ཁང་གསར་ཚེ་དབང་རིག་འཛིན།(མགོ་ལོག) 2018-01-22
༣
ལུས་ཀྱི་ཆ་ཤས་ཧྲིལ་བོར་ཐབ་ཟངས་ཀྱི་ནག་དྲེག་བགོས་པ་དང་འདྲ་བའི་བདེ་སྐྱིད་ལྷ་མོའི་ལུས་ཕུང་དང་། མོའི་ཁོར་ཡུག་གི་ནད་ཁྲི། མལ་གདན། མལ་ཐུལ། ནད་ཁང་སོགས་དཀར་པོ་དཀར་རྐྱང་གཉིས་ནི་འཇིག་རྟེན་འདིའི་དཀར་ནག་གི་ཁ་དོག་གི་དབྱེ་བ་འབྱེད་པའི་དཔེ་གཞི་ཞིག་ལྟར་ལྡོག་གཟུགས་ཁོ་ནར་གྲུབ། མོ་ཁྱི་ལྟར་འདོགས་བྱེད་ཀྱི་གནམ་ཁབ་སྟེང་ལ་ཚིག་པ་ཟོས་ཤིང་། ཁང་མིག་དེ་དང་ནད་ཁྲི་དེ་ལས་བརྒལ་དུ་མི་འཇུག་པའི་ནད་ངན་དེའི་སྟེང་དུ་ཁོང་ཁྲོ་ལངས། ཁོང་ཁྲོ་དེས་ཀྱང་མོར“མིག་སྐྲང་སྟེང་ལ་ཁུ་ཚུར”ཞེས་པའི་དཔེ་ལྟར་ལུས་སེམས་དེ་བས་ཀྱང་ཉོག་པོར་གཏོང་འོང་། བདེ་སྐྱིད་ལྷ་མོ་ནད་ཁྲིའི་སྟེང་གན་རྐྱལ་དུ་ཉལ་ནས་རང་ཉིད་འདོགས་བྱེད་ཀྱི་གནམ་ཁབ་ལ་ཅེར། ཅེར་གྱིན་ཅེར་གྱིན་འགྱིག་གི་སྦུ་གུ་ཕྲ་མོ་དེ་ནི་སྦོམ་ལ་སྲ་བའི་ལྕགས་ཐག་ཏེ། སྔོན་ཆད་ཁོང་ཚང་གི་ཁྱི་རྒྱ་ནག་རྐང་ཆག་ཏུ་མ་གྱུར་གོང་གི་འདོགས་བྱེད་དེ་དང་ཨ་ན་མ་ནར་གྱུར་ལ། ལྕགས་ཐག་སྦྲེལ་སའི་ས་ལ་བརྡབས་པའི་ཕུར་བ་དེའང་ཁོ་མོས་མི་དོས་སའི་གནམ་དུ་སྲ་ལ་མཁྲེགས་པར་བརྡབས་པས། ད་ནི་འདོགས་ཐག་འདི་ལས་ཐར་བ་ཞིག་མེད་པར་སྣང་། སྲ་ལ་སྦོམ་པའི་འདོགས་ཐག་དེ་ལས་མ་ཐར་ཚེ། མོས་མི་ལོ་སུམ་ཅུར་རྐང་རྗེས་ཕབ་སའི་ཕ་ས་དྲོན་མོ་དང་། བདེ་སྐྱིད་ཀྱི་གླུ་སྒྲ་བསྐྱིལ་སའི་རི་ཆུ་ལུང་གསུམ། དགའ་ན་དགོད་རོགས་དང་སྡུག་ན་ངུ་རོགས་ཀྱི་ཕུ་ནུ་གཉེན་ཉེ། དཔྱིད་དབྱར་སྟོན་གསུམ་གྱི་སྦྲ་དང་དགུན་གྱི་ཁང་བ། ཉིན་གཅིག་ཙམ་ཡང་འབྲལ་མ་མྱོང་བའི་གཡང་གི་སྒོ་ཕྱུགས་དང་རང་ལ་ཁ་ཞེ་ཁོག་གསུམ་གཏོད་པའི་སྒོ་ཁྱི་སོགས་མཐོང་མི་ཐུབ་ལ། ལྷག་པར་དུ་རང་གི་གཅེས་པའི་སྲོག་ལས་ཀྱང་ཕང་བའི་ཤ་ཆད་ཀྱི་བུ་ཕྲུག་གཉིས་པང་དུ་བླངས་ནས་བརྩེ་བའི་འོ་ཞིག་ཀྱང་བྱེད་མི་ཐུབ། དེ་ལྟར་སྙམ་གྱིན་ཐོད་སྐམ་ལྟ་བུའི་གདོང་ལས་མིག་ཆུ་རྡོག་པོ་དང་རྡོག་པོ་བྱས་ནས་མར་འདྲིལ་སོང་། དེ་ནི་གནམ་ཁབ་ལས་མར་ཏིག་ཙམ་ཏིག་ཙམ་འབབ་པའི་སྨན་ཆུའི་ཐིགས་པ་དག་ཤར་རེར་མིག་ལས་བུད་དེ་ཕྱི་ལ་འཕོ་བ་དང་ཤིན་ཏུ་མཚུངས།
ནུ་མོས་གཙང་ཤོག་གིས་ཨ་ཅེའི་གདོང་གི་མིག་ཆུ་འབྱིད་ཞོར་ངག་འཇམ་པོས“ཨ་ཅེ། ད་མ་ངུ་། ད་མ་ངུ་། ནད་དྲག་པོ་འདིའི་ཁར་སེམས་ངལ་སྣ་ཚོགས་བྱས་ན་ལུས་པོས་ལྕོགས་པ་མ་རེད། ཁྱེད་ལ་སེམས་དོན་ཅི་ཞིག་ཡོད་ན་ང་ལ་དལ་མོར་ཤོད་དང་། ངས་ཐབས་བརྒྱ་ཇུས་སྟོང་གིས་བསྒྲུབ་ངེས་ཡིན”ཞེས་སེམས་གསོའི་སྐད་ཆ་བཤད་ཞོར་ཁོ་མོའི་མིག་ཟུང་ཡང་ཆུ་ཡིས་གང་དེ་རབ་རིབ་ཏུ་གྱུར། ནུ་མོས་མུ་མཐུད་དུ“ཨ་ཅེ་ལགས། འཇིག་རྟེན་འདིར་སྐྱེ་བ་ཞིག་བླངས་ཚུན་ཆད་ནས་མཐོ་བླ་མ་དཔོན་པོ་མན་ཆད་དང་དམའ་སྤྲང་བོ་གཡོག་པོ་ཡན་ཆད་མཐར་འཆི་བ་ཞེས་པའི་ལམ་དེར་འགྲོ་མི་དགོས་མཁན་ཞིག་ཡོད་མི་སྲིད་པ་དང་། དེ་བཞིན་དུ་ནམ་མཁའི་བྱ་དང་བྱེའུ་དང་ས་གཞིའི་གཅན་གཟན་རི་དྭགས། ཆུ་ནང་གི་ཉ་དང་སྦལ་བ། གྲོག་མ་སོགས་སྲིན་འབུ་སྣ་ཚོགས་མདོར་ན་སྲོག་ལྡན་གྱི་ལུས་ཅན་ཡོད་དོ་ཅོག་འཆི་བའི་ལམ་ཆེན་དུ་སྙེག་དང་སྙེག་གིན་པ་ཞིག་ལས་ཡོད་པ་མ་རེད། དེ་བས་སེམས་ངལ་སྣ་ཚོགས་མི་བྱེད་པར་བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ་དང་ནད་འདི་མི་དྲག་པའི་ངེས་པ་མེད་པ་དང་། གལ་ཏེ་མ་དྲག་ནའང་སྐྱེ་བ་ཕྱི་མར་ལུས་ཡག་པོ་དང་། བདེ་སྐྱིད་ལྡན་པར་འགྱུར་ངེས་པས་དཀོན་མཆོག་ལ་ཡིད་ཆེས་བྱོས། ད་ལྟ་ང་ཚོས་འདི་ལྟར་མྱོང་དགོས་པའང་འཇིག་རྟེན་གཏམ་དཔེར‘སྐྱེ་བ་སྔོན་མའི་ལས་དང་རྟ་རྒན་མོག་ལུའི་འགྲོས’ ཞེས་པ་ལྟར་སུས་ཀྱང་བཟློག་ཐབས་དཀའ་མོ་རེད་པས། འདི་ལ་སེམས་ངལ་བྱས་པས་ཕན་ཐོགས་ཏིལ་ཙམ་ཞིག་ག་ལ་ཡོད”ཅེས་རང་གིས་ཤེས་ཚོད་ཀྱིས་སེམས་གསོ་དང་སློབ་སྟོན་ལྟ་བུ་བྱས། ནུ་མོའི་སྐད་ཆ་དེ་དག་ནི་བདེ་སྐྱིད་ལྷ་མོར་མཚོན་ན་བླ་མ་ཆེན་པོ་ཞིག་གི་ཆོས་བཤད་ལས་ཀྱང་ཕན་པར་གྱུར་བས། མོས་མགོ་བོ་ནང་དུ་ལྡེམ་ཙམ་བྱས་ཏེ་གོ་སོང་བའི་བརྡ་བསྟན།
བདེ་སྐྱིད་ལྷ་མོའི་ནུ་མོ་ཆུང་དུས་ནས་སློབ་གྲྭར་འགྲིམ་ནས་ན་ནིང་སློབ་ཆེན་ནས་མཐར་ཕྱིན་པ་ཡིན་པས་རིག་གནས་ཤེས་བྱའི་ཆུ་ཚད་མཐོ་ཙམ་ཡོད་ཅིང་། འཇིག་རྟེན་གྱི་གནས་ལུགས་མི་ཉུང་བ་ཞིག་རྟོགས་པ་རེད། མོས་ཨ་ཅེར་དེ་ལྟར་སློབ་གསོ་བཏང་སྟེ་ཨ་ཅེའི་སེམས་ཁམས་ཅུང་ཙམ་རེ་ལྷོད་ལ་འབབ་ཨེ་ཐུབ་ཀྱི་རེ་བ་བྱེད་ཀྱི་ཡོད་པ་ལས། དོན་དངོས་སུ་མོས་རང་གི་ཨ་ཅེའི་ལས་དབང་ལ་སེམས་སྡུག་དྲག་པོ་བྱས་ཏེ་ཨ་ཅེའི་མི་མཐོང་ས་ནས་མིག་ཆུ་བཏང་བ་བགྲང་གིས་མི་ལངས། ཅིའི་ཕྱིར་ཞེ་ན། སྤྱིར་མོས་ད་ཅི་བཤད་པ་ལྟར་འཇིག་རྟེན་ཁམས་ཀྱི་སྲོག་ལྡན་འགྲོ་བ་གང་དང་གང་ཞིག་ཡིན་ནའང་འཆི་བ་མགོ་ཐོག་ཏུ་ཡོད་པས་དེ་ལ་ཧ་ལས་ཧང་སངས་དགོས་རྒྱུ་ཞིག་ཡེ་ནས་མིན་མོད། མོའི་ཨ་ཅེའི་ད་ཐེངས་ཀྱི་ནད་འདི་ནི། བོད་པའི་རོང་འབྲོག་ཁུལ་གྱི་འཕྲོད་བསྟེན་འདུ་ཤེས་ཤིན་ཏུ་ཞན་པའི་འཆོལ་ཉོག་གི་སྤྱོད་པ་ཡ་ང་བ་ཞིག་ལས་འགོས་སོང་བའི་ཨེ་ཛིའི་ནད་ཅེས་པ་དེ་ཡིན་པས། དེ་ནི་སྐྱེ་བ་སྔོན་མའི་ལས་དབང་ཁོ་ན་ཞིག་གིས་ག་ལ་ཡིན། ལྷག་པར་དུ་ཨ་ཅེའི་ནད་ངན་འདི་ནི་རོང་འབྲོག་ཕྱོགས་ཀྱི་སྐྱེས་པ་ཕོ་ཡི་སྤྱོད་ངན་དེ་མཐར་གཏུགས་ན་དམག་པ་ལན་པ་རེད་སྙམ་གྱིན་ཡོད། ཁོ་ཚང་གི་དམག་པ་ནི་སྡེ་བའི་སྐྱེས་པ་ཕལ་མོ་ཆེ་དང་འདྲ་བར་རྫོང་མཁར་དུ་ཕྱིན་ནས་གླ་མོ་སྣ་ཚོགས་དང་ཉལ་བོ་བྱས་ཤིང་། ཕྱིར་འོང་སྟེ་གཙང་སྦྲ་ཙམ་ཡང་མི་བྱེད་པར་རང་གི་བཟའ་ཟླར་འདོད་པ་སྤྱད་པ་སོགས་ཀྱིས་ནད་ངན་ཨ་ཛི་འདི་འགོས་སོང་བ་ཡིན་པས། མོ་རང་ཕྱོགས་གཅིག་ནས་ཉེས་མེད་བདེ་ཐང་གི་ཨ་ཅེར་ནད་ངན་འདི་འདྲ་ཞིག་བགོས་པས་ཁོང་ཁྲོ་དྲག་པོ་ལངས་པ་དང་། ཕྱོགས་གཅིག་ནས་རང་གི་ཕ་མ་གཅིག་ལས་ཆད་པའི་སྤུན་འདི་ལོ་ཚོད་དར་མ་དར་ཐོག་ཏུ་ཕ་མ་དང་རང་ཉིད། ནར་སོན་མེད་པའི་བུ་ཕྲུག་གཉིས་སོགས་གློ་བུར་དུ་བསྐྱུར་ནས་འཇིག་རྟེན་ཕྱི་མར་བཞུད་གྲབས་ཡོད་པར་སྙིང་རྗེའམ་བློས་མི་ཐོངས་པའི་བརྩེ་དུང་གིས་དམ་པོར་འཆིང་ཡོད་པས་སེམས་ངལ་དེ་གཞན་གྱིས་རྟོགས་དཀའ་བའི་ཚད་དུ་ཡོད།
གྲོང་ཁྱེར་གྱི་སྨན་ཁང་ཆེན་མོའི་ཁང་མིག་ཤིག་ཏུ་བུ་མོ་སྤུན་གཉིས་སོ་སོར་མིག་ཆུའི་གདོང་བཀྲུ་བཞིན་ཡོད། ཨ་ཅེས་ནི་གཅེས་པའི་ཕ་ཡུལ་དང་ཕ་མ། བུ་ཕྲུག གཉེན་ཉེ་སོགས་བསྐྱུར་ནས་གྲོགས་མེད་ཁེར་རྐྱང་དུ་བཞུད་གྲབས་ཡོད་པའི་མུན་ནག་གི་ཁམས་ཆེན་མོ་ལས་ཕྱིར་མིག་འཕངས་པའི་སྐྱོ་གདུང་གི་མཆི་མ་བཞུར་བ་ཡིན་ལ། ནུ་མོས་ནི་ཕ་མ་གཅིག་ལས་མཆེད་པའི་རང་གི་ཨ་ཅེའི་ནད་ངན་འདི་སྔོན་གྱི་ལས་དབང་ཙམ་ཡེ་མིན་པར། འདི་ནི་བོད་མིའི་ཕོ་མཆོག་མོ་དམན་གྱི་ལྟ་བ་སྐྱུག་བྲོ་བོ་ལས་མཆེད་པའི་ངན་ཤུལ་དེ། རོང་འབྲོག་ཕྱོགས་ཀྱི་བུད་མེད་ཚོ་ནི་མི་ཚེ་གང་བོར་སྐྱེས་པའི་གཡོག་མོ་ལྟ་བུ་བྱེད་དགོས་པའི་སྐྱེད་འབྲས་དེ་ཡིས། སྐྱེས་པ་ཚོར་རང་གི་བཟའ་ཟླ་ཡོད་བཞིན་དུ་བུད་མེད་གཞན་བསྟེནའང་གཏམ་མི་ཁ་ཆེན་པོ་མེད་པ་ལྟ་བུ་དང་། བུད་མེད་ཀྱིས་དེ་འདྲ་བྱས་པ་ཡིན་ན་བཟའ་ཟླས་རྡུང་རྡེག་དང་། སྤྱི་ཚོགས་ཀྱི་མི་ཁ་ངན་པ་འཁོར་བ་སོགས་ལུགས་དང་མི་མཐུན་པའི་སྤྱོད་ངན་མི་རབས་ནས་མི་རབས་སུ་བརྒྱུད་དེ། ད་ལྟའི་དཔལ་ཡོན་དུ་གྲགས་པའི་དུས་རབས་འདིར་ཐོན་པ་ཡིན་ལ། དཔལ་ཡོན་གྱི་དུས་རབས་འདིར་ཡང་ཕ་ཡུལ་གྱི་མི་ཚོར་རྟོགས་པ་སད་དུ་མེད་པར་འཆོལ་ཉོག་གི་ལས་ལས་རང་གི་ཨ་ཅེའི་བདེ་སྐྱིད་ཀྱི་མི་ཚེར་གཏོར་བརླག་ཐེབས་པར་གདུང་ཡུས་ཀྱི་མིག་ཆུ་འབྱིན་པ་ལོས་ཡིན། ཡང་ན་གྲོང་ཁྱེར་ནང་གི་རྒྱ་གྲམ་གྱི་རྟགས་བཏབ་པའི་སྨན་ཁང་ཆེན་མོ་དག་ནི་མི་ཚོས་འཇིག་རྟེན་གྱི་སྐྱོ་ཡུས་ཡོད་ཚད་ཁུར་དེ། ཚེ་བསོག་གི་རྒྱུ་ནོར་ཡོད་ཚད་ཁྱེར་དེ། བདེ་སྐྱིད་ཀྱི་ཕ་ཡུལ་རིང་དུ་བཞག་སྟེ། མིག་ཆུ་ནི་ཁབ་ཆུ་ལྟར་འབྱིན་སའི་གནས་ཤིག་ཏུ་དབང་ཆེན་གང་ཞིག་གིས་བསྐྲུན་པ་ཡིན་ནམ། ཡང་ན་རྒན་དར་གཞོན་གསུམ་མེད་པར། སྐྱ་སེར་ཕོ་མོ་མེད་པར། སྐྲ་སེར་སྐྲ་ནག་གི་དབྱེ་བ་མེད་པར། སྐད་རིགས་འདྲ་མིན་གྱི་ཁྱད་པར་མེད་པར། མི་ཚོས་སོ་སོའི་མི་ཚེ་ལ་བཞི་ཤད་འབྲི་སའི་གཞུང་ལས་ཁང་དེ་ཡིན་ནམ།
༤
སྨན་ཁང་གི་ཕྱི་རོལ་དུ་ཉིན་མཚན་ལ་དབྱེ་བ་མེད་པར་ཆོབ་སྒྲ་དང་སྡིར་སྒྲ་ཞིག་གིས་རྒྱུན་ཆད་རྒྱུ་མི་འདུག་ལ། བདེ་སྐྱིད་ལྷ་མོས་ནད་ཁྲིའི་ཐོག་ནས་སྒེ་ཁུང་གི་ཕྱོགས་སུ་ཇི་ལྟར་བལྟས་ཀྱང་ཁང་བརྩེགས་མཐོན་པོ་གནམ་ལ་ཟུག་པ་ཏག་ཏག་གིས་གདོང་འཁྱག་པོ་ཁོ་ན་སྟོན་པ་ལས། གསོན་ཤུགས་སྟོང་གིས་བརྟས་པའི་རི་བོ་དང་སྔོ་བསངས་མདངས་ཀྱིས་འཁྱུད་པའི་ནམ་མཁའ་མཐོང་མི་ཐུབ། དཀར་གསལ་འོད་ཀྱི་གོང་བུ་ལྟེམ་པའི་ཉི་ཟླ་དང་ལྷོད་ཀྱིས་ཆགས་ཤིང་དལ་གྱིས་རྒྱུ་བའི་སྤྲིན་དཀར་རིག་མི་ཐུབ། གལ་ཏེ་མོ་ལ། ཆུང་དུས་ཨ་ཕས་བཤད་པའི་གླིང་གེ་སར་རྒྱལ་པོ་ལྟ་བུའི་རྫུ་འཕྲུལ་ཞིག་ཡོད་ན། མོས་སྒེ་ཁུང་ཐད་ཀྱི་མིག་ལ་གཟན་པའི་ཁང་བརྩེགས་ཡ་ང་བ་དག་གི་མགོ་ནས་མར་མནན་ཏེ་ཕྱིའི་རི་དང་ལུང་བའི་མཛེས་སྡུག་དང་། ནམ་མཁའ་དང་སྤྲིན་གྱི་རྒྱུ་བ། ཉི་མ་དང་ཟླ་བའི་འོད་ཁྱིམ་ལ་ཐེངས་གཅིག་བལྟ་འདོད། “འོ། དེ་ཡང་ག་ལ་ཉན་ཏེ། ཁང་བརྩེགས་མཐོན་པོ་དག་གི་ནང་དུ་མི་མང་པོས་གནས་བཅས་ཡོད་པས། སྡིག་པ་ཆེན་པོ་བསགས་སོང་བས་ཕྱི་མར་འགྲོ་ས་མེད་པར་བཟོས་པ་མིན་ནམ། གླིང་གེ་སར་རྒྱལ་པོ་ནི་སྔ་དྲོ་གསོད་པའི་ཤན་པ་ཡིན་ལ། ཕྱི་དྲོ་འདྲེན་པའི་བླ་མ་ཡིན་ཕྱིར་ཁོང་ལ་འཇིག་རྟེན་འདིར་སུ་ཞིག་གིས་འགྲན་ནུས”མོས་ཟུག་གཟེར་ལ་བསྲན་གྱིན་དེ་ལྟར་བསམ། མོས་ད་དུང“སེམས་པ་འདི་ཐོན་སར་ལུས་པོ་ཐོན་རྒྱུ་ན་ཅི་མ་རུང་། སེམས་པ་ནི་ནམ་མཁའི་བྱ་དང་བར་སྣང་གི་རླུང་ལས་ཀྱང་མྱུར་བར། ད་ལྟ་ཉིད་དུ་ཕ་ཡུལ་དུ་ཕྱིན་ཆོག་ལ། ཕ་ཡུལ་གྱི་ཡོད་ཚད་ལ་ལྟ་སྐོར་བྱེད་ཆོག ཕ་མ་དང་བུ་ཕྲུག་གི་ཟུར་དུ་ཕྱིན་ཆོག ཡིན་ནའང་ལུས་པོ་ནི་དེ་ལས་ལྡོག་སྟེ་ཕ་བོང་ཆེན་པོ་ཞིག་ས་ལ་ཟུག་པ་ལྟར་ནད་ཁང་དཀར་པོ་དང་ནད་ཁྲི་དཀར་པོ་འདི་ལས་ཕྲལ་མི་བཏུབ་པར་ལྷག་འདུག་པ་མིན་ནམ། ཨ་ཁ། ངའི་སེམས་པ་དང་ལུས་པོ་གཉིས་ནི་མ་གཞི་ནས་སོ་སོ་བ་གཉིས་ཡིན་འདུག ངས་སྐྱེས་ནས་ད་ལྟའི་བར་དུ་ལུས་སེམས་གཉིས་འགྲོས་འགྲོས་གཤིབས་གཤིབས་ཀྱིས་འགྲོ་བ་ལས། དེ་རིང་ལྟར་སོ་སོར་བཀར་ཆོག་པའམ་སོ་སོ་བ་ཞིག་ཡིན་པའི་ཚོར་བ་སྤུ་རྩེ་ཙམ་ཞིག་ཡོད་མ་མྱོང་། ཨ་ཁ་ཁ། ད་ནི་རང་ཉིད་ཤི་ནའང་ལུས་སེམས་གཉིས་ཁ་ཁར་འགྲོ་ཤས་ཆེ་འདུག སྤྱིར་ནད་ཀྱིས་ཟིན་པའི་ད་ལྟའི་ལུས་པོ་ཐབས་ཆག་འདི་དགོས་པ་ཞིག་མི་འདུག་མོད། ངས་ལུས་པོ་བསྐྱུར་ཏེ་སེམས་པ་ཕ་ཡུལ་དུ་ཕྱིན་པ་སུ་ཞིག་གིས་རིག་ཐུབ་སྟེ་མི་ཐུབ་པ་འདྲ། གལ་ཏེ་མ་རིག་མ་མཐོང་ན་དེ་དུས་ངས་རང་གི་བུ་ཕྲུག་གཉིས་ལ་གཉོར་སྐྱོང་ཇི་ལྟར་བྱེད། ཕ་མ་གཉིས་ལ་སྐད་ཆ་ཇི་ལྟར་འཆད། དེ་དུས་རང་ཉིད་གླིང་སྒྲུང་དུ་བཤད་པའི་ཨ་ཁུ་ཁྲོ་ཐུང་གི་རྣ་ལྟག་ཏུ་སྒྲིབ་ཤིང་རླུང་གི་འཁོར་ལོ་བཞག་སྟེ་ཕྱིན་ན་སུ་དང་གང་གིས་མཐོང་མི་ཐུབ་ལ། ཨ་ཁུས་གཞན་གྱི་ཅ་ལག་སྒུལ་ཚེ་ཅ་ལག་ཁོ་ན་འགུལ་བའི་རྣམ་པ་མཐོང་བ་བ་ལས་སྒུལ་མཁན་རིག་ཏུ་མེད་པ་ལྟ་བུ་ཞིག་ཏུ་གྱུར་བ་མ་ཡིན་ནམ། དེ་ལྟར་གྱུར་ན་ངའི་སྙིང་དང་འདྲ་བའི་བུ་ཕྲུག་གཉིས་སྐྲག་ནས་རྒྱལ་མི་འགྲོའམ། ཕ་མ་གཉིས་ལ་རྣམ་རྟོག་ངན་པ་བསླངས་ནས་དམོད་མོ་དྲག་པོ་བྱེད་མི་འགྲོ་འམ། ཐ་ན་ངེད་ཀྱི་ཁྱིམ་རྒྱུད་ལའང་འདྲེ་ངན་དང་ལྟས་ངན་གནས་ཡོད་པར་བསྒྲགས་ཏེ་སྡེ་གྲལ་ནས་ཀྱང་ཕུད་ཉེན་ཆེ་བ་མ་ཡིན་ནམ”བདེ་སྐྱིད་ལྷ་མོ་རྟོག་འགྱུ་མོད་པོའི་ནང་དུ་བྱིང་བའི་སྐབས་དེར། “ཨ་ཅེ།འདི་ཐུངས་དང”ཞེས་ནུ་མོས་ལག་པ་ཡ་གཅིག་གིས་འབྲས་ཀྱི་ཁུ་བ་དྭངས་མོ་བླུགས་པའི་དཀར་ཡོལ་བཟུང་ཞིང་། ལག་པ་ཡ་གཅིག་གིས་ཁེམ་བུ་ཆུང་ཆུང་གང་བཅུས་ཏེ་མོའི་ཁ་ཡི་ཐད་ཀར་ཁྱེར། བདེ་སྐྱིད་ལྷ་མོས་ཁ་དལ་གྱིས་གདང་། ཁ་ཙམ་གདང་རྒྱུ་དེའང་ཤུགས་ཆེན་པོ་འདོན་དགོས་པའི་ཚད་ལ་ཐོན། མོ་རང་ཉིད་རང་གི་སྟེང་ལ་ཡ་མཚར། སྔོན་ཆད་མོ་རི་ལུང་ཐང་གསུམ་ལ་རྫི་བོར་འགྲོ་བར་དཀའ་ངལ་མེད་ཅིང་། ཞོགས་པའི་འབྲི་མོའི་འོ་མ་བཞོ་བ་ནས་ལྕི་བ་འཐེན་པ་དང་། ཁྱིམ་ལས་སྣ་ཚོགས་ལས་པ། བྱིས་པ་སྙོར་བ། འབུད་རྒྱུ་བརྡལ་ལེན། རྩིད་པ་གསེད་ཅིང་འཕྲུས་རྙེད་པ། ཐགས་འཐག་པ། དགུང་མོའི་སྒོ་ཕྱུགས་འདོགས་པའི་བར་གྱི་ལས་ཀ་དང་། དུས་བཞིའི་རུ་བ་སྐྱེས་སྤོར་སོགས་སྒོ་ཕྱི་ནང་མེད་པར། དུས་དབྱར་དགུན་མེད་པར་ལས་ཀ་གང་ཞིག་ལས་ནའང་ཐོགས་པ་མེད་ལ། ཡང་ཟོར་ལྡན་པ་ཞིག་ཡིན་པ་སྨོས་ཅི། འོན་ཏེ་ད་ལྟ་ཁ་ཙམ་གདང་རྒྱུ་ལའང་ཤུགས་འདོན་དགོས་པ་འདི་ཅི་ཞིག་ཡིན་ནམ། མིག་ཙམ་འབྱེད་རྒྱུ་ལའང་དཀའ་སྣང་ཐོན་རྒྱུ་འདི་ག་རེ་བྱུང་ངམ། མགོ་བོ་སྒེའུ་ཁུང་དུ་ཕྱོགས་རྒྱུར་ཡང་དལ་དལ་དགོས་རྒྱུ་ཅི་ཞིག་ལན་ནམ།
གྲོང་ཁྱེར་འདིར་གསེར་མདོག་ཉི་མའི་འཛུམ་མདངས་སྐད་ཅིག་ཙམ་ཡང་མཐོང་རྒྱུ་མེད་པར། ནམ་ཡང་སྐྱོ་བའི་ན་བུན་སྟུག་པོ་ཞིག་གིས་ཡོངས་སུ་བཏུམས་པ་དང་འདྲ་། དེ་བཞིན་དུ་སྨན་ཁང་གི་སྨན་པ་ཚོའི་མགྲིན་པ་ནས་དགོད་སྒྲ་ཞིག་ཐོས་རྒྱུ་མ་བྱུང་ལ། མཆུ་ཐུམ་བརྒྱབ་ནས་མ་མཐོང་བ་མིན་ན། གདོང་ན་འཛུམ་ཙམ་ཡང་ཡོད་པ་མ་མཐོང་། ག་རེ་ཡིན་ནམ། གནས་འདི་ནི་དངོས་གནས་དགོད་སྒྲ་མེད་པའི་འཇིག་རྟེན་གཞན་ཞིག་ཡིན་ནམ། བདེ་སྐྱིད་ལྷ་མོས་ཞིབ་འདང་ཞིག་བརྒྱབ་ན་རང་ཉིད་ལའང་དགོད་སྒྲ་ལྟ་ཅི་འཛུམ་ཙམ་བྱེད་རྒྱུ་མི་འདུག་པས་མི་ཚད། ནུ་མོའི་གདོང་ནས་ཀྱང་དུས་ཡུན་རིང་བོར་འཛུམ་མདངས་ཤིག་མ་མཐོང་། ཕ་ཡུལ་དུ་ཡོད་དུས་ཁྱིམ་མི་དང་ཁྱིམ་མཚེས། ཡང་ན་འགྲུལ་བ་སོགས་སུ་དང་གང་ཞིག་འཕྲད་ནའང་དགོད་སྒྲ་ནི་ལུས་དང་གྲིབ་མ་བཞིན་འབྲལ་རྒྱུ་མེད་པ་ཞིག་ཡིན་ཨང་། ལྷག་པར་བདེ་སྐྱིད་ལྷ་མོ་མོ་རང་ལ་མཚོན་ན། བགད་ནས་རྒྱུ་མ་གཟེར་ཏེ་འདྲེ་ལྡོག་བརྒྱབ་པ་བགྲང་གིས་མི་ལངས་ལ། བཟའ་བཏུང་གི་སྐབས་སུ་དགོད་ཁ་ཤོར་ནས་ཁ་ནང་གི་ཇ་དང་ཟས་ཕྱི་ལ་མཆོད་པའང་བརྩིས་ན་མི་ཚར། མོའི་སེམས་སུ་དགོད་སྒྲ་དང་འཛུམ་སོ་དཀར་ནི་འཇིག་རྟེན་འདིར་མེད་དུ་མི་རུང་བའི་འཚོ་བ་ཁོ་ན་ཡིན་ངེས་སྙམ་ནས། རང་ཉིད་ཐེངས་གཅིག་དགོད་དགོས་འདོད་དེ། དབུགས་ཁོག་ལ་བཟུང་ནས་དགོད་རྩིས་བྱས་མོད། སྔོན་ཆད་ཧ་ཅང་ཧ་ཅང་སླ་བའི་ལས་དེ་ད་ལྟ་ཧ་ཅང་ཧ་ཅང་དཀའ་བར་གྱུར་འདུག་སྟེ། ཕལ་ཆེར་དགོད་མི་ཤེས་པའི་ནོར་ལུག་ལྟ་བུ་ཞིག་ལ་གྱུར་འདུག བདེ་སྐྱིད་ལྷ་མོའི་སེམས་སུ“ད་ལྟ་མོའི་ཁོར་ཡུག་ཏུ་དགོད་སྒྲ་ཤིན་ཏུ་ནས་ཀྱང་དཀོན་ཞིང་། རང་ཉིད་ལའང་དགོད་སྒྲ་ལྟ་ཅི་འཛུམ་ཙམ་ཡང་མེད་པའི་འཇིག་རྟེན་ཞིག་ཏུ་གློ་བུར་བསྐྱལ་སོང་བ་འདི་ཅི་འདྲའི་ཡ་ང་བ་ཞིག་རེད་ཨང་། ཉིན་མཚན་གཉིས་སུ་ཡལ་རྒྱུ་མེད་པའི་ཆོབ་སྒྲ་འུར་སྒྲ་འདི་དག་དགོད་སྒྲ་རུ་གྱུར་ན་ཅི་མ་རུང་། སྨན་པ་ཚོས་གྱོན་པའི་མཆུ་ཐུམ་དཀར་པོ་དག་འཛུམ་དཀར་གྱི་དུང་སོ་མངོན་པ་ཡིན་ན་ཅི་མ་རུང”མོའི་ཡིད་ཀྱི་གཏིང་རུམ་ནས་དེ་ལྟའི་མངོན་འདོད་ཀྱི་རེ་བ་ལྕི་མོ་ཞིག་ཡང་ཡང་འཕྱུར། ཡང་ཡང་ལྷོག་ལྷོག་ཏུ་འཕྱུར། དབྱར་གསུམ་གྱི་ཐབ་ཀའི་འོ་མ་བཞིན་ཏུ་འཕྱུར། དགུན་གསུམ་གྱི་ལྷས་རའི་ས་རྡུལ་བཞིན་དུ་འཕྱུར།
མཚན་མོ་དེར་བདེ་སྐྱིད་ལྷ་མོའི་རྣ་ལམ་དུ་ཕྱི་རོལ་གྱི་ཆོབ་སྒྲ་འུར་སྒྲ་ཐོས་རྒྱུ་མ་བྱུང་ལ། ནམ་རྒྱུན་རང་གི་མིག་མདུན་ན་མངོན་པའི་ཁང་བའི་ནང་ངོས་དཀར་པོ་དང་། ནད་ཁྲི་དཀར་པོ། མལ་ཐུལ་དཀར་པོ་སོགས་ཀྱང་མཐོང་རྒྱུ་མ་བྱུང་། ཐ་ན་གནམ་ནས་དཔྱངས་པའི་རང་ཉིད་འདོགས་བྱེད་ཀྱི་ཆུ་སྦུག་ཕྲ་མོ་དེའང་ལག་སྐེར་ཟུག་ཡོད་པ་མ་མཐོང་། མཚན་མོ་དེར་མོས་མཚན་མོ་དངོས་ཀྱི་ཁ་དོག་མཐོང་སོང་བ་ཡིན་ནམ། གང་ལྟར་ནག་ཐོམ་མེར་གྱུར་ནས་སད་རྒྱུ་མ་བྱུང་།།
རྩོམ་གསར། 10