རྐང་འོག་ཏུ་ལྷུང་བའི་སྒོར་མོ།༡

བོད་རྩེ་རྒྱལ། དཀར་མཛེས།        2018-01-22

 ཨ་མས་སྒོར་མོ་སློང་དུས་ངོ་ཚ་མི་ཉན།ཁྱེད་རང་སློབ་གྲྭ་རུ་འགྲོ་བསམ་ན་ངེས་པར་དུ་ཟླ་བ་གཉིས་ལ་སྒོར་སྟོང་གསུམ་ཁྱེར་ཤོག་ཟེར།

སྐོར་རྩེ་ལུང་ཟེར་བའི་ས་ཆ་འདིའི་དགུན་དུས་ནི་གྲང་ངར་རྒོད་ས་ཞིག་རེད།ཁ་བ་མ་བབ་རུང་གྲོང་བར་ནས་ཡར་མར་སོང་ན་ངོ་གདོང་དང་རྒྱབ་གཞུང་།ལག་མགོ། པུས་མོ་སོགས་སུ་རླུང་དང་ཙག་བརྒྱབ་སྟེ་སྨུག་པོར་བསྒྱུར་འོང་། ང་རང་ས་ཆ་འདིར་འོང་འདོད་གཏན་ནས་མེད་ཀྱང་ཕ་མ་གཉིས་ཀྱིས་འདི་རུ་མི་མང་བས་ང་ཚོ་རྒྱུ་ཐོག་ཏུ་རྒྱག་པ་རེད་བཤད་དེ་ང་དང་ནུ་མོ་གཉིས་བཙན་གྱིས་ཁྲིད་ནས་ཡོང་བ་རེད།

 སློབ་གྲྭ་ན་ཡོད་དུས།སློབ་གྲོགས་འགའ་རེ་སློང་མོར་འགྲོ་རན་དུས་དགའ་སྤྲོས་ཁེངས་ཏེ་དཔེ་ཁུག་ལ་རྡོག་པས་རྫི་བཞིན་ཁྱིམ་དུ་བརྒྱུགས་འགྲོ དྲང་མོར་བཤད་ན།ང་ནི་ཁོ་ཚོའི་བྱ་སྤྱོད་ལ་ཡ་མཚར་སྐྱེས་པ་ཞིག་རེད།ངས་ནམ་རྒྱུན་སློང་མོར་འགྲོ་དུས།ཁོ་ཚོའི་དགའ་སྤྲོ་དེ་ནི་སློབ་སྦྱོང་བྱེད་མི་དགོས་པའི་རྒྱུ་མཚན་གྱིས་བྱུང་བ་ཡིན་ནམ།ཁོ་ཚོ་མ་གཞི་ནས་སྤྲང་པོའི་ལས་རིགས་འདི་ལ་དུང་བའི་རྒྱུ་མཚན་གྱིས་ཡིན་པ་རེད་འདོད་མྱོང་།གང་ལྟར།ང་ནི་ལས་ཀ་འདི་ལ་མི་དགའ་ཡང་མུ་མཐུད་དུ་སློབ་གྲྭར་འགྲོ་དགོས་ན་གནས་སྐབས་སུ་ངོ་ཚ་འདི་མི་སྤངས་ཀ་མེད་རེད།

 ང་ཚོ་གླ་འཁོར་ཞིག་ལ་བསྡད་དེ་རྒྱུ་ལ་ཕྲ་མོ་ནས་མར་འབབ་དུས།རླངས་འཁོར་ནང་གི་གཞོན་ནུ་ཞིག་དང་ཁ་ལོ་བ་གཉིས་ཀྱིས།དེང་སང་ཕྱོགས་སོ་སོ་ན་འགྲོ་བཞིན་པའི་སྤྲང་པོ་ཚོའི་དབང་བོར་སྐྱོན་ཅིའང་མེད་མོད།སྤྲང་ལས་རྐྱང་རྐྱང་ལ་འབད་ཀྱིན་འདུག དངོས་གནས་མཚར་བོ་རེད་ཟེར་བཞིན་རང་རང་གི་ལྟ་ཚུལ་སྐད་གསང་མཐོན་པོས་འཆད་ཀྱིན་འདུག སྐད་ཆ་དེ་གོ་བས་ང་ནི་ཆུ་ཚའི་ནང་དུ་འཕངས་བ་བཞིན་ནག་པོར་གྱུར་བའི་འགྲམ་ཤ་གཉིས་ཚ་བོར་གྱུར་ནས་ཅི་བྱེད་འདི་བྱེད་མེད་པར་ཕ་མ་གཉིས་ལ་ལྟ་དུས།ཨ་ཕ་ནི་གཉིད་དུ་ཡུར་ནས་སྔུར་བ་ཡང་འཐེན་གྱིན་འདུག་པས་སྐད་ཆ་དེ་གོ་མེད་ཚོད་རེད།འོན་ཀྱང་།ཨ་མ་གཉིད་མེད་རུང་སྒེའུ་ཁུང་གི་ཕྱི་རོལ་དུ་བལྟས་ནས་སྐད་ཆ་དེ་ལ་དོ་སྣང་ཙམ་ཡང་བྱེད་ཀྱིན་མི་འདུག

ང་ཚོ་ནི་དུས་རྟག་ཏུ་འཕྱ་སྨོད་འདི་དག་གི་ཁོར་ཡུག་ནས་འཚོ་གནས་ལ་འབད་ཀྱིན་པའི་མི་ཡི་རིགས་ཤིག་ཡིན་པས།ད་ཆ་ཞིག་ལ་མི་ཆེན་ཚོ་དང་བྱིས་པ་འགའ་རེ་ཡིས་ཁྲབ་རྨོག་གྱོན་པ་ལྟར་འཕྱ་སྨོད་འདི་དག་ལ་སྔར་ནས་ལོབ་ཟིན་ལ།རྨས་སྐྱོན་ཡང་བཟོ་མི་ཐུབ།

     ཉིན་དེར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡས་མས་ཤིག་ལ་དར་རྩེ་མདོའི་གྲོང་ནང་དུ་ཐོན་པ་ཡིན།ད་ལྟ་ངས་གསལ་བོར་དྲན་པ་ནི།གྲོང་བར་དུ་འབུ་གྲོག་མ་ལས་ཀྱང་མང་བའི་རླངས་འཁོར་ནི་སྐད་ཅིག་ལ་ཡང་མི་སྡོད་པར་མདུན་ནས་མདུན་དུ་བརྒྱུགས། གཟུགས་རིང་ཐུང་དང་ཤ་ཚོ་ཞན།ལོ་རྒན་གཞོན།སྐྱེ་ཕོ་མོ་སོགས་ནི་ང་ཚོའི་ཕ་ཡུལ་གྱི་སྤྲང་ནག་དག་དང་འདྲ་བར་འུར་འུར་ཟང་ཟིང་གིས་འཚང་ཀ་རྒྱག་གིན་གྲོང་ཁྱེར་འདིའི་གྲུ་ག་སོ་སོར་མཆོངས་ཤིང་བཞུད། རི་བོ་དང་འདྲ་ཞིང་ནགས་ཚལ་ལས་ཀྱང་སྟུག་པའི་ཁང་བརྩེགས་ནི་བརྟན་བརླིང་ངང་གྱེན་དུ་འགྲེང་ཡོད་ཅིང་།དེ་ཚོའི་སྒེའུ་ཁུང་དང་སྒོ་ཆེན་ལས་མི་མང་པོ་ནག་རིག་རིག་ངང་འགུལ་བསྐྱོད་བྱེད་ཀྱིན་པ་གསལ་བོར་མཐོང་ཐུབ།

   ང་ཚོ་རླངས་འཁོར་ལས་འབབ་དུས།ཁ་ངོ་སྐེ་དཀྲིས་ཀྱིས་བཏུམ་པའི་བུད་མེད་འགའ་ཐོན་ནས་རྩོད་རེས་རྒྱག་གིན་ང་ཚོར་རྒྱ་བོད་འདྲེས་མའི་སྐད་ཀྱིས།ཨ་ཤ།ལིའུ་ཀན༼མགྲོན་ཁང་༽དུ་ཨེ་འདུག གོང་སླ་མོ་ཡིན་ཟེར་ཞོར་ཕ་མ་གཉིས་ལ་ཅ་ལག་འཛིན་རོགས་བྱེད་མོད།ཕ་རྒན་གྱིས་མི་འདུག་མི་འདུག་ཅེས་ལན་བཏབ་པས།བུད་མེད་དེ་ཚོས་མྱུར་གྱིས་ཅ་ལག་དག་ཐང་དུ་བཞག་ནས་ཡང་རླངས་འཁོར་གཞན་པ་ནས་འབབ་ཀྱིན་པའི་མི་ཚོར་འཐམ་སོང་།ཨ་ཕས་ང་ཚོའི་ཅ་ལག་ཐང་དུ་དོར་ནས་འགྲོ་བའི་བུད་མེད་དེ་དག་ལ་ལྟ་བཞིན།སྙིང་རྗེ།ལས་ངན་པ་རེད་ཅེས་སྨྲས་ཏེ་ཐང་དུ་ལྷུང་བའི་ཅ་ལག་དེ་ཚོ་ང་ལ་འཛིན་དུ་བཅུག

 ཕ་མ་གཉིས་དེ་སྔོན་ཐེངས་མང་པོར་གྲོང་འདིར་ཐོན་ཡོད་པས།སྲོད་ཁའི་དུས་འདིར་ཁོ་གཉིས་ཀྱིས་རང་གི་ཡུལ་ཁོག་ལས་ཀྱང་བྱང་ཆ་ཆེ་བའི་ཚུགས་ཀ་ཞིག་བཟུང་ནས་གཞོགས་ཀྱི་ཤིང་གསེབ་ཅིག་བསྙེགས་ཏེ་མདུན་དུ་བུད་སོང་།ང་ཚོ་མདུན་དུ་སོང་གིན་ལམ་མེད་པའི་ཤིང་གསེབ་དེ་དག་ན་སྐྱག་ལོག་མང་པོས་གང་སར་བརྫད་ཡོད་པས་ཁོ་ཚོའི་མགོ་ཐོག་ཏུ་བརྐྱངས་བའི་ཤོག་དཀར་དེ་དག་མེད་ན་ང་ཚོ་སྔ་མོ་ནས་ནང་དུ་སྤོས་ཟིན།ང་ཚོ་ནི་ཤར་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ནང་གི་མི་སྣ་དེ་དག་དང་འདྲ་བར་གག་དང་མཚུངས་བའི་སྐྱག་ལོག་དང་རྡོ་འབུར་འཇོང་མང་བོ་ཞིག་བརྒལ་རྗེས་གཞི་ནས་བྲག་སྐྱིབས་ཤིག་ལ་ཤིང་ལོ་འགའ་བཀབ་ཡོད་པའི་སྡོད་གནས་དེར་འབྱོར།

   ཕ་མ་གཉིས་ཀྱིས་ཞིག་རལ་དུ་གྱུར་བའི་སྡོད་གནས་དེའི་ཤིང་ལོ་དང་བྲག་ཕྱེ་སོགས་སོ་སོར་བསལ་ནས་གཙང་སྦྲ་རོབ་ཙམ་བྱས་རྗེས།ཨ་ཕས་འགྱིག་ཁུག་ཏུ་ཡོད་པའི་ཤིང་སྟར་ཆུང་ཆུང་དེ་ཕྱི་རུ་བླངས།དེ་ནས་ད་ལྟ་ཅ་ལག་ཁུར་བྱེད་ཀྱི་ཐག་པ་སེར་བོ་ཞིག་ཡོད་པ་དེ་ང་ལ་འཛིན་དུ་བཅུག་སྟེ་ནགས་ལོ་འགའ་གཅད་དུ་སོང་ཞིང་བྲག་སྐྱིབས་དེར་ར་སྐོར་རམ་སྔུན་སྒོ་ཞིག་བཟོས་པས།སྡོད་གནས་དེ་ཙག་རླུང་དང་ཁ་བ་འགོག་ཐུབ་པའི་ཁང་པ་ཆུང་ཆུང་ཞིག་ཏུ་གྱུར་ནས་ཡིད་སེམས་ལ་རེ་ཞིག་ངལ་གསོ་ཉུང་ཙམ་ཐོབ།

    ང་ཚོ་སྡོད་ས་ནི་གྲོང་མཐའ་ཞིག་ཡིན་བཤད་པ་ལས།གྲོང་དཀྱིལ་ཞིག་རེད་བཤད་ན་འཚམ་པོ་འདུག ཁང་ཆུང་དེ་ལས་མདུན་དུ་གོམ་པ་བཅུ་ཙམ་སོང་ས་ནས་མར་བལྟས་ན།ང་ཚོ་ནི་བྱ་ཞིག་གི་གཤོག་པ་སྟོད་སྨད་དུ་བརྐྱངས་བ་ལྟ་བུའི་གྲོང་པ་འདིའི་དཀྱིལ་དབུས་ཀྱི་ཐད་དུ་རེད། གནས་དེ་ནས་ཕར་བལྟས་ན།སློབ་ཁང་གི་སྒོ་རྩ་རུ་ལངས་སུ་བཅུག་པའི་སློབ་མ་པྲ་ཆལ་ཞིག་དང་འདྲ་བའི་ཁང་བརྩེགས་འགའ་རེ་དྲང་པོར་འགྲེང་ནས་རི་ལུང་འདིའི་གྲག་འགུལ་ལ་ཉན་གྱིན། ནག་བེར་བེར་གཤར་གྱིན་པའི་མི་ཚོགས་རྐང་པས་བརྫིས་ཏེ་རྒྱང་རིང་ཞིག་ལ་བྱོལ་འགྲོ་བའི་ཉམས་སྣང་ཞིག་ཀྱང་མཚམས་མཚམས་སུ་སྐྱེས་ཀྱིན་པ་དང་མཚུངས།

  ང་ཚོས་ནུབ་ཟས་བཟས་རྗེས་མལ་དུ་ཉལ་བ་ཡིན།ཉིན་གཅིག་གི་འགྲུལ་བཞུད་ཀྱིས་ཕ་མ་དང་ནུ་མོ་སོགས་རྨི་ལམ་དུ་ཁྲིད་དེ་སྔུར་བ་རིང་ཐུང་འགའ་ཡང་འཕྲོར་འཕྲོར་ཐོན་ནས་ཁང་ཆུང་འདི་སྡུག་བསྔལ་གྱི་མཚན་མོ་ཞིག་ཏུ་བསྐྱལ་སོང་མོད།ང་ལ་ནི་ངལ་དུབ་ཡོད་ཀྱང་གཉིད་མོས་གཏན་ནས་མ་བྱུང་།

    ངས་གེ་སར་གྱི་སྒྲུང་དེབ་ཅིག་ཡོད་པ་དེ་བྲང་གཞུང་དུ་གླན་ནས་བསམ་གཞིག་མི་གཏོང་ཀ་མེད་བྱུང་།ང་ནི་ང་ཚོ་སྡེ་བའི་ནང་གི་བྱིས་པ་གཞན་དང་བསྡུར་ན་ལས་བཟང་ཞིག་ཡིན།འོན་ཀྱང་།ང་ཚོ་སྡེ་བའི་བཤད་སྟངས་ལྟར་བྱས་ན་ང་ནི་བྱིས་པ་ལས་ངན་ཞིག་ཡིན།ང་ཚོ་སྡེ་བའི་བྱིས་པ་གཞན་པ་ཚོ་ལོ་གསུམ་བཞིར་བུད་པ་ནས་གང་སར་སློང་མོར་ཁྲིད་དེ་སྤྲང་པོ་ཞེས་པའི་ལས་ཀ་འདིར་དངོས་སུ་ཞུགས་དགོས་བྱུང་གིན་ཡོད་མོད།ང་ནི་ཆུང་དུས་ནས་ལུས་ཟུང་སྡུག་ཅིང་ནད་ཆེ་ཆུང་མང་པོ་དུས་རྒྱུན་ལུས་པོ་འདིར་འཐམ་ཡོང་བས།ད་བར་རང་ས་ལས་གང་དུ་ཡང་འགྲོ་མྱོང་མེད།

    ཡིན་ནའང་།ད་ནི་ཕོ་ལོ་བཅུ་གསུམ་ལ་བུད་པས་ནད་བརྒྱ་ཡོད་ཀྱང་སློང་མོར་མི་འགྲོ་བའི་ཁ་གཡར་ས་མེད།སྡེ་བའི་བཤད་སྲོལ་ལྟར་བྱས་ན།སྐྱེ་པ་ཕོ་ཞིག་གི་མི་ལུས་བླང་པ་འདི་འཕྲོ་བརླག་བྱས་པས་ཤི་སོང་ན་དགའ་བའི་ལོ་ཚོད་འདིར་ཐོན་རྐྱེན།ཕ་མ་གཉིས་ལ་ཞུ་བ་བྱས་ཀྱང་ཕྱི་ནས་ཐོན་པའི་མི་ཁ་དེ་དག་གིས་སྦུར་ནས་ཡོང་དགོས་བྱུང་།

    ཐབ་ཁ་ནས་གྱེན་དུ་རྒྱུ་བཞིན་པའི་དུ་བ་ཕྲ་མོ་དེ་རིམ་བཞིན་ཡལ་ཞིང་ཁང་པའི་ནང་དུ་གྲང་ངར་ཡང་ཇེ་རྒོད་དུ་བུད་སོང་།ངས་སང་ཉིན་བསྒྲུབ་དགོས་པའི་ལས་ཀ་དེར་བསམ་བློ་གཏོང་ཐེངས་རེ་ཡིས་སེམས་རྩ་རུ་ཚ་ཤེད་བརྒྱུགས་ཏེ་གཉིད་མོས་གཏན་ནས་མ་བྱུང་།དོན་ངོ་མས་བཤད་ན།ང་ལས་ཀ་དེར་ངོ་ཚ་ལས་འཇིགས་སྐྲག་སྐྱེས་ཀྱིན་འདུག ང་ཕར་ངོ་ཚུར་ངོ་མི་ཤེས་པའི་མི་ཚོགས་ལ་ལག་པ་འདི་བརྐྱངས་ནས་ཁ་དྲོ་ཟེར་བ་ལ་སྐྲག ང་རྒྱུས་མེད་ཀྱི་མི་ཚོའི་ལག་ནང་ནས་སྟེར་བའི་སྒོར་མོ་དེ་ཇི་ལྟར་ལེན་དགོས་པར་སྐྲག ང་མི་དག་གི་མིག་ནང་ནས་འགྱེད་པའི་ཤ་ཚ་དང་མཐོང་ཆུང་གི་ལྟ་སྟངས་ལ་སྐྲག

     མདོར་ན།ང་ནི་སང་ཉིན་ཐོན་པར་ཤིན་ཏུ་སྐྲག ངས་གེ་སར་ལ་གསོལ་བ་བཏབ་སྟེ་ཨ་མྱེ་ཉི་མ་རེ་ཞིག་མལ་དུ་ཉལ་དགོས་པའི་བཀའ་རྒྱ་སྒྲོག་རོགས་ཞེས་ཞུས་མོད།བསམ་བློ་རེ་བཏང་ན།ད་ནི་མྱུར་གྱིས་གཉིད་པ་ལས་སེམས་འཚེར་དེ་ལ་བྱོལ་བའི་ཐབས་ཤིག་མི་འདུག་པས།རབ་རིབ་ཀྱི་སེམས་ངལ་ཁྲོད་ནས་གཉིད་དུ་ཡུར།

     ཕྱི་ཉིན་སྔ་མོར་གྲང་རླུང་བཙན་པོ་ཞིག་གིས་ང་རང་གློ་བུར་སད་དུ་བཅུག་སོང་།འདྲེ་ས་འདིའི་ཡོད་ཚད་ལ་ངས་དམོད་དོར་བ་ཡིན།མདང་དགུང་གི་མལ་ས་འདི་སྲ་ཞིང་མཁྲེགས་ལ།ཞོགས་པའི་ཙག་རླུང་ཡང་དམྱལ་ཁམས་སུ་འཕེན་དགོས་རྒྱུའི་གྲང་མོ་ཞིག་རེད།ང་རང་དུས་རྒྱུན་མལ་ལས་ལང་དུས་མི་ཆེན་ཚོའི་ཤུགས་རྐྱེན་གྱིས་ཁ་འདོན་ཉུང་ཙམ་འདོན་པར་གོམས་ལོབ་ཡོད་མོད།ཉིན་དེའི་སྔ་མོར་ངས་སྡུག་བཤད་བྱེད་ཞོར་རྐང་ཤུབས་གོན་ཞིང་།སྡུག་བཤད་བྱེད་ཞོར་རྐང་ལྷམ་གོན།ཡང་སྡུག་བཤད་བྱེད་ཞོར་ཕྱྭ་ཚར་དེ་གོན་ནས་སྐ་རགས་བཅིངས་པ་ཡིན།

     ང་ཚོ་ཡོད་ས་ནས་ཕར་ལ་བལྟས་ན།ཉི་མ་སེར་བོ་ནི་ཨ་མྱེ་རྒན་པོ་ཞིག་དང་འདྲ་བར་འགྲོ་ཙམ་དང་འདུག་ཙམ་གྱིས་མར་ལ་འབབ་ཀྱིན།ཁོ་རང་བགྲོད་པའི་རྐང་རྗེས་ལ་གསེར་ཕྱེ་མང་ཙམ་འཕོས་པས་ངམ་གནག་གི་རི་ལུང་འདི་ལ་རིམ་བཞིན་འཛུམ་མདངས་ཤིག་ཀྱང་རྒྱས་མགོ་བརྩམས།

     ངས་ནང་ཇ་འཐུང་བཞིན་ཕ་མ་གཉིས་ཀྱི་གདོང་ལ་བལྟས་པ་ན།ཁོ་གཉིས་ནི་ཡིད་ཆེས་དང་རྒྱལ་ཁ་ཡིས་ཁེངས་པའི་དཔའ་བོ་ཞིག་དང་འདྲ་བར།ང་དང་ནུ་མོ་གཉིས་ལ་སློང་མོའི་སྐོར་གྱི་ཤེས་བྱ་བཤད་ཞོར། ཕོར་བའི་རྐུབ་ཏུ་འཐུམ་པའི་རྩམ་ནག་དེར་ལྕེ་ཡིས་ཡང་ཡང་ལྡག

     ངས་ཕ་མ་གཉིས་ལ་ཁྱེད་ཚོ་སློང་མོར་དེ་འདྲའི་དགའ་དོན་ཅི་ཡིན་ཞེས་འདྲི་བསམ་ཡང་།སྐད་ཆ་དེ་མུད་ཁ་རུ་ཐོན་དུས་སྙིང་གསེང་ནས་བྲེད་ཤ་ཞིག་ཐོན་ཏེ་ཁོ་གཉིས་ཀྱིས་བཤད་པར་མགོ་བོ་ལྡེམ་པ་ལས་སེམས་ཚོར་དེ་བཤད་པའི་སྤོབས་པ་གཏིང་ནས་ཡལ།ཡང་གཅིག་བཤད་ན།ཕ་མ་གཉིས་ལ་ཡོད་པའི་དགའ་སྤྲོ་དེའི་འབྱུང་ཁུངས་ངས་ནམ་ཡང་རྟོགས་དཀའ་ཞིང་།གལ་ཏེ་རྟོགས་ནའང་དེ་དུམ་བུར་གཅོད་པའི་དབང་ཆ་ཞིག་ང་ལ་ཡོད་མི་སྲིད་འདོད་པ་ཡིན།

     ནངས་ཇ་བཏུང་ནས་ཚར་ལ་ཉེ་དུས་ནུ་མོ་གཞི་ནས་གཉིད་ལས་སད་སོང་།ཨ་མས་ལོ་བཞི་ལ་སོན་པའི་ནུ་མོར་གོན་པ་བསྐོན་ནས་རང་གི་ནུ་འོ་བསྣུན། ཕར་བལྟས་སོང་ན།ནུ་མོ་ལ་གཉིད་སྐྱིད་པོ་ཞིག་ཡོང་བ་འདྲ་སྟེ་མིག་མཐའ་ཡོངས་མིག་སྐྱག་གིས་ཟིན་ནས་རྫི་མ་ཡང་ཕན་ཚུན་འབྱར་འདུག 

     གྲོང་ནང་གི་འུར་ཟིང་ནི་ཁ་སང་ཕྱི་དྲོ་ལས་ཀྱང་དྲག་པོ་འདུག མི་འགའ་རེ་ཡིས་དཔེ་ཁུག་དང་འདྲ་བའི་ཁུག་མ་ཞིག་ལག་ཏུ་ཐོགས་ཏེ་བྲེལ་ཚུབ་ཀྱིས་ཁང་བརྩེགས་མང་པོའི་སྒོ་ཆེན་བསྙེགས་ཏེ་གཤར་གྱིན་འདུག ང་ཚོ་བྱིས་པ་ཚོའི་རྩེད་ཆས་དང་འདྲ་བའི་རླངས་འཁོར་ལྗང་གུ་མང་པོ་གཅིག་རྗེས་གཉིས་མཐུད་དུ་གྲོང་སྟོད་ནས་གྲོང་སྨད་དུ་བརྒྱུགས་འགྲོ་ལ།གྲོང་སྨད་ནས་གྲོང་སྟོད་དུ་ཏུས་་ཏུས་་སྒྲོག་བཞིན་བརྒྱུགས་འགྲོ མཚམས་མཚམས་རེར་འོག་གི་སྒོ་ནང་ནས་མི་འགའ་རེ་དོར་རྗེས་ཡང་གནས་གཞན་ཞིག་ནས་མི་འགའ་རེ་བཅུག་སྟེ།སྐད་ཅིག་ཙམ་ལ་མཐོང་ལམ་ནས་ཡལ་འགྲོ།

    ང་ཚོ་བཞི་བོ་གྲོང་དཀྱིལ་གྱི་ཐང་ཆེན་ཞིག་ཡོད་ས་དེར་ཐོན་དུས།ཨ་ཕས་ཕྱོགས་སོ་སོ་རུ་སོང་ནས་ལས་ཀ་བསྒྲུབ་དགོས་པའི་བཀའ་སྐུལ་གནང་རྗེས།ཁོ་རང་གྲོང་སྟོད་དུ་བུད་སོང་ལ་ཨ་མ་གྲོང་སྨད་དུ་བུད་སོང་།ང་དང་ནུ་མོ་གཉིས་ཐང་དེའི་ཟུར་དག་ནས་སློང་བཞིན་སྡོད་དགོས་ཟེར།

      ནུ་མོ་དང་ངེད་གཉིས་སྐས་ལྟེམ་ཞིག་གི་ཐོག་ཏུ་བསྡད་དེ་འགྲམ་ནས་ཡར་མར་བགྲོད་ཀྱིན་པའི་མི་དག་ལ་ལྟ་བཞིན།ཅི་ཞིག་བཤད་འདོད་ཀྱི་ངག་སྒོ་ཕྱེ་ཙམ་བྱེད་དུས་ངོ་གདོང་ནས་འཕྱུར་བའི་ཚ་རླབས་ཤིག་གིས་ཡང་ནས་ཡང་དུ་ཚིག་འགོ་བསྒགས།ང་ནི་དངོས་གནས་སྐྲག་ཀྱང་སྐྲག་ལ་ངོ་ཡང་ཚ།ངས་ཐེངས་དུ་མར་མི་ཚོའི་ལྭ་སྣེ་ལ་འབྱར་ནས་སྒོར་མོ་སློང་དགོས་བསམ་དུས།ཐེངས་དུ་མར་འཇིགས་སྐྲག་སྐྱེས་ཏེ་མྱུར་གྱིས་ཕྱིར་ནུར་བྱེད་དགོས་བྱུང་།

      ཐེངས་ཤིག་ངས་སེམས་ཐག་བཅད་དེ་ལྷུག་ལྷུག་གིས་འགྲོ་བཞིན་པའི་གྲྭ་བ་ཞིག་ལ་སློང་དགོས་བསམས་ནས་ཡར་ལ་ལང་དུས།གློ་བུར་དུ་འགྲམ་ན་སྡོད་པའི་ནུ་མོ་བརྒྱུགས་ཏེ་གྲྭ་བ་དེའི་གཟན་ཤམ་ལ་འབྱར་ཞོར།ཨ་ཁུ།ཨ་ཁུ་་སྒོར་མོ་ཞིག་སྟེར་རོགས།སྒོར་མོ་ཞིག་སྟེར་རོགས་ཞེས་བཤད་སོང་བས་ང་རང་ཧད་དུ་བཅུག ཕོ་བ་དབུགས་ལྒང་ཞིག་དང་འདྲ་བའི་གྲྭ་བ་དེས་ཆུང་ཞིང་རུད་པའི་ནུ་མོར་ལྟ་ཙམ་བྱས་རྗེས།གཡས་ཕྲག་ཏུ་བཀལ་བའི་ཁུག་མ་སེར་བོ་དེའི་ནང་དུ་ལག་ཉུལ་ཞིག་བྱས་ཏེ་སྒོར་གཅིག་ལོན་པ་དེ་ནུ་མོར་སྦྱིན་སོང་།ནུ་མོས་དེ་མ་ཁད་སྒོར་གཅིག་དེ་ལག་ཏུ་བླང་ནས་ཁ་དྲོ་ཡང་མི་ཟེར་བར་མི་གཞན་ཞིག་ལ་སློང་དུ་བརྒྱུགས་སོང་།

   ནུ་མོའི་སྤྱོད་པ་དེར་ང་རང་ཧ་མི་ལས་ཀ་མེད་བྱུང་།ལོ་བཞི་ལས་སོན་མེད་ཅིང་ཐ་ན་སྐད་ཆ་ཡང་མགོ་མཇུག་ཆ་ཚང་བ་ཞིག་སྨྲ་མི་ཤེས་པའི་ཁོ་མོས།འགྲམ་ནས་ཕྱོགས་སོ་སོར་བགྲོད་ཀྱིན་པའི་མི་རྣམས་ལ་འབྱར་ནས་སྒོར་མོ་སྟེར་རོགས་ཞེས་པའི་སྐད་ཆ་དེ་དང་ཚུགས་ཀ་དེ་ནི་མི་ཆེན་ཞིག་དང་ཅི་འདྲའི་འདྲ་པོ་འདུག བལྟས་ཡོང་ན།ནུ་མོ་ཆུང་ནི་མ་ཡིན་པར་ང་རང་གླེན་ནི་ཡིན་པ་འདྲ་སྟེ།ཅིག་ཅིག་སྒོར་མོ་སྟེར་རོགས་དང་ཉིག་ཉིག་སྒོར་མོ་སྟེར་རོགས་ཞེས་པའི་སྐད་ཆ་དེ་ནི་དངོས་གནས་རྙོག་འཛིང་མིན་མོད།ངས་ཇི་ལྟར་ཨུ་ཚུགས་བྱས་ཀྱང་ཚིག་གཅིག་ཙམ་ཡང་ཁ་ནས་མི་ཐོན་པར་བལྟས་ན།ང་ནི་དངོས་ནས་གླེན་པ་ཞིག་རེད།

   ཉི་མ་ཡོངས་སུ་གྲོང་འདིའི་སྣེ་སོ་སོར་འགྱེད་དེ་མི་ལ་དྲོ་སྣང་སྐྱིད་པོ་ཞིག་སྟེར་མོད།ངས་ནི་ནུ་མོས་ངའི་ལག་ཏུ་བཞག་པའི་སྒོར་མོ་དག་ལག་མཐིལ་དུ་བསྡམས་ཏེ་སྐས་ཐེམ་ཐོག་བསྡད།འགྲམ་ནས་མི་ཚོགས་ཀྱི་བཞུར་རྒྱུན་ཇེ་སྟུག་ནས་ཇེ་སྟུག་ཏུ་ཕྱིན་གྱིན་འདུག་ཅིང་།བག་ཡངས་ཀྱིས་ཟིན་པའི་གཞོན་ནུ་མང་པོ་ཐང་ཆེན་དེའི་འདུག་སྟེགས་སུ་སྡོད་ཀྱིན་ང་དང་ནུ་མོ་གཉིས་ལ་ལྟ།མཚམས་མཚམས་རེར་མགོ་བོ་ནང་དུ་གུག་སྟེ་སྐད་ཆ་གང་རུང་ལབ་ཀྱིན་ཡང་བསྐྱར་ངེད་གཉིས་ལ་ལྟ་འོང་།

གྲོང་འདིའི་ནང་གི་མི་རྣམས་ནི་ངའི་ཕ་ཡུལ་གྱི་མི་རྣམས་དང་མི་འདྲ་བར་གོས་གྲ་དག་ཏུ་གྱོན་ཞིང་གཙང་སྦྲ་ཤིན་ཏུ་ལེགས།དེ་ལས་ལོ་ལོན་ཚོས་མགོ་ཐོག་ཏུ་ཞྭ་ལེབ་རེ་འཕངས་ཏེ་ཉི་མར་ལྡེ་བཞིན་ཤོག་ཤོ་རྩེ། མགོ་སྐྲ་སེར་བོ་དང་དམར་བོར་བསྒྱུར་བའི་ཕོ་སར་འགའ་རེའི་ལག་པར་བུ་མོ་ལོ་ཆུང་རེ་ཁྲིད་དེ་དགོད་སྒྲ་སྒྲོག་ཞོར་ག་ཤེད་ཅིག་ཏུ་བུད་འགྲོ ཚོང་ཁང་དང་ཟ་ཁང་གི་སྒོ་འགྲམ་བརྒྱུད་དེ་འགྲོ་བཞིན་པའི་མི་ཚོགས་ལ་སྦྱིན་བདག་གིས་འཛུམ་མདངས་དང་བཅས་ནང་དུ་བསུ་བཞིན་ཅི་ཡང་མི་སྙམ་པར་ནང་ནས་ཕྱི་རུ་གཏོང་།མདོར་ན།གྲོང་ཁྱེར་འདི་ནི་ང་ཚོ་ཡོད་སའི་སྡེ་བ་དང་མི་འདྲ་བར།ཡོད་ཚད་འདུ་འཛི་དང་བྲེལ་ཟིང་གིས་ཁེངས་དེ།ངའི་རྣ་བ་བོང་བོང་དང་སེམས་པ་བློང་བློང་པོར་བསྒྱུར་སོང་།

  ང་ཁོར་ཡུག་གི་འགྱུར་ལྡོག་རྒོད་པོར་སེམས་གཡེང་ནས་སྐབས་ཤིག་ནུ་མོ་ཡང་ང་དང་མཉམ་པོར་ཡོད་པ་བརྗེད་སོང་།ངས་ལག་ཏུ་བཟུང་བའི་སྒོར་མོ་དག་མ་ཁ་རུ་བྱིལ་གྱིན་བུ་མོ་ལོ་ཆུང་ཞིག་གིས་ཕོ་སར་གཟུགས་རིང་ཞིག་ལ་འགྲམ་ལྕག་གཞུས་ཀྱིན་པར་སེམས་ཤོར་ནས་ཡོད་དུས།མི་ཞིག་གིས་ངའི་མགོ་རུ་ལག་པ་ཐུག་ཞོར་སྒོར་མོ་ལྔ་ལག་དུ་བརྫངས་སོང་བས།ངས་མྱུར་གྱིས་མགོ་བོ་དགྱེ་ནས་མི་དེར་ལྟ་དུས།གཟུགས་རིང་ཞིང་ཤ་ཞན་བའི་རྒྱབ་གཟུགས་ཤིག་ང་དང་རིང་དུ་གྱེས་སོང་།རྒྱབ་གཟུགས་དེ་ནི་ངས་གནས་གང་ཞིག་ནས་མཐོང་མྱོང་བ་འདྲ་སྟེ།ལྷག་པར་དུ་བུ་མོ་ཞིག་གི་འགྲོ་སྟངས་ལ་ཤིན་ཏུ་མཚུངས་བའི་གོམ་ཁ་དེ་ནི་ང་ལ་རྒྱུས་མངའ་ཟབ་མོ་ཡོད་མོད།ཡང་དེ་སུ་ཞིག་ཡིན་པར་བསམ་བློ་གཏོང་དུས་ངས་ཅིའང་དྲན་མ་ཐུབ།

    ཉིན་དེར་ཨ་ཕ་དང་ཨ་མ་གཉིས་ཀྱི་སྒོར་མོ་མཉམ་དུ་བསྣན་ན་བཞི་བརྒྱ་ལྷག་ཡོད་ལ།ནུ་མོས་སྒོར་མོ་བརྒྱ་ལྷག་སློང་ཐུབ་འདུག ཡིན་ནའང་།ངས་ནི་རྒྱུས་ཆ་ཆེ་བའི་མི་དེས་སྟེར་བའི་སྒོར་ལྔ་ལས་རྙེད་མེད་པས།དགོང་ཇ་འཐུང་དུས་ཨ་ཕའི་སྨུག་ཅིང་ནག་པའི་ངོ་གདོང་ལས་ཞེ་འདར་བའི་སྤྲིན་པ་ཞིག་འཐིབ་ཀྱིན་འདུག་པར་བལྟས་ན།དོ་དགོང་ཁང་ཆུང་འདིའི་ནང་ནས་ངས་ཐོག་དང་པོར་ཁྲིམས་ཆད་ལྕི་མོ་ཞིག་མྱོང་དགོས་པ་གཏན་འཁེལ་ཡིན་ཞིང་།ངའི་ཉིན་དཀར་གྱི་སྡར་གཤིས་སམ་སྤྱོད་པ་དེ་ལ་འགྱོད་སེམས་ཤིག་རང་དབང་མེད་པར་སྐྱེས།

     ལོས་ཡིན་ཏེ། ནུབ་ཇ་འཐུང་ནས་ཚར་ལ་ཡོད་དུས།ངས་སྐད་ཆ་བཤད་ནོར་ཞིག་གིས་ཕ་རྒན་གྱི་ཁུ་ཚུར་དེས་མིག་ནང་ནས་སྐར་མ་མཆེད་པ་ཞིག་མགོ་ལྟག་ཏུ་བརྒྱབ་བྱུང་བས།ང་ངུ་ཡང་མ་ཕོད་པར་རང་ས་རུ་སྒོང་སྒོང་བྱས་ཏེ་ཐེངས་རྗེས་མའི་ཆད་པར་བསྒུགས ཨ་ཕས་གཤེ་གཤེ་གཏོང་ཞོར་ཇ་ཧུབ་གང་འཐུང་ནས་མུ་མཐུད་དུ་ལག་པ་ཚུར་ལ་རྐྱོང་དུས།ངའི་ཉམ་ང་བའི་རྣམ་འགྱུར་དེས་ཁོ་ལ་སྙིང་རྗེ་བསླངས་སོང་བ་འདྲ་སྟེ།ངའི་མགོ་ལ་ལག་པ་ཐུག་ཙམ་བྱས་ཏེ་ཕྱི་རུ་བླངས་སོང་།

    འོན་ཀྱང་།ངས་ཆེས་བཟོད་ཐབས་མེད་པ་ནི་ཨ་ཕའི་གཅར་རྡུང་དྲག་པོ་དེ་མ་ཡིན་པར།ནམ་རྒྱུན་གཅར་རྡུང་རྗེས་ནས་ཨ་མའི་འཛད་མཐའ་མེད་པའི་སྡུག་བཤད་དེ་དག་ཡིན།ཁོ་གཉིས་ཀྱིས་ཁྱིམ་ནས་ལས་བགོས་བྱས་པ་དང་འདྲ་བར།ཨ་ཕ་ནི་ང་དང་ནུ་མོ་གཉིས་རྡུང་མཁན་ཡིན་ལ།ཨ་མ་ནི་ཨ་ཕས་ཅིའི་ཕྱིར་རྡུང་དགོས་པའི་རྒྱུ་མཚན་བཤད་མཁན་དེ་ཡིན།གལ་ཏེ་ཉིན་ཞིག་ཨ་མས་ཀྱང་ཨ་ཕའི་ལས་ཀ་དེ་བསྒྲུབས་སོང་ན།ང་དང་ནུ་མོ་གཉིས་ལ་ལྤགས་རུས་ཀྱི་ཟུག་གཟེར་མི་ཉུང་བ་ཞིག་ཐོན་སྲིད་ཀྱང་།རྣ་ཅོ་བོང་བོང་དུ་གཏོང་བའི་སྡུག་བཤད་རིང་མོ་དེར་ཉན་མ་དགོས་པ་རེད།ཡིན་ནའང་།བསམ་བློ་རེ་བཏང་ན།ཨ་མའི་ཁ་དེ་ཇི་སྲིད་དུ་གནས་པའི་བར་ཁོ་མོའི་སྡུག་བཤད་ཀྱང་དེ་སྲིད་དུ་གནས་ངེས་པ་ནི་ངེད་ཚང་ལ་མཚོན་ན་གནས་ལུགས་ཤིག་ཡིན།

     ཁྱོད་ཀྱིས་ཟ་མ་བཟའ་མི་དགོས་པ་ཨེ་རེད།གོན་པ་གྱོན་མི་དགོས་པ་ཨེ་རེད།ཨ།ད་ཡར་སྐྱེས་ཏེ་ཐུར་དུ་སྒུར་གྱིན་འདུག་མོད།སྒོར་མོ་སློང་བ་ལྟ་བུའི་བྱ་བ་སླ་མོ་ཞིག་ཀྱང་སྒྲུབ་མི་ཤེས་པ་ཨེ་རེད།ནམ་རྒྱུན་སློབ་གྲྭར་འགྲོ་དགོས་བཤད་དེ་ཕ་མ་གཉིས་ལ་སེམས་ཁུར་ཡང་བྱེད་ཤེས་པ་མ་རེད།ཨ།འདྲེ་ཕྲུག ཁྱོད་ཀྱིས་ནུ་མོ་ལ་ལྟོས་དང་།ཕར་བལྟས་ན་ཙིག་ཕྲུག་ཅིག་དང་འདྲ་མོད།ཆུང་དུས་ནས་སློང་མོ་བྱས་ཏེ་ཡོང་བས་ད་ལྟ་ཅི་འདྲའི་གོ་ཆོད་ཀྱིན་འདུག སྤྲང་ཕྲུག ཉོན་ཞིག ངས་སྔོན་ནས་ཁྱོད་ལ་བཤད་ཡོད།ཟླ་གཉིས་ལ་སྒོར་སྟོང་གསུམ་ཡང་མ་ལོན་ན་ཡི་གེ་འདོན་མི་དགོས།གོ་ཨེ་སོང་།ཨེ། རྒད་པོས་ལྟོས་དང་།འདྲེ་ཕྲུག་འདིས་ངའི་སྐད་ཆ་ལ་ཉན་གྱིན་མི་འདུག་ཅེས་དྲག་ཆར་ཞིག་དང་འདྲ་བའི་ཚིག་གི་ཚོགས་དང་གཏམ་གྱི་ཚོགས་ནི་འཛད་མཐའ་མེད་པར་སྔར་བཞིན་ཨ་མའི་ཁ་ནང་ནས་ཡང་ནས་ཡང་དུ་ཐོན།

     དངོས་གནས་རེད།ང་ཚོའི་བོད་ཡིག་དགེ་རྒན་གྱིས་གསུངས་པ་ལྟར།ཕ་ཡུལ་གྱི་སྲོལ་རྒྱུན་འདི་མེད་པར་བཏང་ནས་རང་ལག་དྲོན་མོས་རང་ཁ་གསོ་དགོས་ན།དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་ང་ཚོ་ནས་འགོ་བརྩམ་དགོས། འོན་ཀྱང་།མིག་སྔོན་དུ་བསམ་བློ་བཏང་ན།ང་སྒོར་མོ་སློང་དུ་མ་སོང་ཚེ་སློབ་གྲྭར་འགྲོ་མི་ཐུབ།སློབ་གྲྭར་མ་སོང་ན་ཕ་ཡུལ་གྱི་མི་རྣམས་དང་འདྲ་བར་སྤྲང་པོར་འགྱུར་བས།དེས་ན་ང་ངེས་པར་དུ་སློང་མོར་འགྲོ་དགོས།དེས་ན་ངས་ཟླ་གཉིས་ལ་སྒོར་མོ་སྟོང་གསུམ་ངེས་པར་དུ་ལོན་དགོས།

     ཡིན་ནའང་།ང་ཕ་ཡུལ་དང་རྒྱང་ཐག་རིང་བའི་གྲོང་ཁྱེར་ཞིག་ཏུ་སློང་མོར་འགྲོ་བཞིན་པའི་དོན་དངོས་འདི་བོད་ཡིག་དགེ་རྒན་གྱིས་གོ་སོང་ན་ཁོས་ཅི་ལྟར་བསམ་སྲིད།སློབ་མ་འདི་ལ་རེ་བ་མི་འདུག་བསམ་སྲིད་དམ།ཡང་ན་སློབ་མ་འདི་ཡང་ས་ཆ་འདིའི་མི་དག་དང་འདྲ་བར་སློང་མོ་ལ་དགའ་མཁན་ཞིག་རེད་བསམ་སྲིད་དམ།


  • ལེ་ཚན་སྔོན་མ།:ཕྱིར་མིག་སྐྱ་བོ། ༢
  • ལེ་ཚན་རྗེས་མ།:རྐང་འོག་ཏུ་ལྷུང་བའི་སྒོར་མོ།༢