རྩོམ་རིག་སྒྱུ་རྩལ་གྱི་པར་ངོས་ཇུས་འགོད་བྱེད་ཚུལ་སྐོར་ཅུང་ཟད་གླེང་བ།

མིག་དམར་དོན་འགྲུབ་ཀྱིས་བྲིས།        2017-08-17

   པར་ངོས་ནི་ཀློག་པ་པོའི་མིག་ངོར་བཞག་པའི་བག་ཆགས་དང་པོ་དང་སྤྱི་ཡོངས་ཀྱི་མཐོང་ཚུལ་ཡིན་པས་པར་ངོས་ཇུས་འགོད་བྱེད་པར་ལག་རྩལ་དང་སྒྱུ་རྩལ་གཉིས་ཆའི་རང་བཞིན་ཡོད། པར་ངོས་ཇུས་འགོད་ཡག་པོ་བྱ་རྒྱུ་ནི་ཚགས་པར་ལ་གསོན་ཤུགས་བསྣན་པའི་འདེགས་སྐྱོར་གལ་ཆེན་ཡིན།  པར་ངོས་ནི་ཡིག་རིས་དང་ཐིག་རིས། པར་རིས། པར་འགོ་སོགས་ལྷན་དུ་སྦྲེལ་བའི་མཛེས་སྡུག་གི་རྣམ་པ་ལས་གྲུབ་པ་ཡིན་ལ། དེར་ཐུན་མིན་གྱི་རང་གཤིས་རྣལ་མ་ཞིག་དང་ཡིད་དབང་འགུགས་ཤུགས་མི་འདྲ་བ་ཞིག   ལྷག་པར་བརྩེ་དུང་ཚོར་བ་དྲག་པོ་ཞིག་ཀྱང་ཡོད་པ་རེད།

  གནའ་བོའི་ཞི་ལའི་མཚན་ཉིད་རིག་པ་བ་ཧུའུ་ལ་ཁི་ཏེས་མཛེས་པ་ནི་མཐུན་སྦྱོར་དང་མཐུན་སྦྱོར་ནི་འགལ་ཟླའི་གཅིག་འདུ་རེད་ཅེས་གསུངས་ཤིང་། པར་ངོས་ཇུས་འགོད་བྱེད་ཚེ་འགལ་ཟླ་བྱུང་བའི་རྒྱུ་རྐྱེན་གང་མང་ཞིག་གཅིག་གྱུར་བྱ་རྒྱུ་ནི་གནད་འགག་ཡིན་ཞིང། པར་ངོས་ཇུས་འགོད་བྱེད་པའི་ཁྲོད་རྣམ་པས་ནང་དོན་ལ་ཞབས་ཞུ་གང་ཐུབ་དང་། ཇུས་འགོད་ལེགས་ཤིང་བབ་ཆགས་པ་དང་ལྟ་སྣང་ཁྱད་དུ་འཕགས་པ་བཅས་བྱུང་ན་ད་གཟོད་ཀློག་པ་པོར་ལྟ་ཀློག་བྱེད་པའི་སྤྲོ་སྣང་འཕེལ་ཐུབ། དེས་ན་རྩོམ་སྒྲིག་པས་གཤམ་གྱི་ཕྱོགས་འགའི་ཐད་ནས་དོ་སྣང་བྱ་དགོས་པ་སྟེ།

  གཅིག པར་ངོས་ཧྲིལ་པོ་མཐུན་སྦྱོར་ཡོང་བར་བྱ་དགོས།

  ཚགས་པར་ལ་ལྟ་ཀློག་བྱེད་མཁན་རྣམས་ལ་བག་ཆགས་ཡག་པོ་ཞིག་འཇོག་དགོས་ན། ཁ་བྱང་དང་ཁ་བྱང་བར། ཐིག་རིས་དང་ཐིག་རིས་བར། པར་རིས་དང་པར་རིས་བར། པར་འགོ་དང་པར་འགོ་བར། ཡིག་གཟུགས་ཆེ་ཆུང་། རྩོམ་ཡིག་གི་ཡིག་ཚོགས་མང་ཉུང་། རྩོམ་ཡིག་གི་རིན་ཐང་ཆེ་ཆུང་། ཚོན་མདངས་གཤིབ་སྡུར་གྱི་ཚད། སྟོང་ཆ་དང་གསལ་ཆ་བཞག་ལུགས། ཆ་ཤས་དང་ཁྱོན་ཡོངས་བར་གྱི་འབྲེལ་བ་སོགས་མཐུན་སྦྱོར་ཡག་པོ་ཡོང་བར་འབད་དགོས། པར་ངོས་ནི་རི་མོ་དང་མི་འདྲ་ནའང་དེ་ནི་གཅིག་འགྱུར་གྱི་ཚོགས་སྤྱི་ཞིག་ཡིན་པས་རི་མོའི་མཚོན་བྱ་བཀོད་སྒྲིག་ཐོག་གཅིག་འགྱུར་བྱ་དགོས། དེ་ཡང་གོ་རིམ་ལ་རག་ལས་པས་པར་ངོས་ཇུས་འགོད་ཟང་ཟིང་མིན་པ་དང་གོ་སྒྲིག་མ་ནོར་བ་ཞིག་ཡིན་དགོས།

  གཉིས། རྩོམ་ཡིག་གི་འགོ་བརྗོད་མངོན་གསལ་དོད་པོ་ཡིན་དགོས།

  ཁ་བྱང་མངོན་གསལ་དོད་པོ་ཡིན་ན་ད་གཟོད་མི་སེམས་འགུག་ཐུབ་པ་དང་། རྩོམ་རིག་སྒྱུ་རྩལ་གྱི་པར་ངོས་ཡིན་ན་དེ་བས་ཀྱང་གྲུང་ཤ་དོད་པ་ཞིག་ཡིན་དགོས། པར་ངོས་ཀྱི་ཁ་བྱང་ལ་གཞིགས་ནས་རིང་ཐུང་དང་བར་སྟོང་ག་ཚོད་འཇོག་དགོས་པ་དང་། འོས་འཚམ་གྱིས་གཞི་རིས་བཞག་ན་གསོན་ཉམས་ལྡན་ཞིང་མཛེས་པར་གྱུར། དེ་མིན། ཚོན་མདོག་སྤེལ་མ་བྱེད་པ་དེའང་རྩོམ་ཡིག་གི་ཁ་བྱང་མངོན་གསལ་ཡོང་བའི་ཐབས་ཤིག་ཡིན། འོན་ཀྱང་ཁྲ་ཁྲ་པ་ཁྲ་གཏན་ནས་བྱེད་མི་རུང་། ཁྲ་ཁྲ་པ་ཁྲ་བྱེད་དྲགས་ན་རྙོག་ཅིང་མི་སྙོམས་པ་དང་ལྟ་འདོད་མེད་པ་ཞིག་ཏུ་གྱུར་བ་རེད།

  གསུམ། ཁ་བྱང་གི་ཡིག་གཟུགས་ལ་འགྱུར་བ་ཡོད་དགོས།

  གལ་སྲིད་པར་ངོས་ཧྲིལ་པོའི་ཁ་བྱང་གི་ཡིག་གཟུགས་གཅིག་མཚུངས་བྱས་ན། ཕར་བལྟས་ཚོད་ལ་ཉམས་འགྱུར་ཞིག་འཚོལ་སྙེག་བྱེད་པ་དང་འདྲ་ཡང་དོན་དངོས་ཐོག་འགྱུར་ལྡོག་མེད་པར་གྱུར། སྤྱིར་བཏང་ཐོག་མའི་ཁ་བྱང་དེ་ཁྱད་རྟགས་སྦོམ་ཞིང་ནག་པོ་ཡིན་ན་རྫིག་ཤེད་ཆེ། པར་ངོས་གཡས་པའི་འོག་གི་ཁ་བྱང་དེ་ཐོག་མའི་ཁ་བྱང་དང་མཐུན་སྦྱོར་ཡིན་དགོས། དེ་མིན་གྱི་ཁ་བྱང་རྣམས་གནས་ཚུལ་དང་བསྟུན་ནས་འཇོག་དགོས་ཀྱང་ངེས་པར་དུ་འཁྲུག་པོ་ཡིན་དགོས། པར་ངོས་ཇུས་འགོད་ཁྲོད་ཁ་བྱང་གི་འགྱུར་ལྡོག་ཆེས་མང་ཞིང་། འོན་ཀྱང་སྤྱིར་བཏང་གི་གནས་ཚུལ་འོག་སྔར་བཞིན་ཁ་བྱང་འཕྲེད་ལ་འཇོག་དགོས་པ་ལས་ལ་ལ་གཞུང་དང་ཁ་ཤས་འཕྲེད་ན་པར་ངོས་ཀྱི་མཛེས་བཟོ་ལ་གནོད་པ་རེད། ཁ་བྱང་གི་ཡིག་གཟུགས་དང་མཛེས་བཟོ་འགྱུར་ལྡོག་མང་པོ་གཏོང་མི་རུང་། འགྱུར་བ་མང་དྲགས་ན་མིག་འཁྲུལ་འགྲོ་བ་དང་གོ་རིམ་འཆོར་སླ་བ་རེད།

  བཞི། པར་རིས་དང་ཡི་གེའི་བསྡུར་ཚད་རན་པ་ཡིན་དགོས།

  ཡིག་ཚོགས་མང་པོ་དང་བསྡུར་ན་པར་རིས་ནི་མངོན་གསལ་དོད་ཅིང་ཡིད་དབང་འཕྲོག་པའི་ཚོན་མདོག་ཅིག་ཡིན་པས་དུས་ཚོད་ཐུང་ཐུང་གི་ནང་མིག་དབང་འཕྲོག་ཐུབ། གང་ལ་གང་འཚམ་གྱི་རི་མོ་དེ་དག་རྩོམ་ཡིག་གི་བར་དུ་བཅུག་ན་དེ་ལས་བཟང་ཞིང་། འོན་ཀྱང་རི་མོ་མང་ཞིང་རྩོམ་ཡིག་ཉུང་ན་ནང་དོན་མི་འདང་བའང་འབྱུང་ཉེན་ཡོད། སྒྲིག་བཟོ་བྱེད་དུས་རྩོམ་ཡིག་གི་ཡིག་གྲངས་ལ་གཞིགས་ནས་པར་རིས་གཏན་འཁེལ་བྱ་དགོས། རྩོམ་རིག་སྒྱུ་རྩལ་ལ་མཚོན་ན་ཡི་གེ་གཙོ་བོར་བྱས་ཐོག པར་རིས་ཀྱིས་རམ་འདེགས་བྱ་དགོས་པ་ལས་གཙོ་ཕལ་ལྡོག་མི་རུང་། པར་མང་པོ་བཀོལ་ཆེས་ན་ཁྲ་ཁྲ་ལི་ལི་ཞིག་ཏུ་གྱུར་ཏེ་མི་ལེགས། ནམ་རྒྱུན་པར་རིས་ཆེ་ཆུང་ནི་རྩོམ་ཡིག་གི1/5ནས1/3བར་གདམ་དགོས། པར་རིས་ཧ་ཅང་ཆེན་པོ་སྤྱད་ན། མངོན་གསལ་དོད་ལ་པར་ངོས་ཀྱང་མཛེས་པ་གྱུར་མོད། འོན་ཀྱང་བྱེད་སྟངས་དེས་ཚད་ཡོད་ཀྱི་པར་ངོས་ཐོན་ཁུངས་བཙན་བཟུང་བྱས་པས་པར་ངོས་ཀྱི་ནང་དོན་གྱི་ཆ་འཕྲིན་ཇེ་ཉུང་དུ་སོང་བའི་སྐྱོན་ཡོད་པ་རེད།

  ལྔ། དམིགས་བསལ་གྱི་ཉམས་འགྱུར་ཐོན་དགོས།

  ཁྱད་ཆོས་མེད་པའི་པར་ངོས་དེ་ནི་རང་གཤིས་མེད་པའི་ངོ་གདོང་དང་ཀུན་ནས་མཚུངས་པས་གཞན་ལ་ཀློག་འདོན་བྱེད་པའི་མོས་པ་སྐྱེད་མི་ནུས། དེར་བརྟེན་གཅིག་ནི་གལ་ཆེ་བའི་རྩོམ་ཡིག་གི་གཙོ་གནད་འབུར་དུ་ཐོན་པར་བྱས་ཏེ་མཐོང་ཚོར་ཐད་ལ་ཤུགས་རྒྱག་དགོས། གཉིས་ནི་པར་ངོས་གཞན་པར་རྒྱན་སྤྲས་གཞོགས་འདེགས་བྱ་དགོས། གསུམ་ནི་གལ་ཏེ་པར་ངོས་ཧྲིལ་པོར་གཙོ་གནད་གཅིག་ལས་མེད་ན་པར་ངོས་ཀྱི་སྟོད་ཕྱེད་དུ་སྤྱད་དགོས། གལ་ཏེ་གཙོ་གནད་གཉིས་ཡོད་ན་ཆ་འགྲིག་བྱེད་ཐབས་ལ་བརྟེན་ནས་བཀོད་སྒྲིག་བྱ་དགོས། ཐིག་རིས་ཀྱི་འགྱུར་ལྡོག་དང་པར་མགོ་སོགས་ཀྱི་འགྱུར་བར་བརྟེན་ནས་པར་ངོས་མཛེས་བཟོ་བྱེད་ཆོག

   མདོར་ན། པར་ངོས་ཇུས་འགོད་ནི་ལག་རྩལ་ཞིག་ཡིན་པས་མ་ཚད་སྒྱུ་རྩལ་ཞིག་ཀྱང་དེ་བས་ཡིན། དེར་བརྟེན་པར་ངོས་ལེགས་པོ་ཞིག་ལེགས་འགྲུབ་བྱུང་དགོས་ན་གནད་ལ་འཁེལ་བའི་སྒོ་ནས་ནང་དོན་མཚོན་ཐུབ་དགོས་པར་མ་ཟད། ཀློག་པ་པོ་རྣམས་ཀྱིས་ལྟ་ཀློག་བྱེད་པ་དང་ཆབས་ཅིག་མཛེས་དཔྱོད་ཀྱང་ལོངས་སུ་སྤྱོད་ཆོག རྩོམ་སྒྲིག་པའི་ངོས་ནས་བཤད་ན་པར་ངོས་ཀྱི་རྣམ་པ་ལེགས་པོ་ཞིག་སྒྲིག་དགོས་ན་པར་ངོས་གྱི་པར་གཞི་གང་བྱུང་དུ་མི་སྤྱོད་པ་དང་། འདྲ་པར་གྱི་སྣུམ་ཚོན་རི་མོ་ཐག་གཅོད། རྩོམ་ཡིག་རེ་རེའི་སྒྲིག་སྟངས་དང་ཚོན་མདོག་རེ་རེའི་བཀོལ་སྟངས། མཐའ་ཐིག་རེ་རེའི་གདམ་ག་བཅས་ཚང་མ་བསམ་གཞིགས་ནན་པོ་དང་བཀོད་སྒྲིག་ཞིབ་ཚགས་བྱ་དགོས་པ་ལས་ནང་དོན་དང་མི་འཚམ་པའི་མཚོན་ཐབས་བྱས་ནས་རང་སྣང་གང་ཤར་གྱི་སྒོ་ནས་སྒྲིག་བཟོ་བྱེད་མི་རུང་ངོ་།།

 


  • ལེ་ཚན་སྔོན་མ།:རྒྱ་བོད་ཡིག་སྒྱུར་གྱི་དོན་མང་ཐ་སྙད་འགར་ཅུང་ཙམ་དཔྱད་པ།
  • ལེ་ཚན་རྗེས་མ།:བོད་ཡིག་གསར་འགྱུར་གྱི་ཁ་བྱང་གི་སྐྱོན་ལ་རགས་ཙམ་དཔྱད་པ།
  • དོ་སྣང་ཆེ་བའི་རྩོམ།