ཕ་སྐད་ཀྱི་གྱེས་འབོད།

གཅན་གླག་མིག        2017-12-26

༼ ༡ ༽

      སློབ་ཁྲིད་གྲོལ་བརྡ་གྲག་པ་དང་ལྷན་དུ། སྐྱིད་གླེ་མཐོ་རིམ་སློབ་འབྲིང་གི་དགེ་སློབ་དག་གྲོག་མ་ཚང་ནས་བུད་པ་ལྟར་གཅིག་རྗེས་གཉིས་མཐུད་དུ་སྒོར་བུད།

      ནམ་རྒྱུན་ལྟར་ན། བཀྲ་ལོ་དང་གཡུ་སྒྲོན་གཉིས་ཀྱིས་ཁ་མཚར་དང་དགོད་ཁ་སློང་རེ་བྱེད་པ་ལས་རྩོད་རེས་དང་འཁོན་རེས་བྱས་མ་མྱོང་བས། ཁོང་གཉིས་སོང་ས་བསྡད་ས་ན་དགོད་སྒྲ་དང་མཛའ་མཐུན་གྱིས་ཕྱུག་ཡོད། དེ་ནི་སྐྱིད་གླེ་སློབ་གྲྭའི་དགེ་སློབ་ཀུན་དང་ས་འདིའི་མི་དམངས་ཡོངས་ཀྱིས་གསལ་བོར་ཤེས་པ་རེད།

      ཡིན་ནའང་དེ་རིང་ཕྱི་དྲོར་སློབ་གྲྭ་གྲོལ་རྗེས། བཀྲ་ལོ་དང་གཡུ་སྒྲོན་གཉིས་ཀྱིས་དཔེ་ཆ་འགའ་མཆན་ལ་བཙིར་ནས་སློབ་གྲྭའི་རྐང་ལམ་དེད་དེ་སུ་མགྱོགས་སུ་དལ་འགྲན་པ་ལྟར་ཡུལ་ལ་ལོག ཡུལ་ལ་འབྱོར་རྗེས། བཀྲ་ལོས་བརྙན་འཕྲིན་ལ་བལྟས། གཡུ་སྒྲོན་གྱིས་ཁ་པར་བཟུང་ནས་འཕྲིན་ཕྲན་དུ་འཛུལ། བལྟས་ཚོད་ཀྱིས་ངོ་མི་ཤེས་པའི་མགྲོན་པོ་གཉིས་ཁྱིམ་ཚང་གཅིག་ལ་འཛོམས་པ་དང་དབྱེར་མ་མཆིས།

     ཡུད་ཙམ་འགོར་རྗེས། ཁོང་གཉིས་ཀྱི་བྱིས་པ་བསོད་བྷེས་ལས་བྱ་འབྲི་དེབ་བཟུང་སྟེ་དཔེ་ཁང་ནས་སྒོར་བུད་པ་དང་། དེའི་མུར་ཨ་ཕའི་རྩིབ་ལ་སོང་ནས། "ཨ་ཕ་ལགས། ངས་ལས་བྱ་བྲིས་ཚར་སོང་།"ཞེས་བཤད།

     བཀྲ་ལོས་བྱིས་པའི་མགོ་ལ་བྱིལ་བྱིལ་འགའ་བྱས་ཏེ། "ངར་གི བོད་ཡིག་ལ་ཤུ་རེ་བྱས་ན་ད་གཟོད་ཕ་མའི་བྱིས་པ་དགའ་བོ་ཡིན་ནི་རེད། ད་སོང་ནས་ཨ་མར་བལྟ་རུ་ཆུགས།"ཅེས་བཤད།

     བསོད་བྷེ་ཨ་མའི་མདུན་དུ་བཅར་ནས། "ཨ་མ། ངས་ལས་བྱ་བྲིས་ཚར་སོང་།"ཞེས་བཤད་ཀྱང་གཡུ་སྒྲོན་གྱིས་ཁ་ཡ་མ་བྱས་པས། བསོད་བྷེས་སྐད་དམའ་མོའི་སྒོ་ནས། "ངས་སྔོན་ནས་འདི་འདྲ་ཡིན་པ་ཤེས་ཡོད།"ཅེས་བཤད་ཞོར་ངོ་འདོམ་གང་ཤོར་ནས་ཨ་ཕའི་པང་དུ་ཙོག

     བཀྲ་ལོས་ཆུང་མ་ད་དུང་ཁོང་ཁྲོ་ལངས་ཡོད་པ་ཤེས་ནས། བསོད་བྷེ་ལ་བཤད་རྒྱུར། "ཁྱོའི་ཨ་མས་རྟག་ཏུ་རྨི་ལམ་ཞིག་རྨི་བཞིན་ཡོད། དེ་མངོན་འགྱུར་བྱ་རག་བར་དུ་གདོང་གི་མདུད་པ་གྲོལ་ནི་མ་རེད། དེ་བས་འུ་གཉིས་ཀྱིས་མཉམ་པོས་ཨ་མར་ཞུ་བ་མ་བྱས་ན་འུ་གཉིས་ཀྱི་ཁ་ནང་ལ་དགོང་ཟས་ཡོང་རྒྱུ་མ་རེད།

     "ཆུང་མ་ལེ་ལེ། ད་ཁོང་ཁྲོ་མ་ལངས་དང་། གཞུག་ནས་ཆ་རྐྱེན་འཛོམས་དུས་བཀོད་པ་འཐེན་ཡ། དཀོན་མཆོག་གསུམ།"

     "ཨ་མ་ལེ་ལེ། ཁོང་ཁྲོ་མ་ལངས། རྗེས་ཕྱོགས་ངས་སློབ་སྦྱོང་ལ་འབད་བརྩོད་ལྷོད་མེད་བྱས་ནས་བྱ་དགའ་མང་པོ་ཁྱོད་ལ་ལེགས་སྐྱེས་སུ་འབུལ།"

     གཡུ་སྒྲོན་གྱིས་བཀྲ་ལོ་དང་བསོད་བྷེའི་གདོང་ལ་བལྟ་བཞིན་སེམས་ནས་མ་བཟོད་པར། "ཡ་ཡ། ལགས་སོ། ངས་ཁྱོས་གཉིས་ལ་ཀུ་རེ་རྩེ་བ་ཡིན།"ཞེས་བཤད། དོན་དུ་དེ་ནི་ཀུ་རེ་ག་ལ་ཡིན་ཏེ། རྩ་བ་བརྟན་ཞིང་ཡལ་ག་རྒྱས་པའི་ཁོང་ཁྲོ་རྣལ་མ་ལགས་སོ། །

༼ ༢ ༽

     མི་ལོ་འགའི་ཡར་སྔོན་དུ། སྐྱིད་གླེ་སྡེ་བ་མང་ཚོགས་སྤྱི་དང་། སྒོས་སུ་སློབ་མ་རྣམས་ཀྱིས་བོད་ཀྱི་སྐད་དང་ཡི་གེ་གཙིགས་སུ་བཟུང་ནས་སློབ་སྦྱོང་བྱེད་གི་ཡོད་མོད། ཡིན་ནའང་ཕྱིས་སུ་སློབ་མ་རྣམས་ཀྱིས་བོད་ཡིག་སྦྱངས་པ་ཙམ་གྱིས་ཆོས་འདོན་ཤེས་པ་དང་། སྙན་ངག་རྫུན་མ་འབྲི་ཤེས་པ། འཕྲིན་ཡིག་བསྐུར་ཤེས་པ་ཙམ་ལས། གྲོང་ཁྱེར་ཆེན་པོའི་ནང་དུ་སྤྱོད་ཁང་ཡང་བཙལ་ནས་རྙེད་དཀའ་བ་སོགས་ཀྱིས་མཚོན་པའི་བཤན་གྲི་མང་པོ་སྐད་ཡིག་མཛངས་མའི་སྐེ་ལ་བཙུགས་པས། ཁ་སང་དེ་རིང་།

ས་ཆ་འདིའི་བོད་མི་རྣམས་བོད་ཡིག་ལས་རྒྱ་ཡིག་ལ་ཞེན་པ་དང་། བོད་སྐད་ལས་རྒྱ་སྐད་ལ་བྱང་ཆ་ལྡན་པར་གྱུར།

དེ་བས། བཀྲ་ལོ་དང་བཀྲ་ལོ་ལྟ་བུའི་བོད་རིགས་མང་པོས་རང་ནུས་ཅི་ལྕོགས་ཀྱིས་སྐད་ཡིག་མྱུར་སྐྱོབ་ཀྱི་ལས་སྣ་མིན་གཉེར་གི་ཡོད། སྐྱ་ཟད་སྔོ་གཏུགས་ཀྱི་གནས་ཚུལ་འདི་བཅོས་བསྒྱུར་བྱ་ཆེད། མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འགས་སློབ་ཆེན་སློབ་མའི་ཁྲོད་དུ་དང་བླངས་པ་མང་པོ་      བསྡུས་ཏེ་བོད་ཀྱི་གཞི་རིམ་ས་ཁུལ་མང་པོར་སོང་ནས་བོད་རིགས་བྱིས་པ་མང་པོར་བོད་ཡིག་སློབ་ཁྲིད་བྱས་ཏེ་ཡིག་རྨོངས་སེལ་བ་དང་སྐད་ཡིག་མྱུར་སྐྱོབ་ཀྱི་ལས་སྣ་ཚོགས་སྤེལ་དང་སྤེལ་མུས་སུ་མཆིས།

བཀྲ་ལོ་ནི་སྤྱིར་བཏང་གི་དགེ་རྒན་ཞིག་ཡིན་ནའང་། སྐད་ཡིག་གི་སྐྱེ་འཆི་དང་འདས་མ་ད་གསུམ་ལ་བློ་ཁ་ཕྱོགས་ཤིང་བརྩེ་བ་མནམས་པའི"སྐད་ཡིག་དགེ་རྒན" ཞིག་ཡིན་པས། ཁོས་དང་བླངས་དགེ་རྒན་རྣམས་ཀྱི་འཚོ་བའི་རོགས་དངུལ་ལ་དམངས་སྒོར་འབུམ་གསུམ་བྱིན། དེ་ནི་བཀྲ་ལོ་བཟའ་ཟླ་གཉིས་ཀྱི་ལོ་ལྔའི་རིང་གི་བསགས་དངུལ་ཡིན་ལ། བཀྲ་ལོ་དང་གཡུ་སྒྲོན་བཟའ་ཟླ་གཉིས་ཀྱི་བར་ལ་རྩོད་གཞི་ལང་བྱེད་ཀྱི་རྒྱུ་ཡང་དེ་ལས་མ་འདས།

     གཡུ་སྒྲོན་གྱིས་གནས་ཚུལ་དེ་ཤེས་རྗེས། ཉིན་འགར་གཉིད་ཀྱང་མ་ཁུགས། འདི་ལྟར་བཤད་ན་གཡུ་སྒྲོན་ནི་མི་རིགས་ཀྱི་འདས་མ་ད་གསུམ་དུ་དོ་ཁུར་ཡེ་ནས་མི་བྱེད་པ་ཞིག་དང་འདྲ་མོད། འོན་ཀྱང་དོན་དངོས་སུ་དེ་འདྲ་གཏན་ནས་མིན།

༼ ༣ ༽

     སྤྱིར་ན་སྒོར་འབུམ་གསུམ་ནི་དགེ་རྒན་གཉིས་ལ་མཚོན་ནས་བཤད་ན་བཟའ་འཁོན་བྱེད་དགོས་པ་ཞིག་མ་རེད་མོད། འོན་ཀྱང་གཡུ་སྒྲོན་ལ་ཡང་ཁག་མེད་དེ། སྒོར་མོ་དེ་དག་ནི་ཁོང་བཟའ་ཟླ་གཉིས་ཀྱི་ཁང་བ་ཉོ་བྱེད་ཡིན་པ་དང་། ཕྱིས་སུ་ཞིང་སྡེའི་ཕ་མ༼ བཀྲ་ལོའི་ཕ་མ༽ རྫོང་ཐོག་ལ་བོས་ནས་མཉམ་པར་འཚོ་བ་རོལ་རྒྱུའི་རྨི་ལམ་ལྟ་ན་སྡུག་པ་དེ་གཡུ་སྒྲོན་གྱིས་ལོ་འགར་རྨིས་ཤིང་། མངོན་འགྱུར་བྱེད་པར་ཟླ་འགའ་མ་གཏོགས་མེད་དུས། བཀྲ་ལོས་གློ་བུར་དུ་རྨི་ལམ་ཡག་པོ་དེ་དཀྲོགས་སོང་། 


  • ལེ་ཚན་སྔོན་མ།:ཟླ་བ་སྒྲོལ་མ་དང་རྐང་འཁོར།
  • ལེ་ཚན་རྗེས་མ།:སྡོམ་པ་སྲུང་ཞོར་ཤོར་ཞོར།