མཚར་སྡུག་རྣམ་པར་བཀྲ་བའི་བོད་ཤོག་བཟོ་རྩལ།

        2017-04-07

མཚར་སྡུག་རྣམ་པར་བཀྲ་བའི་བོད་ཤོག་བཟོ་རྩལ།

གཅིག  ཤོག་བཟོའི་རྒྱུ་ཆ།

དེ་སྔ་བོད་ཤོག་ལ་ཤོག་ལྡུམ་དུང་ལོ་མ་ཞེས་པའི་རྒྱུ་ཆ་རབ་དེ་ཕུད། སྟག་པ་ཤིང་དང་། ཨ་ག་རུ། རེ་ལྕག་སོགས་ཡིན་ལ། རྒྱུ་ཆ་མི་འདྲ་བས་སྤྱོད་སྒོ་དང་སྤུས་ཚད་མི་འདྲ་བའི་བོད་ཤོག་སྣ་ཚོགས་ཐོན་གྱི་ཡོད། དེ་ཡང་སྟག་པ་ཤིང་གིས་བོད་ཤོག་སྲབ་མཐུག་ཅི་རིགས་བཟོ་ཐུབ་པས་རྒྱུ་ཆ་ཡག་གྲས་སུ་བརྩི་བ་དང་། ཨ་ག་རུས་བཟོས་པའི་བོད་ཤོག་མཐུག་པས་རྒྱུ་ཆ་འབྲིང་ཡིན་རུང་ཆོས་གཞུང་འབྲི་ས་བྱས་ན་ལེགས་པོ་ཡོད། རེ་ལྕག་གིས་བོད་ཤོག་བཟོ་བའི་ཚེ་དུག་སེལ་དགོས་པས་རྒྱུ་ཆ་ཐ་མར་བགྲང་མོད། འབུས་མི་ཟ་བ་དང་ཡུན་རིང་ཉར་ཚགས་བྱེད་ཆོག་གི་ཡོད།

མཚར་སྡུག་རྣམ་པར་བཀྲ་བའི་བོད་ཤོག་བཟོ་རྩལ།

གཉིས། ཤོག་བཟོའི་བརྒྱུད་རིམ།

བོད་ཤོག་བཟོ་རྩལ་ནི་རྒྱུ་ཆའི་པགས་པ་བཤུ་བ་དང་། འདུལ་བ། བཙོ་བ། སྦོང་བ། བཤལ་བ། དཀྲོག་པ། སྦྱོང་བ། བཀྲམས་པ་སོགས་ཀྱི་བརྒྱུད་རིམ་ལས་གྲུབ་ཡོད། བཟོ་རྩལ་དེ་ཉིད་བོད་ཡུལ་དུ་ཁྱབ་པར་མ་ཟད། རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་སུའང་ཁྱབ་ཡོད། རེ་ལྕག་ལྟ་བུར་དཔེར་མཚོན་ན་གཤམ་གསལ་ལྟར་ཡིན་ནོ།།

1.རེ་ལྕག་དེ་ས་འོག་ནས་སྔོག་པ།

2.དེ་ལྤགས་པ་བཤུ་བ།

3.རེ་ལྕག་ནང་ཁོག་གི་རུས་པ་ཟེར་བའི་དཀར་པོའི་རིགས་དབྱེ་བ་འབྱེད་ནས་དེ་ཁོ་ན་བེད་སྤྱོད་བྱེད།

4.ཆུ་ཁོལ་ནང་དུ་ཆུ་ཚོད་གསུམ་ཙམ་བསྐོལ།

5.བསྐོལ་རྗེས་སུ་ད་དུང་དེ་ཡི་ནང་ནས་ནག་པོའི་རིགས་གཙང་སེལ་བྱ།

6.རྡོ་གོར་མོ་ཆེན་པོ་ཞིག་གི་སྟེང་དུ་རྡོ་འབུར་ཟིན་བདེ་བ་ཞིག་གིས་ཡང་ཡང་བརྡར།

7.རྫ་མའམ་སྣོད་གང་རུང་ཞིག་གི་ནང་དུ་བླུགས་རྗེས་སུ་ཇ་དཀྲུག་ཅིག་གིས་ཡུན་ཙམ་དཀྲུགས།

8.སྔར་ནས་གྲ་སྒྲིག་བྱས་པའི་ཆུ་བླུགས་པའི་སྣོད་ཆེན་པོ་ཞིག་གི་ནང་དུ་རས་སྲབ་པོ་ཐང་གའི་རྒྱང་སྒྲོམ་འདྲ་བ་ཞིག་གི་ནང་དུ་སྐྱོགས་ཤིག་གིས་སྲབ་འཐུག་རན་པར་བླུགས།

9.དེ་ནས་དལ་མོར་ཉི་མར་སྐམ་ན་འགྲིག འོན་ཀྱང་། དེ་ཐོག་མར་ཐད་ཀར་སློང་མི་རུང་བས་ཡིད་གཟབ་བྱ།

10.སྐམ་རྗེས་སུ་ལག་གཡོན་པས་ཤོག་བུར་འཐེན་པ་དང་། གཡས་པས་ཤོག་བུ་དང་རས་གཉིས་ཀྱི་བར་ནས་དལ་མོར་ཚུར་བླངས་ན་འགྲིག

འདི་ནི་ཤོག་བཟོ་བ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་མ་མཐའི་རྒྱུན་ཤེས་ཤིག་རེད།

མཚར་སྡུག་རྣམ་པར་བཀྲ་བའི་བོད་ཤོག་བཟོ་རྩལ།

གསུམ།  ཤོག་བུའི་རིགས།

བོད་ཤོག་ལ་རིགས་མང་དུ་ཡོད་དེ། སྐྱེམས་ཤོག དྭགས་ཤོག གཙང་ཤོག འབྲུག་ཤོག སྙེ་ཤོག ཐལ་ཤོག གན་ཤོག སྨོན་དཀར་ལས་ཤོག་སོགས་བཟོ་བ་པོའི་ཡུལ་དང་འབྲེལ་བའི་ཐོག་ནས་མིང་མང་དུ་ཡོད་པར་སྣང་། རེ་ལྕག་ས་འོག་ནས་སྔོག་པའི་དུས་ཚོད་ལེགས་ཤོས་ནི་སྤྱི་ཟླ༨པ་དང༩པའི་བར་དུ་ཡིན། བོད་ཤོག་གི་ཁྱད་ཆོས་གཙོ་བོ་ནི་ལོ་སྟོང་ཕྲག་སོང་ཡང་སྲིན་བུས་བཟའ་བ་དང་རུལ་བ་སོགས་ཡོང་རྒྱུ་མེད།

བཞི།  བེད་སྤྱོད་བྱ་ཡུལ།

ཤོག་བུ་བེད་སྤྱོད་བྱེད་ས་གཙོ་བོ་ནི་རིག་པའི་གནས་བཅུའི་བརྗོད་བྱ་དང་རྗོད་བྱེད་སྟོན་པའི་ཚིག་གམ་རི་མོའི་ལམ་ནས་བརྡ་སྤྲོད་ཀྱི་ནུས་པ་ཡོད་པའི་ཡི་གེ་གང་ཡག་དང་གང་བཟང་བྲིས་རྗེས་ཉར་ཚགས་བྱེད་སྲོལ་ཡོད་ལ། མདོར་ན་སྐུ་གསུང་ཐུགས་རྟེན་དང་མིའི་རིགས་ཀྱི་འཚོ་གནས་མཚོན་ཐུབ་ལ་རིན་ཐང་ལྡན་པའི་སྒྱུ་རྩལ་གྱི་རིགས་འདྲ་མིན་འབྲི་བ་ལ་མེད་དུ་མི་རུང་བའི་རྒྱུ་ཆ་ཚད་ལྡན་ཞིག་ཡིན་པས། ང་ཚོས་ཕྱར་བ་གྲུ་འདེགས་ཀྱིས་ལག་རྩལ་འདི་རྣམས་ཀྱི་རིགས་གཞུང་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དུས་རབས་དང་མཐུན་ཞིང་དུས་རབས་ཉེར་གཅིག་པའི་མི་རྣམས་ལ་འཚམས་ཤིང་མིག་ལ་ཤིན་ཏུ་མཛེས་པའི་བཟོ་བཀོད་བྱས་ནས་སྤྱི་ཚོགས་ཀྱི་དགོས་མཁོ་བསྐང་རྒྱུའི་རེ་འདུན་སྙིང་དབུས་ནས་བཅང་དགོས་སོ།།

ལྔ། བོད་ཤོག་བཟོ་རྩལ་གྱི་བརྒྱུད་འཛིན་པ།

ཆུང་བདག་གིས་བྲིས་པའི་བོད་ཤོག་བཟོ་བའི་ལག་རྒྱུན་ཞེས་པའི་རྩོམ་ཡིག་ནང་དུ་འདི་ལྟར་བྲིས་འདུག་སྟེ། ད་ཆ་སྲོལ་རྒྱུན་གྱི་ཤོག་བཟོའི་ལག་རྩལ་རྒྱུན་འཛིན་པ་མང་པོ་ལྷག་མེད་ཅིང་། གཟུགས་མེད་རིག་གནས་ཤུལ་བཞག་ཁྱབ་ཁོངས་སུ་གདེང་འཇོག་ཆེན་པོ་བྱ་ཡུལ་ནི་སྙེ་ཤོག་གི་བརྒྱུད་འཛིན་པ་ཚེ་རིང་རྡོ་རྗེ་ཡིན་ཞིང་། ཁོང་གི་སྐྱེ་ས་འཚར་ས་ནི་སྙེ་མོ་རྫོང་དར་གྲོང་ཤང་ཞོ་ལེགས་གྲོང་ཚོ་ཡིན་པ་དང་། ལོ་རྒྱུས་ཐོག་སྙེ་ཤོག་ཐོན་ཡུལ་གྱི་གྲོང་ཚོ་གཙོ་བོ་དེ་ཡང་ཡིན་པས། དེ་སྔ་དུད་ཚང་ཕལ་ཆེ་བས་སྙེ་ཤོག་བཟོ་གི་ཡོད་རུང་སྙེ་ཤོག་གི་རྒྱུ་ཆ་གཙོ་བོ་རེ་ལྕག་གི་ཐོན་ཁུངས་དཀོན་ལ། བར་སྐབས་ཤིག་རིང་བོད་ཤོག་བྲིན་ཁ་མི་རྒྱུག་པར་བརྟེན་དམངས་གཙོའི་བཅོས་སྒྱུར་གོང་དུད་ཚང16ལས་མ་ལྷག་པ་དང་ད་ཆ་དུད་ཚང་གཅིག་ལས་མ་ལྷག་པ་དེ་ནི་ཚེ་རིང་རྡོ་རྗེའི་ཁྱིམ་ཚང་རེད། བོད་ཀྱི་གཏམ་དཔེར་དཀོན་པ་ཙམ་གྱིས་རིན་ཐང་ཞེས་པ་ལྟར་ད་ཆ་ཁོང་ལ་གོང་འོག་ཀུན་གྱི་ཐུགས་ཁུར་རྒྱབ་སྐྱོར་ཐོབ་ནས་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པར་གྱུར་པར་མ་ཟད། ཁོང་གི་རྒྱུན་འཁྱོངས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྙེ་ཤོག་བཟོ་བའི་ལག་རྩལ་བརྒྱུད་འཛིན་ཐུབ་པ་བྱུང་ཡོད།

བོད་ཤོག་གི་བརྒྱུད་འཛིན་པ་གཞན་ཞིག་ནི་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བོད་ཤོག་བཟོ་རྩལ་བརྒྱུད་འཛིན་པ་བྱམས་པ་བརྩོན་འགྲུས་ཡིན་ཞིང་། ཁོང་ནི་གྲགས་ཅན་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ཞིག་ཡིན་རུང་། དེར་བློ་ཡིད་ཚིམས་ནས་མ་བསྡད་པར་ལག་རྒྱུན་སྟོང་ལ་ཉེ་བའི་བོད་ཀྱི་སྲོལ་རྒྱུན་བོད་ཤོག་བཟོ་རྩལ་སྦྱོང་བར་གཞོལ། 1990ལོ་ནས་བཟུང་བྱམས་པ་བརྩོན་འགྲུས་ཀྱིས་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དང་། ཉིང་ཁྲི་ས་ཁུལ་སྣང་རྫོང་། ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་སོགས་སུ་དམངས་ཁྲོད་བོད་ཤོག་བཟོ་རྩལ་མཁས་ཅན་ལ་བཅར་འདྲི་བྱས་པ་དང་ཆབས་ཅིག ལག་རྩལ་སྦྱོང་འགོ་བཙུགས། དེས་མ་ཚད་ད་དུང་ལྗོངས་ཕྱི་དང་རྒྱལ་ཕྱིར་བསྐྱོད་དེ་བོད་ཤོག་བཟོ་རྩལ་བྱང་ཆུབ་པ་ཞིག་སྦྱངས་ཤིང་། ཁོང་གིས་སི་ཁྲོན་དཀར་མཛེས་ཁུལ་སྡེ་དགེ་པར་ཁང་དུ་བསྐྱོད་དེ་ས་གནས་དེ་གའི་བོད་ཤོག་བཟོ་བའི་བརྒྱུད་རིམ་ལ་རྟོག་ཞིབ་ཞིབ་ཚགས་བྱས་པར་མ་ཟད། ད་དུང་ནེ་པ་ལར་བསྐྱོད་དེ་ས་གནས་དེ་གའི་ཤོག་བུ་བཟོ་མཁན་དང་ཉམས་མྱོང་སྤེལ་རེས་ཀྱང་བྱས།

ཁོང་གིས་ད་དུངབོད་ཤོག་བཟོ་རྩལ་མྱུར་སྐྱོབ་དང་འཕེལ་རྒྱས་ཀྱི་བརྒྱུད་རིམཞེས་པའི་དེབ་ཅིག་བརྩམས་ཡོད།

མཚར་སྡུག་རྣམ་པར་བཀྲ་བའི་བོད་ཤོག་བཟོ་རྩལ།

དྲུག  བོད་ཤོག་གི་དམིགས་བསལ་ཁྱད་ཆོས།

བོད་ཤོག་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་དམིགས་བསལ་ཐོན་ཟོག་ཅིག་ཡིན་ཞིང་། དེའི་ཁྱད་ཆོས་གཙོ་བོ་ནི་མཁའ་རླུང་སྐམ་ཤས་ཆེ་ཞིང་གསོ་རླུང་དཀོན་པའི་ཡུལ་ནས་ཐོན་པས་སྤྱིར་ན་བརླན་གཤེར་འགོག་ཐུབ་པ་དང་། ཤོག་བུའི་རྒྱུ་ཆར་དུག་གཡའ་ཡོད་པས་རུལ་དཀའ་ཞིང་འབུ་དང་བྱི་བ་སོགས་ཀྱིས་མི་ཟ་བ། སྐྱུར་གྱི་རང་བཞིན་མི་ལྡན་ཞིང་སྲ་ལ་མཉེན་པ་དང་ལྟེབས་རྩེག་རྒྱག་པ་དང་རེག་བརྡར་བྱས་རུང་རལ་དཀའ་བས་ཡུན་རིང་ཉར་ཚགས་བྱེད་ཐུབ། ཁྱད་པར་སྲོག་ཆགས་ཀྱི་པགས་པ་ལྟར་སྙི་ཞིང་རལ་དཀའ་བ་དེས་སོ་སོའི་དགོས་མཁོ་ལྟར་ཆ་ཚད་གང་བདེར་བཟོ་ཆོག ལྷག་དོན་ཚོན་ཤོག་ནི་མཛེས་རྒྱན་དང་། ལེགས་སྐྱེས་དངོས་རྫས། དེབ་ཀྱི་རྒྱབ་ཤོག་སོགས་བཟོ་བར་དམིགས་བསལ་ཁྱད་ཆོས་ལྡན་ཡོད་ལ། ཁ་ཞེང་ཆེ་བའི་བོད་ཤོག་ནི་དེ་བས་ཀྱང་ཡིག་གཟུགས་སྒྱུ་རྩལ་དང་མཛེས་རིས་འབྲི་རྒྱུར་དགའ་བའི་མི་ཚོའི་གདམ་ག་ལེགས་ཤོས་ཤིག་རེད། དེའི་ཐད་ཀྱི་རྒྱུན་འཛིན་པས་བོད་ཤོག་ལ་མ་མཐར་ཁྱད་ཆོས་དེ་དག་ཡོད་པའི་ངོས་འཛིན་བྱེད་པ་སྟེ། ཉར་ཚགས་ཀྱི་དུས་ཡུན་རིང་བ་དང་འབུ་མི་རྒྱག་ལ་ཙི་ཙི་སོགས་ཀྱིས་སོ་མི་རྒྱག་པ་དང་། དུས་ཚོད་རིང་པོ་ཕྱིན་རུང་འཕྲོ་བརླག་མི་འགྲོ་བ། ཡི་གེ་གསལ་ལ་མི་རལ་བ། སྤོ་བདེ་ལ་ཉར་ཚགས་བྱེད་བདེ་བ། མཉེན་ལ་འཇམ་པ། སྣག་རྫོབ་མི་ཐེབས་པ། ཤོག་བུར་ཡུན་རིང་བལྟས་རུང་མིག་ལ་མི་གནོད་པ། ལྟེབས་ཉེས་མི་ཤོར་བ་དང་ཚོས་མི་ལོག་པ། ཤོག་རོའང་ཚུར་བསྡུ་བྱས་ནས་བཟོ་རྩལ་ཐོན་རྫས་བཟོ་ཆོག་པ་བཅས་རེད། ལྷག་དོན་དེང་གི་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་བོད་ཤོག་ནི་སྲ་ཚད་དང་། གཉེན་ཚད། ཞིབ་ཚད་ཀུན་ནས་སྐབས་དེའི་ཡོ་རོབ་གླིང་གི་ཤོག་བུ་ལས་ཞན་པ་མེད་པས་རྩོམ་ཡིག་དང་མཛེས་རིས་གང་བདེར་འབྲི་ཆོག་ལ་ཤོག་གུར་དང་སྒེའུ་ཁུང་གི་ཁྲ་རྒྱན་སོགས་ཀྱང་བྱས་ཆོག་པ་འདུག་ཅེས་དང་། ཡང་གནའ་བོའི་བོད་ཤོག་ནི་སྲ་ཞིང་མཉེན་ལ་མཐུག་ཅིང་འབུས་མི་ཟ་བས་ཤོག་བུའི་ནང་ནས་ཁྱད་དུ་འཕགས་ཅེས་བསྔགས་བརྗོད་བྱེད་བཞིན་ཡོད། 

སྐལ་ཐུབ་དང་ཡེ་ཤེས་ཀྱིས་སྡུད་སྒྲིག་བྱས་ཤིང་པར་རིས་ནི་ཡོངས་འཛིན་དང་མི་དམངས་དྲ་བ་ལས་དྲངས།


  • ལེ་ཚན་སྔོན་མ།:ལི་མ་བཟོ་བའི་ལག་རྩལ།
  • ལེ་ཚན་རྗེས་མ།:ཇ་རྟ་གནའ་ལམ་ཐོག་གི་ཚྭ་ལྷོའི་གནའ་བོའི་ཚྭ་བཟོ་ལག་རྩལ་།
  • དོ་སྣང་ཆེ་བའི་རྩོམ།