཐོན་སྲིད་པའི་ཕན་འབྲས་ལ་བསྟོད་བསྔགས་དང་། བཀྲ་ཤིས་མཚོ་ལྟ་བུའི་སྒྱུ་རྩལ་བ་དག་ལ་མི་རིགས་རང་གི་ཕ་སྐད་དང་དམངས་སྲོལ་རིག་གནས་ལ་མཐོང་ཆེན་དང་དར་སྤེལ་བྱེད་དགོས་པའི་རེ་འདུན་བཏོན་པར་མ་ཟད། དབྱངས་རྩོམ་པ་པོ་གྲགས་ཅན་ཚེ་རྡོ་དང་དཔལ་འབྱོར་ལྷུན་འགྲུབ། གླུ་པ་ཤེར་བརྟན་དང་གླུ་མ་དབྱངས་ཅན་ལྷ་མཛེས་སོགས་གླུ་པ་གླུ་མ་བཅུ་ཕྲག་དུ་མས་བརྙན་ལམ་བརྒྱུད་ནས་བཀྲ་ཤིས་རྟེན་འབྲེལ་ཞུས།

བོད་རྒྱལ་མོ་ཚ་བ་རོང་ནས་ཕ་སྐད་གླུ་མ་འདི་འདྲ་ཞིག་ཐོན་བྱུང་།

  མཛད་སྒོའི་ཡུལ་དངོས་ནས་གླུ་མ་བཀྲ་ཤིས་མཚོའི་རང་གི་གླུ་དབྱངས་སྒྱུ་རྩལ་ལ་བཅངས་པའི་བརྩེ་སེམས་དང་། བརྩེ་འདུན་དེ་ལས་རྙེད་པའི་འགན་ཁུར་དང་དམིགས་འདུན། ཆེད་བསྒྲིགས༼ཡིད་ཀྱི་མེ་ལོང༽སྒྲིག་བཟོ་སྐབས་ཀྱི་ལོ་རྒྱུས་དང་དམིགས་ཡུལ་སོགས་ངོ་སྤྲོད་བྱས་པ་དང་། ཆེད་བསྒྲིགས་ཀྱི་བརྗོད་དོན་གླུ་དབྱངས༼ཡིད་ཀྱི་མེ་ལོང༽གི་དབྱངས་རྩོམ་པ་པོ་གྲུ་བ་བསམ་འགྲུབ་དང་ཆེད་བསྒྲིགས་འདིའི་བརྙན་ལེན་འཁྲབ་ཁྲིད་པ་གེ་རྒྱལ་པདྨ་གཉིས་ཀྱིས་ཆེད་བསྒྲིགས་ཁྲོད་ཀྱི་སྒྱུ་རྩལ་གྱི་ཉམས་དང་རྒྱལ་རོང་དམངས་སྲོལ་རིག་གནས་ཀྱི་ཚོ་བ་དང་དེ་དྲིལ་སྒྲོག་བྱེད་ལུགས་སོགས་ལ་བགྲོ་གླེང་གནང་།

  གླུ་མ་བཀྲ་ཤིས་མཚོ་ནི་སྲོལ་རྒྱུན་དང་དམངས་སྲོལ་རིག་གནས་ལ་སྤྲོ་བ་ཆེ་བའི་གླུ་མ་ཞིག་ཡིན་པར་མ་ཟད། སྲོལ་རྒྱུན་གྱི་ཁྲག་རྒྱུན་དང་དམངས་སྲོལ་རིག་གནས་ཀྱི་རུས་རྐང་དེང་རབས་སྒྱུ་རྩལ་གྱི་སྲོག་དང་རྣམ་ཤེས་སུ་ངོས་འཛིན་མཁན་གྱི་གླུ་མ་ཞིག་རེད། དེ་བས་མཛད་སྒོའི་ཡུལ་དངོས་སུ་ཁོ་མོའི་ལོ་དུ་མའི་རིང་ལ་དགེ་རྒན་དུ་བསྟེན་པའི་རྒྱལ་རོང་དམངས་གླུའི་ཞིང་ཆེན་རིམ་པའི་རྒྱུད་འཛིན་པ་མ་སོག་མཁའ་འགྲོ་ལགས་དངོས་སུ་གདན་འདྲེན་ཞུས་ཡོད་པར་མ་ཟད། དགེ་སློབ་གཉིས་ཀྱིས་རྒྱལ་རོང་དམངས་གླུ་སློབ་སྦྱོང་བྱས་པའི་བརྒྱུད་རིམ་སོགས་ཀྱང་གཏམ་རྒྱུད་ཀྱི་ལམ་ནས་སྤྲོས་པ་རེད།

བོད་རྒྱལ་མོ་ཚ་བ་རོང་ནས་ཕ་སྐད་གླུ་མ་འདི་འདྲ་ཞིག་ཐོན་བྱུང་།

  མཛད་སྒོའི་ཡུལ་དངོས་ནས་གླུ་དབྱངས༼ཡིད་ཀྱི་མེ་ལོང༽དང༼ཐོབ་ཤོར་གྱི་འབྲས༽ཞེས་པ་གཉིས་ལ་གཟིགས་མྱོང་གནང་རྗེས། མདོ་འཛིན་པའི་རེ་བ་ལྟར་དུ་སྐུ་མགྲོན་ཡེ་ཤེས་རྡོ་རྗེ། སྒྲོལ་དཀར་སྐྱིད། མིག་རྫི། ལྷུན་འགྲུབ་སོགས་ཀྱིས་རྒྱལ་རོང་རིག་གནས་དང་བོད་ཀྱི་སྐད་ཡིག་སོགས་ཀྱི་ལམ་ནས་གདེང་འཇོག་དང་དེ་འབྲེལ་གྱི་བགྲོ་གླེང་གནང་བ་དང་། གླུ་པ་ཀུན་དགའ་དང་ཆོས་རྒྱལ་སོགས་ཀྱིས་སྒྱུ་རྩལ་གྱི་ལམ་ནས་གདེང་འཇོག་དང་དེ་འབྲེལ་གྱི་བགྲོ་གླེང་གནང་བ་རེད། ཡུལ་དངོས་སུ་ཕེབས་པའི་སྐུ་མགྲོན་ཡོངས་ཀྱིས་མི་རིགས་སྒྱུ་རྩལ་གྱི་རྒྱབ་རྟེན་ལ་མི་རིགས་རིག་གནས་གལ་ཆེ་བའི་སྐོར་དང་། སྒྱུ་རྩལ་སྡེ་ཁག་གིས་མི་རིགས་རིག་གནས་དར་སྤེལ་ཐད་ཀྱི་འགན་འཁྲི་འོས་ལེན་དགོས་པའི་སྐོར། བཀྲ་ཤིས་མཚོའི་ཆེད་བསྒྲིགས་ཀྱི་སྒྱུ་རྩལ་གྱི་ཆ་དང་རིག་གནས་ཀྱི་ངོས་སོགས་ཀྱི་གདེང་འཇོག་སྐོར། འདི་ལྟ་བུའི་འགྲེམ་སྤེལ་མཛད་སྒོ་མང་དུ་སྤེལ་དགོས་པའི་སྐོར་སོགས་ལ་བགྲོ་གླེང་ཟབ་མོ་གནང་བ་རེད།

  སྤུས་ཚད་ཅན་གྱི་རོལ་མོའི་བརྩམས་ཆོས་ཤིག་ལ་བསྙེག་རྒྱུ་ནི་བོད་ཀྱི་གླུ་པ་གླུ་མ་ཚོའི་རེ་བ་དང་འོས་འགན་དུ་གྱུར་ཡོད་པ་རེད། དེ་བས་གླུ་མ་བཀྲ་ཤིས་མཚོས་ཀྱང་རང་ཉིད་གྲོང་ཁྱེར་ནས་གྲོང་སྡེ་དང་ས་མཐའ་ནས་ཕ་ཡུལ་དུ་ལོག་ནས། རྒྱལ་རོང་གི་རི་ཆུ་ནགས་གསུམ་གྱི་ཁྱོན་ན་འཁྱིལ་བའི་རིག་གནས་ཀྱི་འོ་མངར་ཕོར་གང་སྙན་མོ་གླུ་ཡི་ལམ་ནས་རྣམ་པ་ཚོའི་ཞལ་སྔར་བཤམས་པ་ཡིན་ན། རྣམ་པ་ཚོས་ཀྱང་དེ་ལུགས་ཀྱིས་མྱོང་རོལ་དང་རྒྱབ་སྐྱོར་ཡོད་པར་མཁྱེན།།

༼རྩོམ་སྒྲིག་པ། མགར་རྒྱལ་སྲས། ༽

  • ལེ་ཚན་སྔོན་མ།:ལྔ་བའི་ཚེས་ལྔའི་ངལ་གསོའི་དུས་ཆེན་གྱི་སྐབས་སུ་ཞིང་ཆེན་ཡོངས་ཀྱིས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་2702ལྷག་སྣེ་ལེན་བྱས་པ།
  • ལེ་ཚན་རྗེས་མ།:《གླིང་གེ་སར་སྒྲུང་ 》བོད་ཡིག་ནས་རྒྱ་ཡིག་ཏུ་བསྒྱུར་བར་གཡུར་ཟའི་གྲུབ་འབྲས་ཐོབ།
  • དོ་སྣང་ཆེ་བའི་རྩོམ།