གསེར་ཐར་སྔོ་ཚལ་དྲོ་ཁང་ནས་ཕྱུག་འགྱུར་གྱི་སྒོ་མོ་ཕྱེས།

ཀུན་དགས་བསྒྱུར།        2017-07-18

ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱིས་བཏོན་པའི་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བཅོས་བསྒྱུར་དང་དབུལ་ཐར་འགག་སྒྲོལ་གྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་གསེར་ཐར་རྫོང་གིས་ཕྱོགས་མང་པོའི་ཐད་ནས་བརྟག་ཞིབ་བྱས་ཏེ་རྫོང་དེའི་ཞིང་ཁུལ་དུ་འདེབས་འཛུགས་གྲུབ་ཚུལ་ལེགས་སྒྲིག་དང་ཞིང་ལས་འཕེལ་རྒྱས་གཏོང་སྟངས་བསྒྱུར་ནས་ས་གནས་དེ་གའི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་ཡག་པོ་ཞིག་བསྐྲུན་ཡོད་པ་རེད།

རྫོང་དེའི་ཤེལ་གྲུབ་ཤང་གི་སྔོ་ཚལ་དྲོ་ཁང་ནང་དུ་དབུལ་པོ་དགེ་སྟོབས་དང་ཡུལ་མི་གཞན་དག་གིས་ལུད་འདེབས་བཞིན་ཡོད།  དགེ་སྟོབས་ཀྱིས་དེ་སྔོན་ང་ཚོས་ལོ་གཅིག་ལ་ནས་འདེབས་ཐེངས་གཅིག་མ་གཏོགས་མི་ཡོང་བས་ཐོན་འབབ་ཀྱང་དམའ་བ་རེད། ཟླ་བ་དགུ་པའི་རྗེས་ནས་ས་ཞིང་ཚང་མ་རྒོད་འགྲོ་བ་རེད། ཡིན་ནའང་ན་ནིང་ལོ་ནས་བཟུང་ངས་ས་ཞིང་འཁོར་རྒྱུག་བྱས་པ་ཡིན། ཞིང་མུའུ1ལ་སྒོར700ཡི་བོགས་གླ་རག་བྱུང་། ད་དུང་ཉིན་རེར་གླ་བརྒྱབ་ནས་སྒོར100 རག་ཐུབ་ཀྱི་རེད། ད་ལྟ་ངའི་ཁྱིམ་གྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་ཡོད་ཅེས་བཤད།

གསེར་ཐར་རྫོང་ནི་མཚོ་འཕགས་སྨི4000ལ་ཉེ་བའི་ས་མཐོར་གནས་ཡོད་ཅིང་གནམ་གཤིས་སྡུག་མོ་ཡིན་སྟབས་སྔོ་ཚལ་འདེབས་འཛུགས་ལས་རིགས་ལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད་པ་རེད། ས་གནས་དེ་གའི་ཡུལ་མི་ཚོའི་བཟའ་ཚལ་ཚང་མ་སྤྱི་ལེ་སྟོང་ལྷག་ཡོད་པའི་ཁྲེང་ཏུའུ་དང་ཤིས་ཁྲང་། ལྕགས་ཟམ་ཁ་སོགས་ནས་འདྲེན་དགོས་པ་རེད། དེ་འདྲ་ཡིན་དུས་སྔོ་ཚོལ་གསར་པ་ཟ་རྒྱུ་མི་རྙེད་པར་མ་ཟད་རིན་གོང་ཡང་ཆེ་བ་རེད། 2016 ལོར་ཤེལ་གྲུབ་ཤང་རྒྱ་མདའ་གྲོང་ཚོས་ཞིང་མུའུ་རེར་ལོ་རེར་སྒོར700བྱས་ཏེ་ས་ཞིང་མུའུ60འཁོར་རྒྱུག་བཏང་ནས་གསེར་ཐར་རྫོང་ཅིང་ཧྲི་ཞིང་ལས་དབུལ་སྐྱོར་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ནས་ནང་འདྲེན་བྱས་པ་དང་། མ་དངུལ་སྒོར་ཁྲི300བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་སྔོ་ཚལ་འདེབས་འཛུགས་ཀྱི་དཔེ་སྟོན་རྟེན་གཞི་བཙུགས་ཡོད་པ་རེད། ད་ལོའི་ཟླ་བ3པར་སྤྱི་གཉེར་ཁང་གིས་ཡུན་ནན་ནས་སྤུས་ལེགས་སྔོ་ཚལ་སོན་བཟང་ཉོས་པ་དང་ཧྲན་ཏུང་ནས་ཕུལ་བྱུང་གི་འདེབས་འཛུགས་ལག་རྩལ་མི་སྣ་གདན་འདྲེན་བྱས་ཏེ་ས་ཆ་དེ་གའི་ཞིང་པའི་ལུད་རྫས་དང་ཉི་འོད། དུས་ཚོད་འདང་ངེས་བཅས་ཀྱི་ལེགས་ཆ་སྤྱད་ནས་སྔོ་ཚལ་འདེབས་འཛུགས་བྱས་པས་མིག་སྔར་དྲོ་ཁང་ནང་གི་སྔོ་ཚལ་སྐྱེ་ཚུལ་བཟང་བ་རེད། འདི་ལོར་སྔོ་ཚལ་འདེབས་འཛུགས་ཐེངས་གསུམ་རག་ཐུབ་ཅིང་སྔོན་དཔག་ལྟར་ན་ལོ་རེའི་ཡོང་འབབ་སྒོར་ཁྲི100 ཡས་མས་སླེབས་ཐུབ་རྒྱུ་རེད། དུས་མཚུངས་སུ་ས་གནས་དེ་གའི་དབུལ་ཕོངས་དུད་ཚང་གི་མི་ལག་གིས་སྔོ་ཚལ་དྲོ་ཁང་ནང་གླ་བརྒྱབ་པའི་གླ་ཕོགས་སྒོར་ཁྲི6ཡོང་བ་སྔོན་དཔག་བྱས་ཐུབ།

གསེར་ཐར་རྫོང་ཅིང་ཧྲི་ཞིང་ལས་དབུལ་སྐྱོར་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་ནས་ནང་འདྲེན་བྱས་མཐར་ཤེལ་གྲུབ་ཤང་གི་ཡུལ་མིའི་ལས་ཞུགས་གནད་དོན་ཐག་གཅོད་བྱུང་ཞིང་།  ས་ཞིང་ཡང་ལོ་གཅིག་ལ་འདེབས་ཐེངས་རེ་བྱས་པ་དེ་འདེབས་ཐེངས་གསུམ་རེར་བསྒྱུར་མཐར་རྫོང་ཡོངས་ཀྱི་མི་ཚང་མས་སྔོ་ཚལ་གསར་པ་བཟའ་རྒྱུ་ལོན་པ་རེད།  མིག་སྔར་གསེར་ཐར་རྫོང་གིས་ལྔ་བདུན་འབྲོག་ར་ལ་ས་ཁྱོན་མུའུ70ཡི་དེང་རབས་ཅན་གྱི་སྔོ་ཚལ་དྲོ་ཁང་ཆེན་མོ20 བསྐྲུན་ཡོད་ལ། དབྱང་ཁོག་དང་དབང་མདའ་ཡི་ཞིང་ཁུལ་དུའང་སྔོ་ཚལ་དྲོ་ཁང་འཛུགས་བཞིན་པ་རེད།། 


  • ལེ་ཚན་སྔོན་མ།:༢༠༡༧ལོའི་དཀར་མཛེས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:ཆུ་འབྲུབ་པའི་དུས་སུ་ཁུལ་ཡོངས་ཀྱི་གནམ་གཤིས་ལས་ཁུངས་ཀྱིས་ཞབས་ཕྱི་སྒྲུབ་ཤུགས་ཆེ་རུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།