བོད་ཀྱི་མནའ་འབྲེལ་འཇོག་སྲོལ།

        2017-12-28

     སྤྱིར་མནའ་ལ་སྣ་རིམ་མང་སྟེ་ཆེ་ས་ནས་བརྗོད་ན། རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་བར་དང་། མི་རིགས་དང་མི་རིགས་ཀྱི་བར། སྡེ་བ་དང་འཚོ་བའི་བར། ཆུང་ས་ནས་བཤད་ན་ཁྱིམ་དང་ཁྱིམ་ཚང་གི་བར། མི་དང་མི་ཡི་བར་སོགས་ཀྱིས་དམིགས་ཡུལ་གང་རུང་བ་ཞིག་ལ་དམིགས་ནས་དོན་དེ་ཉིད་ལས་མི་འདའ་བར་ཡིད་དང་རྗོད་བྱེད་ཀྱི་སྒྲ་ཚིག་གང་རུང་གི་སྒོ་ནས་དམ་བཅའི་ཚིག་བཞག་པ་ཞིག་ཡིན།

     ༡ སྤྱི་བཅད་ཀྱི་མནའ།

     དེ་བཞིན་བོད་རིགས་དམངས་ཁྲོད་ཀྱི་མནའ་འབྲེལ་འཇོག་སྲོལ་ལའང་དབྱེ་བ་མང་སྟེ། མི་སྡེ་དང་མི་སྡེ་བར་གྱི་མནའ་འཇོག་སྲོལ་ནི་ཀོ་དམར་ཁྲག་བརྫིས་ཀྱི་མནའ་འཇོག་ལུགས་ཡིན་ཞིང་། དེའི་སྤྱོད་ཚུལ་ནི་ཡུལ་སྡེའམ་ཤོག་ཀ་ཕན་ཚུན་གྱི་རྒན་པོ་རྣམས་ལྷ་ཁང་དང་སྔགས་ཁང་སོགས་སུ་ལྷན་དུ་འདུས་ཤིང་། གཡག་ཀོ་རློན་པ་ཁྲག་དམར་དང་བཅས་བ་ཞིག་གི་སྟེང་དུ་རྒན་པོ་ཅི་ཙམ་ཡོད་པ་དེ་ཐམས་ཅད་ཀྱིས་རྐང་པ་རྗེན་པར་མཉམ་དུ་བརྫིས་ཞིང་། ལག་པ་གཉིས་པོ་ཀོ་སྟེང་གི་ཁྲག་དང་སྦྱར་རྗེས་རྒན་པོ་ཚོའི་ཁྲག་གི་བརྫིས་པའི་ལག་པ་དེ་རྒན་པོ་ཕན་ཚུན་གྱི་ལག་པ་དང་སྦྱར་ནས་སྐབས་ཀྱི་བརྗོད་དོན་གང་ཡིན་པ་མནའ་བཞག་རྗེས་ཇི་སྲིད་སྐལ་བའི་བར་དུ་མི་འགལ་ཞེས་རྒན་པོ་རེ་རེའི་ཁ་ནས་རང་གི་ཡུལ་ལྷ་དང་གཞི་བདག དེ་མིན་ད་དུང་བཀའ་བསྟན་རྣམས་དཔང་དུ་བཙུགས་ནས་མནའ་ཚིག་བོར་བ་ཡིན་ཞིང་། དེ་ལ་སྤྱི་བཅད་ཀྱི་མནའ་ཟེར།

     ༢ སྒེར་བཅད་ཀྱི་མནའ།

     མི་དང་མིའི་བར་ནས་ཕན་ཚུན་གྱི་བློ་སྒོའི་གྲོས་ཁ་གཅིག་ལ་ཕྱོགས་ནས་འདུན་པ་རྩེ་གཅིག་ཏུ་འོང་ན་ཕན་ཚུན་བར་ལ་མནའ་བཞག་ནས་མནའ་ཡ་སྒྲིག་པ་ཡིན། མནའ་ཚིག་འཇོག་སྟངས་ལ་ཕལ་ཆེར་གཅིག་མཚུངས་ཡིན་མོད། ཡང་ལ་ལས་མནའ་ཡ་ལ་བློ་དཀར་བའི་དཔང་དུ་རང་གི་གོང་མཛུབ་ལ་གྲི་ཡིས་བསྣམས་ནས་མནའ་རྟེན་གྱི་བསང་ཕུད་སྐབས་རང་གི་ཁྲག་མཆོད་པ་དང་། མནའ་ཡ་ཕན་ཚུན་གྱིས་ཁྲག་ཁ་ལ་རེག་པའི་སྲོལ་ཡང་ཡོད། མནའ་འདི་ལ་སྒེར་བཅད་ཀྱི་མནའ་ཟེར། བཤད་རྒྱུན་ལའང་ཕན་ཚུན་བར་ལ་མནའ་བཞག་རྗེས་མི་སུ་དང་གང་གིས་ཀྱང་འགལ་བར་མི་བྱ། གལ་ཏེ་མི་ཞིག་གིས་འགལ་བར་བྱས་ན། འགལ་བ་བྱེད་མཁན་གྱི་མི་དེ་ལ་ཀུན་གྱིས་མི་ངན་ཐ་ཆད་དུ་བརྩི་བར་མ་ཟད། ཡུལ་ལྷ་གཞི་བདག་གིས་ཀྱང་མི་དེར་བཀྲ་མི་ཤེས་པའི་བཀའ་ཆད་གཏོང་ངེས་ཡིན་ཞེས་བཤད་སྲོལ་ཡོད། རང་གི་མནའ་བཅད་དང་ཤག་པོ་ཞིག་ཡིན་ན་དེ་ལ་མ་ཁོག་གཅིག་ལས་ཆད་པའི་སྤུན་ལྟར་བཀུར་སྐྱོང་བྱས་ཏེ། སྡུག་གི་ཁུར་བོ་མཉམ་འཁུར་དང་། སྐྱིད་ཀྱི་འཚོ་བ་མཉམ་རོལ་ཞེས་པའི་དཔེ་ལྟར་བརྩི་དགོས་པ་ཡིན་ནོ། །

     སྤྱིར་བོད་ཀྱི་མནའ་རྟེན་དང་མནའ་དཔང་ལ་རང་གི་ཡུལ་ལྷ་དང་གཞི་བདག་སོགས་གཙོ་བོར་འཇོག་མོད། ཡང་ས་ཆ་ལ་ལ་ན་མནའ་རྟེན་ལ་དེ་ལས་གཞན་རང་གི་ཕ་མ་དང་རང་ལ་བུ་ཁེར་སྐྱེས་ཡོད་ན་དེ་དག་འཇོག་སྲོལ་ཡང་ཡོད། སྤྱི་ཚོགས་རྙིང་བའི་ཁྲོད་ཀྱི་མངའ་བདག་དང་མངའ་བདག་གི་བར་ལ་མནའ་འཇོག་སྐབས་མནའ་དཔང་ལ་རང་གི་ཆོས་སྐྱོང་སྲུང་མ་དང་། ཡུལ་ལྷ་གཞི་བདག་སོགས་བཙུགས་ནས་མནའ་རྟེན་ལ་མངའ་ཁོངས་དང་ཆབ་འབངས་འཇོག་པའི་སྲོལ་ཡོད། ལག་ཏེ་མངའ་བདག་ཅིག་མནའ་ཚིག་དང་འགལ་ན་རང་གི་མངའ་ཁོངས་དང་ཆབ་འབངས་སོགས་མནའ་བདག་གཞན་ལ་དབང་བ་ཡིན།

     ཁ་དཔེ་ལ། རྟ་ཤོར་ན་འཛིན་ཐབས་ཡོད། ཚིག་ཤོར་ན་འཛིན་ཐབས་མེད། ཅེས་པ་དང་། མིས་མི་བཟའ་མནའ་དང་། ཁྱིས་མི་བཟའ་ལྕགས་ཞེས་པ་ལྟར་། བོད་མི་རིགས་འདི་མནའ་སྔ་མོ་ནས་ཁ་དན་ཚིག་ལ་གནས་ཐུབ་པའི་གཞུང་དྲང་གཤིས་བཟང་གི་མི་རིགས་ཤིག་ཡིན་པ་ཀུན་ལ་གྲགས་ཡོད་ཅིང་། ལྷག་པར་དུ་མནས་བསྒགས་པའི་བགྱི་བ་ཞིག་ཡིན་ཚེ་ཡུལ་དུས་ཀྱི་རྐྱེན་ག་འདྲ་ཞིག་ལ་འཕྲད་ཀྱང་ཕྱིར་ལྡོག་པ་དང་འགལ་བའི་དཔེ་ནི་ཡོད་མ་ཡིན། ཁ་རྒྱུན་ལ་རྒྱ་ཡིག་ཐོག་དང་། བོད་ཚིག་ཐོག་ཅེས་ཟེར་བ་ཡིན་པས་མནའ་བརྩི་བ་དང་མནའ་སྲུང་བའི་སྲོལ་འདིའང་གནའ་ནས་རང་རིགས་ཀྱི་རྒྱུད་དུ་གྲུབ་པའི་ཡ་རབས་ཀྱི་སྤྱོད་ལམ་ཞིག་ཏུ་སྲོལ་ཆགས་པ་ཡིན་ནོ། །


  • ལེ་ཚན་སྔོན་མ།:སྦལ་པས་ཆུ་བྱ་བསད་པ།
  • ལེ་ཚན་རྗེས་མ།:བག་བཤད་བསྡུས་པ་དགེ་ལེགས་ཀུན་འབྱུང་བཞུགས།