ལི་ཐང་རྫོང་སྦྲག་སྲིད་གློག་རྡུལ་ཚོང་དོན་གྱིས་འབྱོར་འབྲིང་འཚོ་བ་བསྐྲུན་པར་རོགས་རམ་བྱས།

ཀུན་དགས་བསྒྱུར།        2018-01-15

     ཉེ་ཆར། ཀྲུང་གོའི་སྦྲག་སྲིད་ཚོགས་པའི་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་ལི་ཐང་རྫོང་ཡན་ལག་སྤྱི་གཉེར་ཁང་གི་སྤྱི་ཁྱབ་གཉེར་དཔོན་ལི་ཞའོ་སུང་གིས་ཚོང་རའི་ལས་བཟོའི་སྣེ་ཁྲིད་དེ་བར་ཐག་སྤྱི་ལེ30ཡོད་པའི་མ་སྐྱེས་ཨ་མའི་ཞིང་གྲོང་ལྡུམ་རའི་ནང་ཤིང་ཏོག་ཧོང་ཀྭ་དང་ལྡུམ་སྒོང་ཆུང་ཆུང་ཉོ་སྒྲུབ་བྱེད་བཞིན་མཆིས། ཞིང་པར་གནད་སྨིན་རོགས་སྐྱོར་བྱས་པར་སྐུལ་འདེད་གཏང་ཆེད། ལི་ཐང་རྫོང་སྦྲག་སྲིད་ཁེ་ལས་ཀྱིས་རང་ཉིད་ལ་དྲ་ཚིགས་མང་བ་དང་ཁྱབ་རྒྱ་ཆེ་བ། འགྲིམ་འགྲུལ་སྟབས་ཇེ་བདེར་སོང་བའི་ཆ་རྐྱེན་ལ་བརྟེན་ནས་ས་གནས་དེ་གའི་ནང་འདྲེན་བྱས་པའི་དབུལ་སྐྱོར་ཐོན་ལས་ཁེ་ལས་སོགས་དང་མཉམ་ལས་བྱས་ཤིང་། སྦྲག་སྲིད་སྤྲོ་སྐྱིད་དྲྭ་ཚོང་དང་སྦྲག་སྲིད་སྤྲོ་སྐྱིད་ཚོང་ཁང་ཆུང་བ་སོགས་གློག་རྡུལ་ཚོང་དོན་གྱི་ལས་སྟེགས་སྤེལ་བ་རེད།  2017ལོའི་ཟླ་བ10པའི་ཟླ་དཀྱིལ་དུ་ལི་ཐང་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་དྲྭ་ཐོག་གི་ཚོང་ཁང་གཉིས་སུ་ཚོང་ལས་དངོས་སུ་གཉེར་འགོ་ཚུགས་པ་རེད།

     ཉིན་དེར་འཐུ་བའི་སིལ་ཏོག་ཧོང་ཀྭ་དང་ལྡུམ་སྒོང་གི་ཚོང་ཐོ་འབྱོར་ཡིག་ལ་གཞིགས་ནས་སྒམ་ཐུམ་བརྒྱབ་རྗེས་ཕྱི་ཉིན་སྔ་མོར་སྦྲག་འཁོར་དུ་བཅུག་ནས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ20ཙམ་ལ་འགྲེམ་གཏོང་བྱས་ན་ཉིན་གསུམ་རྗེས་སུ་ཁྲེང་ཏུའུ་སོགས་ས་གནས་སུ་བསྐྱལ་ཐུབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྦྲག་སྲིད་སྤྲོ་སྐྱིད་དྲྭ་ཚོང་དང་སྦྲག་སྲིད་སྤྲོད་སྐྱིད་ཚོང་ཁང་ཆུང་བ་བཙུགས་ནས་ཟླ་བ་གཉིས་ཙམ་གྱི་རིང་ལ་རྒྱལ་ནང་གི་ཕྱོགས་ལ་ལྡུམ་སྒོང་སོགས་སྒམ500ཕྱིར་འཚོང་བྱས་ཡོད་པ་རེད།

2017ལོའི་ཟླ་བ10པའི་ནང་ལི་ཐང་རྫོང་མོ་ལ་བར་མ་ཤང་གི་ཞིང་ཞོར་ཐོན་རྫས་ཆེད་ལས་མཉམ་ལས་ཁང་གི་མུའུ260ཡོད་པའི་མཐོ་སྒང་ཞོག་ཁོག་ལ་ལོ་ལེགས་བྱུང་ཡོད། ཞོག་ཁོག་རྒྱ་མ480དེ་ཐབས་ལམ་འདྲ་མིན་ལ་བརྟེན་ནས་ཧ་ལམ་བཙོང་ཚར་བ་རེད། ཟླ་བ11པར་སླེབས་དུས་མོ་ལ་བར་མའི་གནས་གསར་གྲོང་སྡེས་རང་འགུལ་ངང་སྦྲག་སྲིད་སྤྲོ་སྐྱིད་དྲྭ་ཚོང་དང་སྦྲག་སྲིད་སྤྲོ་སྐྱིད་ཚོང་ཁང་ཆུང་བ་དང་འབྲེལ་མཐུད་བྱས་ནས་གཟའ་འཁོར་གཅིག་ལས་མ་འགོར་བར་ཞོག་ཁོག་རྒྱ་མ1000དང་སྒམ200 ཕྱིར་འཚོང་བྱས་པ་རེད། གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་ངག་དབང་ཕུན་ཚོགས་ཀྱིས་དྲྭ་ཐོག་ཚོང་དོན་ལས་སྟེགས་ནས་ང་ཚོའི་ཞོག་ཁོག་ལྷག་མ་ཚང་མ་འཚོང་ཐུབ་ཡོད། དེ་ལྟར་མ་བྱས་ན་ཚང་མ་མཛོད་ཁང་དུ་ལུས་ནས་རུལ་འགྲོ་ནའང་ཐང་། སང་ལོར་ང་ཚོས་འདེབས་འཛུགས་ཀྱི་གཞི་ཁྱོན་རྒྱ་ཆེ་རུ་བཏང་ནས་ཐོན་འཕར་ཡོང་བར་ཧུར་བརྩོན་བྱ་རྒྱུ་ཡིན་ཞེས་བཤད། མིག་སྔར། ལི་ཐང་རྫོང་ཕུང་ཧྥེ་ཟས་རིགས་ཐོན་སྐྱེད་སྤྱི་གཉེར་ཁང་གིས་བཟོས་པའི་ཚགས་ཤ་དང་རླུང་སྐམ་ཚགས་ཤ་ཡང་དྲྭ་ཐོག་ནས་འཚོང་འགོ་ཚུགས་ཡོད་ཅིང་། མིག་སྔར་སྒམ20བཙོང་ཡོད་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་གིས་རྒྱལ་ཁབ་དྲྭ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང་བསྐྲུན་པའི་གོ་སྐབས་ལ་དམིགས་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་དང་རང་བྱུང་ཐོན་ཁུངས་ཀྱི་ཁྱད་ཆོས་ལ་བརྟེན་ནས་གཉེར་སྐྱོང་སྤྱི་གཉེར་ཁང་གི་ཐོག་ལ་སྣེ་འདྲེན་ཁེ་ལས་དང་རྟེན་གཞི། ཞིང་དུད་བཅས་མཉམ་ལས་ཅན་གྱི་གློག་རྡུལ་ཚོང་དོན་གྱི་བྱེད་ཐབས་ཤིག་སྤྱད་པ་རེད། ནུས་ལྡན་གྱིས་ལི་ཐང་རྫོང་གི་ཞིང་གྲོང་གློག་རྡུལ་ཚོང་དོན་ཐོག་མ་སྤེལ་དཀའ་བ་དང་མཐའ་མ་སླེབས་དཀའ་བའི་འགག་ལམ་བཤངས་ནས་ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་འཁོར་རྒྱུག་བྱེད་ལམ་བསྐྲུན་པ་རེད། ལི་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཀྲེང་ཞན་ཧྥེང་གིས་རྗེས་མར་ལི་ཐང་རྫོང་གིས་ལྷོ་བྱང་ཞིང་ལས་ཐོན་ལས་ཁུལ་དང་བྱང་ཤར་དེང་རབས་ཀྱི་རྩྭ་ཐང་འབྲོག་ལས་གོང་འཕེལ་དཔེ་སྟོན་ཁུལ་སྦྲེལ་མཐུད་བྱས་ནས་ཁམས་ལྷོ་རྒྱུད་དང་ཁམས་བྱང་རྒྱུད་ས་ཁུལ་དུ་མཉམ་འགུལ་གྱིས་སྤུས་རྟགས་ཚོང་རྫས་བཟོ་རྒྱུ་ཡིན། ཟོང་འདྲེན་ལས་རིགས་དང་དེང་རབས་ཞིང་ལས། གློག་རྡུལ་ཚོང་དོན་སོགས་ཀྱི་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏང་རྒྱུ་ཡིན་ཞེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་མང་ཚོགས་ལས་ཀ་རྒྱུན་རྣམ་ཅན་དུ་སྤེལ།
  • ལེ་ཚན་རྗེས་མ།:སྡེ་དགེ་རྫོང་བཟའ་བཅའ་སྨན་རྫས་བཟོ་ཚོང་ལྟ་སྐུལ་སྤུས་ཚད་དོ་དམ་ཅུས་ཀྱིས་ལོ་གསར་པའི་འཛད་སྤྱོད་ཉེན་མེད་ཡོང་བར་འགན་སྲུང་བྱས།
  • དོ་སྣང་ཆེ་བའི་རྩོམ།