ཟླ་བ་སྒྲོལ་མ་དང་རྐང་འཁོར།

བུ་ཚེ་རིང་རྒན་པ།        2017-12-25

     ཟླ་བ་སྒྲོལ་མ་ཞིང་འབྲོག་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན། ལོ་བཞིའི་སློབ་ཆེན་གྱི་དུས་ཚོད་ནང་ཁོ་མོས་ཕྱུགས་རིགས་སྨན་པའི་ལག་རྩལ་སྦྱངས་པས། སློབ་གྲྭ་ཐོན་རྗེས་གྲོང་བརྡལ་ཕྱུགས་རིགས་སྨན་ཁང་དུ་ལས་བགོས་བྱས། གྲོང་རྡལ་དེའི་ཁོངས་སུ་གྲོང་ཚོ་བདུན་ཙམ་ཡོད་པ་དང་མི་འབོར་ཆེ་བས་གྲོང་རྡལ་ཕྱུགས་རིགས་སྨན་ཁང་དུ་སྨན་པ་གསུམ་ཡོད་མོད། ད་བར་དངོས་གཞིའི་སློབ་གྲྭ་ཆེན་མོ་ཐོན་པའི་སྨན་པ་ཞིག་བྱུང་མ་མྱོང་། ཟླ་བ་སྒྲོལ་མ་ཕྱོགས་ཡོངས་ཀྱི་ལག་རྩལ་བྱང་ཆུབ་པའི་ཐོག་ལས་ཀའི་འགན་འཁྲི་འཁུར་སེམས་ཆེ་བ་དང་། སེམས་པ་ཆུང་བས་དུད་ཚང་སུ་ཞིག་གི་སྒོ་ཕྱུགས་ལ་ནད་གཞི་ཕོག་ཚེ་ཚང་མས་ཟླ་བ་སྒྲོལ་མ་གདན་འདྲེན་ཞུ་བར་ཡོང་གི་ཡོད། ད་དུང་ཟླ་བ་སྒྲོལ་མར་ཁྱད་ཆོས་གཞན་ཞིག་ཡོད་པ་ནི། སེམས་ལ་གང་བསམ་ཡང་ཚང་མ་ཐད་ཀར་བཤད་ཕོད་མཁན་ཞིག་ཡིན།

     ཟླ་བ་སྒྲོལ་མ་ཆུང་དུས་སུ་ནད་གཞི་ཞིག་གིས་རྐྱེན་པས་རྐང་པ་དེ་ཙམ་མི་ཐང་བས། འགྲོ་སྐྱོད་མང་དྲགས་པ་དང་ལྷག་པར་དུ་ཐག་རིང་ལ་ཡར་འགྲོ་མར་ཡོང་བྱེད་དུས་རྐང་པར་ན་ཟུག་ཆེ་བས་ལས་ཐེངས་མང་པོ་ཆག་འགྲོ་བ་མ་ཟད། སྐབས་རེ་དཔྲལ་བ་ལས་རྔུལ་ཆུ་བཞུར་བ་དང་། སྐབས་རེ་ངལ་གསོ་ཡང་ཡང་མ་བྱེད་ཀ་མེད་ཡོང་གི་ཡོད། ཚུལ་དེ་མཐོང་དུས་གྲོང་མི་མང་པོས་རང་རང་གི་སྒོ་ཕྱུགས་ལ་ནད་གཞི་ཕོག་སྟེ་སྨན་པ་ཟླ་བ་སྒྲོལ་མ་གདན་འདྲེན་ཞུ་བར་ཡོང་དུས། སྒ་རིལ་བཏང་སྟེ་ཕེབས་བསུར་ཡོང་གི་ཡོད་པ་དེས་ཟླ་བ་སྒྲོལ་མར་དོགས་མི་བདེ་བའི་སྣང་བ་ཞིག་སྦྱིན་པར་བྱེད།

     གྲོང་རྡལ་དེ་ཁོངས་སུ་དུད་ཚང་དང་སྒོ་ཕྱུགས་མང་བའི་སྟབས་ཀྱིས། ཧ་ལམ་ཉིན་ལྟར་རེ་བཞིན་ཁྱིམ་ཚང་མང་པོ་ཞིག་གི་སྒོ་ཕྱུགས་ལ་སྨན་བཅོས་བྱེད་པར་འགྲོ་དགོས་པས། གཅིག་ནས་འགྲོ་བསྐྱོད་ཐད་སྟབས་བདེ་དང་། གཉིས་ནས་ལས་ཆོད་ཆེ་རུ་གཏོང་རྒྱུ། གསུམ་ནས་དུད་ཚང་ཁག་གིས་སྒ་རིལ་བཏང་ཏེ་བསུ་སྐྱེལ་བྱེད་དུས་འཚེར་སྣང་མི་དགོས་པའི་ཆེད། ཟླ་བ་སྒྲོལ་མས་ཟླ་བ་གཉིས་གསུམ་གི་གླ་ཆར་གྲོན་ཆུང་བྱས་ཏེ་རྐང་འཁོར་ཡག་པོ་ཞིག་ཉོས། དུས་དེ་ནས་བཟུང་ཟླ་བ་སྒྲོལ་མས་རྒྱབ་ཏུ་སྨན་ཁུག་འཁུར་ཞིང་རྐང་འཁོར་ལ་བཞོན་ཏེ་གྲོང་རྡལ་དེའི་སྲང་ལམ་དང་། དུད་ཚང་སོ་སོའི་སྒོ་འགྲམ་དུ་ཕར་འགྲོ་ཚུར་ཡོང་བྱེད་པའི་རྣམ་པ་ཞིག་རྟག་ཏུ་མཐོང་རྒྱུ་ཡོད། དེ་ལྟའི་ངང་ལ་ཟླ་བ་འགའ་རིམ་གྱིས་འདས་སོང་། ཟླ་བ་སྒྲོལ་མའི་སྨན་བཅོས་ཀྱི་ལག་རྩལ་དང་ཞབས་ཞུའི་རྣམ་འགྱུར་ཐད་བསྔགས་བརྗོད་མི་བྱེད་མཁན་གཅིག་ཀྱང་མེད།

     དེ་ཉིན་རེ་གཟའ་ཉི་མ་ཡིན་པས་ཉིན་གུང་གི་མཚམས་སུ་ཟླ་བ་སྒྲོལ་མས་ལྕགས་རྟར་བཞོན་ནས་ཁྲོམ་སྲང་དུ་གྱོན་གོས་ཉོ་བར་སོང་། གྱོན་གོས་ཚོང་ཁང་དེའི་ནང་ཚོང་པ་དང་སྐུ་མགྲོན་ཞིག་ཉོ་འཚོང་གི་དོན་དུ་ཁ་རྩོད་རྒྱག་པས་མི་མང་པོ་ལྟ་རུབ་ལ་འབུངས། མི་མང་པོའི་བཤོལ་འདེབས་འོག་འཁྲུག་རྩོད་རིམ་གྱིས་ཐག་ཆོད། ཟླ་བ་སྒྲོལ་མས་སྟོད་གོས་ཤིག་ཉོས་ཏེ་ཚོང་ཁང་གི་ཕྱིར་ཐོན་ནས་རྐང་འཁོར་ཞོན་རྩིས་བྱེད་དུས། བསམ་ཡུལ་ལས་འདས་པ་ཤིག་ལ་ད་གིན་བཞག་ས་དེར་རྐང་འཁོར་གྱི་ཤུལ་ཙམ་ཡང་མི་འདུག མི་གཞན་གྱིས་གནས་གཞན་ལ་བསྐྱལ་བ་མིན་ནམ་བསམ་སྟེ་གཡས་གཡོན་གང་སར་བཙལ་ཡང་གཏན་ནས་མ་བརྙེད། ད་གཟོད་རྐང་འཁོར་མི་གཞན་གྱིས་བརྐུས་སོང་བ་ཤེས་ཏེ་སེམས་མི་དགའ་བཞིན་རྐང་ཐང་མར་རང་ཁྱིམ་ལ་ལོག

     དེ་ཉིན་ནས་བཟུང་ཟླ་བ་སྒྲོལ་མ་སླར་ཡང་དེ་ཙམ་མི་ཐང་བའི་རྐང་པ་གཉིས་ལ་བརྟེན་ཏེ་སྲང་ལམ་ཁག་དང་དུད་ཚང་ཁག་གི་སྒོ་ཕྱུགས་ལ་སྨན་བཅོས་བྱེད་པར་འགྲོ་དགོས་བྱུང་། ཟླ་ཤས་རིང་རྐང་འཁོར་ལ་བཞོན་ཏེ་ཡར་འགྲོ་མར་ཡོང་བྱས་རྗེས། དེ་ནི་གོམས་གཤིས་ལྟ་བུར་གྱུར་ཏེ་ད་ལྟ་གློ་བུར་དུ་རང་གི་རྐང་པར་བརྟེན་དགོས་དུས་ཤིན་ཏུ་ནས་མི་གོམས་པའི་སྣང་བ་ཞིག་ཡོང་གི་ཡོད་མོད། རྐང་འཁོར་ལམ་སང་ཉོ་ཐབས་མེད་པས་སྐབས་ཤིག་རིང་དེ་ལྟར་མ་བྱེད་ཀ་མེད་རེད།

     དེ་ཉིན་གྲོང་ཚོ་དང་པོའི་ཨ་ཅོ་བསྟན་འཛིན་ཕྱུགས་རིགས་སྨན་ཁང་དུ་ཟླ་བ་སྒྲོལ་མའི་སར་ཡོང་སྟེ། ཨེམ་ཆི་ལགས། ང་ཚོའི་ཁྱིམ་ལ་བ་མོ་གསུམ་ཡོད་པ་ལས་བཞོན་ཡག་ཤོས་ཀྱི་བ་མོ་དེའི་ཨོག་མ་སྐྲངས་ཏེ་རྩྭ་ཡང་ཡག་པོ་ཞིག་ཟ་ཐུབ་ཀྱི་མི་འདུག་པས་སྨན་བཅོས་གནང་བར་ཕེབས་རོགས་ཞེས་ཟེར།

     བསྟན་འཛིན་དང་ཟླ་བ་སྒྲོལ་མའི་དབར་དེ་ཙམ་འདྲིས་པོ་མེད་ཀྱང་ཕན་ཚུན་མཐོང་ཐོས་མང་བའི་ངོ་ཤེས་རེད་ཅེས་བཤད་ཆོག ཟླ་བ་སྒྲོལ་མས་ཏོག་ཙམ་སྒུག་རོགས་ཟེར་ནས་སྨན་གོས་གྱོན་པ་དང་། རྒྱབ་ཏུ་སྨན་ཁུག་འཁུར་རྗེས་སྨན་ཁང་ལས་ཐོན་ཏེ་བསྟན་འཛིན་གྱི་ཁྱིམ་དུ་སོང་། བསྟན་འཛིན་གྱིས་ཟླ་བ་སྒྲོལ་མ་རྐང་ཐང་ཡིན་པ་མཐོང་རྗེས་ཨེམ་ཆི་ལགས། ཁྱེད་རང་ཞབས་ཐང་ལ་ཡིན་ནམ། ཁྱེད་རང་ཞབས་ཐང་ལ་ཡིན་པ་ངས་སྔ་ས་ནས་ཤེས་ཚེ་བདག་གིས་རྟ་སྒ་རིལ་བཏང་སྟེ་ཡོང་ན་ཏག་ཏག་རེད། ངའི་བསམ་པར་ཁྱེད་རང་ལ་ཆིབས་འགྲོ་ཡོད་པ་རེད་བསམ་བྱུང་། ད་གང་དྲག་ཨེམ་ཆི་ལགས་ལ་དཀའ་ཁག་བཟོས་སོང་ཞེས་ཟེར།

     རྐང་པ་འདི་ལ་བལྟས་ཏེ་དེ་སྔ་རྐང་འཁོར་ཞིག་ཉོས་པ་ཡིན། རྐང་འཁོར་དེ་སྟབས་བདེ་ཞིག་འདུག་ཀྱང་ཟླ་ཤས་ལས་མ་སོང་བར་སྡུག་ཤི་རྒྱག་རྒྱུ་སུ་ཞིག་གིས་བརྐུས་པ་ཡིན་ནམ་ངའི་རྐང་འཁོར་དེ་རྐུ་ལ་ཤོར་སོང་ཟེར།

     ཟླ་བ་སྒྲོལ་མ་རྐང་པ་དེང་བའི་ཐོག་ལྟ་བའི་ཚེ་ན་རྒྱབ་ཀྱི་སྨན་ཁུག་དེ་ལྗིད་ཆེ་བས། བསྟན་འཛིན་གྱིས་ཡ་རབས་གུས་ཞབས་དང་བཅས་"ཨེམ་ཆི་ལགས། འོ་ན་སྨན་ཁུག་བདག་ལ་གནང་དང་བདག་གིས་འཁྱེར་ཆོག"ཟེར་ནས་སྨན་ཁུག་ཁོ་རང་གི་རྒྱབ་ཏུ་ཁུར་ཏེ་སོང་།

     ཁོ་ཚང་གི་སྒོ་རའི་ནང་དུ་སླེབས་རྗེས། བསྟན་འཛིན་གྱིས་ཨེམ་ཆི་ལགས། སྔོན་ལ་ཡར་ཁྱིམ་ནང་གསོལ་ཇ་བཞེས་པར་ཕེབས་དང་ཟེར་ནས་གདན་འདྲེན་ཞུས།

     མན། མན། སྔོན་ལ་བ་ཕྱུགས་དེ་གཅིག་བསྟན་དང་། ངས་བརྟག་དཔྱད་ཅིག་བྱེད་ཆོག་ཟེར་ནས་ཁྱིམ་ལ་མ་ཕྱིན།

     བསྟན་འཛིན་གྱི་ཁྱིམ་གྱི་ཕྱོགས་སུ་ཁ་གཏད་དེ་"ནང་གི་ཨ་མ། གསོལ་ཇ་ཡག་པོ་ཞིག་བཟོ་རོགས། ཨེམ་ཆི་ལགས་ནས་བ་མོར་སྨན་བཅོས་ཚར་རྗེས་ཕེབས་ཀྱི་རེད་ཅེས་ཟེར་བས། ཁང་པའི་ནང་ནས་ཁོའི་བཟའ་ཟླས་ཡཱ། ཡཱ། ངས་ལམ་སང་བཟོ་ཆོག་ཅེས་ཟེར།

     ཨེམ་ཆི་ལགས། འོ་ན་འདི་ནས་ཡར་ཕེབས་རོགས། བ་ཕྱུགས་དེ་ད་ལྟ་བ་ཚང་ནང་དུ་ཡོད་ཟེར་ནས་ཁོ་ཚང་གི་བ་ཚང་གི་ཕྱོགས་སུ་ཁྲིད། བ་ཚང་གི་སྒོ་ནས་ཡར་འཛུལ་དུས་བ་ཕྱུགས་དེའི་འཁྲིས་སུ་འཇོབ་རྩྭ་ཞིག་བཞག་འདུག་ཀྱང་ཉོག་ཙམ་ལས་བཟས་མིན་འདུག ཟླ་བ་སྒྲོལ་མས་ཨ་ཅོ་བ་མོ་འདིས་རྡུང་གི་མ་རེད་དམ་ཞེས་ཟེར་བཞིན་བ་ཕྱུགས་ཀྱི་འཁྲིས་སུ་སོང་།

     ལགས།  བ་མོ་འདིས་མི་ལ་རྡུང་གི་མེད།  ཨེམ་ཆི་ལགས་ཐུགས་ཁྲལ་མི་དགོས་ཟེར་བཞིན་བ་མོའི་སྐེ་ཐག་ནས་བཟུང་།

     ཟླ་བ་སྒྲོལ་མས་བ་མོའི་ཨོག་མའི་འོག་གི་སྐྲངས་འབུར་དེར་ལག་པས་མནན་ཙམ་མནན་ཙམ་དང་འཕུར་ཙམ་འཕུར་ཙམ་བྱས་རྗེས་ཨོག་མར་གཉེན་ཁ་བྱས་འདུག བ་མོར་རྡོ་ཕོག་པའམ་ཡང་ན་རྩྭའི་ནང་གྲ་མང་པོ་ཡོད་པས་བ་ལ་གྲ་བརྒྱབ་པ་རེད། ད་ལྟ་གཤག་བསམ་ཡང་སྣག་ཡག་པོ་ཁུག་མི་འདུག སྔོན་ལ་ངས་སྨན་ཐུན་འགའ་སྤྲད་ཆོག སྨན་སྦྱིན་ཏེ་ནད་དྲགས་འགྲོ་མན་ལ་ལྟོས། དེ་ནས་དྲགས་མ་སོང་ན་ཉིན་ཤས་རྗེས་གཤགས་དགོས་ཀྱི་རེད། གནས་སྐབས་རྩྭ་གྱོང་པོ་དང་གྲ་མང་བའི་རྩྭ་མ་སྦྱིན། ཡག་ཤོས་བྱུང་ན་གཟན་ཆག་འཇམ་པ་འདྲ་སྦྱིན་དགོས་"ཟེར་བཞིན་ཉིན་ཤས་རིང་གི་སྨན་སྤྲད།

     བསྟན་འཛིན་གྱིས་སྔར་བཞིན་སེམས་ཆུང་དང་གུས་ཞབས་ཆེན་པོའི་ཚུལ་དུ་ལགས་སོ། ཨེམ་ཆི་ལགས་བཀའ་དྲིན་ཆེ་ཞེས་ཟེར་བཞིན་སྨན་བླངས།

     དེ་ནས་བ་ཚང་ནང་ནས་ཕྱིར་དོན་འགྲོ་བའི་སྐབས། ཟླ་བ་སྒྲོལ་མས་བ་ཚང་སྒོ་རྒྱབ་ཀྱི་གསལ་ཆ་ཅུང་ཞན་པའི་གནས་དེར་མོ་རང་གི་རྐང་འཁོར་དེ་འདྲ་བ་ཞིག་ཡོད་པ་མཐོང་བས། སེམས་ནང་དེ་འདྲ་ཡིན་སྲིད་དམ་སྙམ་བཞིན་དེའི་འཁྲིས་སུ་སོང་ནས་ནན་གྱིས་བལྟས་པས་མོ་རང་གི་རྐང་འཁོར་དེ་རང་ཡིན་བཟོ་འདུག ད་དུང་དོགས་སྣང་མ་ཆོད་པར་རྐང་འཁོར་དེ་སྒོ་ཕྱིའི་གསལ་ཆ་ཡག་ས་དེར་དེད་དེ་ཡག་པོ་ཞིག་བལྟས་པས། དེ་སྔ་མོས་རྐང་འཁོར་གྱི་མདུན་དུ་སྦྱར་བའི་རས་གྱིས་ཕྱེ་མ་ལེབ་དེའང་རང་འཇགས་སུ་འདུག་པས་ཝ་ཡེ། ཨ་ཅོ། ངའི་རྐང་འཁོར་དེ་ཁྱེད་རང་གི་བ་ཚང་ནང་གང་འདྲ་བྱས་ཏེ་སླེབས་པ་རས་ཞེས་དྲིས།

     བསྟན་འཛིན་གྱི་ངོ་གདོང་དེ་མར་དམར་རྐྱང་དུ་འགྱུར་ཏེ་"ཨེན། ་་་་་་ ཨེན། ་་་་་་་ ཁ་སྔོན་མི་ཞིག་གི་ས་ནས་ཉོས་པ་ཡིན་ཟེར།

     མི་སུའི་ས་ནས་ཉོས་པ་ཡིན། མི་དེ་སུ་ཡིན་མིན་ང་ལ་གཅིག་ཤོད་དང་། ཡང་མིན་ན་ཁྱེད་ཀྱིས་ང་མི་དེའི་སར་་ཁྲིད་རོགས།

     ཨོ། ་་་་་་ ཨོ། ་་་་་་ ངས་ཉོས་པ་མ་རེད། ངའི་བུས་ཉོས་པ་རེད། བུ་དེ་རིང་ཁྱིམ་ནང་བསྡད་མེད། མི་དེ་སུ་ཡིན་མིན་ངས་གསལ་པོ་ཞིག་ཤེས་མ་བྱུང་ཞེས་ཟེར།

     ད་ཉོས་ཡས་གང་ཡོང་། ཁྱེད་རང་གིས་མ་བཤད་ཀྱང་ཤེས་གསལ་མ་རེད་དམ། མི་གཞན་གྱིས་ཨ་ཅོ་རང་གི་ལག་པ་དེ་བདེ་པོ་ཞིག་ཡོད་པ་རེད་ཟེར་མྱོང་ཡང་ང་ཡིད་ཆེས་མ་བྱུང་། ད་ཡིན་ན་ཡིད་ཆེས་མ་བྱེད་རང་བྱེད་རེད། ཨ་ཅོ་རང་གི་མིང་ལ་བསྟན་འཛིན་ཟེར་ཡང་དོན་དུ་བསྟན་པ་འཛིན་མཁན་ལྟ་ཅི་བསྟན་པ་བཤིག་མཁན་རེད་འདུག་ཅེས་ཟེར་ནས་རྣམ་འགྱུར་གྲང་ཤུར་ཤུར་ངང་བསྟན་འཛིན་གྱི་ལག་ནས་སྨན་ཁུག་བླངས་ཏེ་རྐང་འཁོར་ཐོག་བཞག་རྗེས་རྒྱ་སྒོའི་ཕྱོགས་སུ་སོང་། སྒོ་རའི་ནང་དུ་སླེབས་དུས་བསྟན་འཛིན་གྱི་ཆུང་མ་དང་ངོ་ཐུག་བརྒྱབ་པས་ཁོའི་ཆུང་མས་ཨེམ་ཆི་ལགས། ཕེབས་རྩིས་གནང་གི་ཡོད་དམ། སྔོན་ལ་ཁྱིམ་ནང་གསོལ་ཇ་བཞེས་པར་ཕེབས་དང་ཞེས་ཟེར།

     ཟླ་བ་སྒྲོལ་མས་བསྡད་རྒྱུའི་ཚུལ་ཙམ་ཡང་མེད་པར་མུ་མཐུད་ནས་མདུན་དུ་འགྲོ་བཞིན་དུ་ཇ་རང་ཡོང་ང། ད་ཇ་འཐུང་གིན་བསྡད་ན་ངའི་མགོ་བོ་འདིའང་བརླག་པར་འདུག་ཅེས་རྒྱ་སྒོའི་ཕྱི་ལ་ཐོན་རྗེས་རྐང་འཁོར་ལ་བཞོན་ཏེ་སོང་།

     བསྟན་འཛིན་སྔར་བཞིན་བྱི་རུའི་མདོག་ལྟར་དམར་བའི་ངོ་གདོང་དང་བཅས་བ་ཚང་ནས་སྒོ་རའི་ནང་དུ་ཐོན་ཡོང་དུས། སྒོ་རའི་ནང་ཧོན་ཐོར་རེར་ལངས་ཏེ་ཡོད་པའི་རང་གི་ཆུང་མ་མཐོང་སྟེ། ད་ཁྱོད་རང་དེ་ལྟར་ཧོན་ཐོར་ཏེ་འདྲེ་མཐོང་གི་འདུག་གམ་ཞེས་ཟེར་བཞིན་ཁང་པའི་ནང་དུ་འཛུལ་ཏེ་སོང་།

     བསྟན་འཛིན་གྱི་ཆུང་མ་ནི་ཡང་སྙིང་གནས་ཚུལ་གང་ཞིག་ལྷག་པ་གཏན་ནས་མ་ཤེས་པར་ཟླ་བ་སྒྲོལ་མའི་རྗེས་ལ་ལྟ་ཙམ་དང་། དེ་ནས་ཡང་རང་གི་ཁྱོ་བོའི་ཕྱོགས་ལ་ལྟ་ཙམ་བྱས་ཏེ་རང་སར་ཀྲོང་རེར་ལུས་པ་རེད།།


  • ལེ་ཚན་སྔོན་མ།:བསྟན་པའི་ལས་དབང་།
  • ལེ་ཚན་རྗེས་མ།:ཕ་སྐད་ཀྱི་གྱེས་འབོད།