དྭངས་ར་གཡུ་མཚོ།(1)

        2010-05-13

དྭངས་ར་གཡུ་མཚོ།དྭངས་ར་གཡུ་མཚོ།
བོད་ལྗོངས་ཀྱི་གནས་རི་གྲགས་ཅན་བསྟར་སྒོ་དང་གནས་མཚོ་ཆེན་པོ་བཞིའི་ཁོངས་སུ་གཏོགས་པའི་དྭངས་ར་གཡུ་མཚོ་གཉིས་ལེ་དབར་ཁྲི་ཕྲག་ལྡན་པའི་བྱང་ཐང་ནུབ་རྒྱུད་ཀྱི་འོམ་བུ་རྩྭ་ཐང་སྟེང་འགྲོགས་ནས་ཡོད། དེ་གཉིས་དམངས་ཁྲོད་དུ་ལྷ་སྒྲུང་ངམ་ཡང་ན་ངག་རྒྱུན་ཁྲོད་སྟེས་དབང་དུ་གླེང་སྲོལ་ཡོད་པ་ཕུད་ཤེས་རྟོགས་ཡོད་མཁན་ཤིན་ཏུ་ཉུང་ཉུང་རེད།
   ངག་རྒྱུན་དུ་གནའ་སྔ་མོའི་ས་རྒྱུ་ཞན་པའི་དུས་སུ་གཞི་བདག་བསྟར་སྒོ་ཡིས་འོམ་བུ་ཁུར་ནས་ལྷ་སའི་སྟོད་ལུང་བདེ་ཆེན་དུ་འོངས་ཏེ་ནས་ཀྱི་ས་བོན་བཟང་པོ་བཙལ་སྟབས་ས་འདིའི་ཡུལ་ལྷར་ཕོག་ཐུག་བྱུང་བས་ལྷ་དམངས་ཀྱིས་ཚ་འདེད་བཏང་བ་རེད། དེ་ནས་བསྟར་སྒོས་དཀའ་སྡུག་ཚད་མེད་མྱངས་ཏེ་འོམ་བུར་ཕྱིར་སླེབས་སྐབས་ནས་སོན་འཕྲོག་བཅོམ་ཕོག་ནས་འབྲུ་རྡོག་བཅུ་གྲངས་འགའ་ཤས་ལས་ལྷག་མེད་པ་དེ་དག་ཁོང་གིས་གཟབ་གཟབ་ངང་རང་གི་ཆུང་མའི་འགྲམ་དུ་བཏབ།  དྭངས་ར་གཡུ་མཚོས་རང་ཉིད་ཀྱི་ནུ་ཞོ་བཏབ་ནས་ས་ཞིང་ཞིབ་ཚགས་བྱས་སྟབས་ལྗང་པ་སྐྱེས།  དེ་རྗེས་ཁྱོ་ཤུག་གཉིས་འབྲོག་པ་ཚོའི་དགའ་སྤྲོ་འབོད་སྒྲའི་ཁྲོད་དུ་སྤྲུལ་པར་བསྒྱུར་པ་རེད་ཅེས་བཤད་སྲོལ་ཡོད།  དེ་ནས་བཟུང་འོམ་བུའི་ནས་ལས་འཐག་པའི་རྩམ་པའི་སྤུས་ཚད་བོད་ཁུལ་ཡོངས་སུ་བཟང་ཤོས་ཡིན་པར་གྲགས། 
དྭངས་ར་གཡུ་མཚོ་ནི་བོད་ལྗོངས་ཀྱི་གདོད་མའི་བོན་ཆོས་ཀྱིས་དད་བཀུར་བྱེད་པའི་གནས་མཚོ་ཆེ་ཤོས་ཡིན་ལ། མཚོ་ཆེན་ཨང་གསུམ་པ་ཡང་ཡིན་ཞིང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་1400དང་། རིང་ཚད་རིང་ཤོས་སར་སྤྱི་ལེ70 །  ཆ་སྙོམས་ཞེང་ཚད་སྤྱི་ལེ20།    མཐོ་ཚད་ལ་རྒྱ་མཚོ་ངོས་ལས་སྨི་4600 ལྷག་ཡོད།  
   ཉི་མ་རྫོང་ནས་ལྷོ་ནུབ་ཕྱོགས་སུ་མཐོ་སྨི་500ལྷག་ལྡན་པའི་ལ་ཞིག་བརྒྱབ་རྗེས་དྭངས་ར་གཡུ་མཚོར་སླེབས།  མཚོ་འདི་གཏིང་ཟབ་པོར་སྣང་བའི་མཚོ་གཞོང་གི་མཐིལ་དུ་ཆགས་ཤིང་དྭངས་ཆུང་མཚོ་དང་འབྲེལ་ནས་ཡོད།  དོན་དམ་དུ་དྭངས་ཆུང་མཚོ་དང་དྭངས་ར་གཡུ་མཚོ་གཉིས་ཀ་མཚོ་གཞོང་གཅིག་ནང་ཆགས་ཡོད་ཅིང་།  མཚོ་མ་སྐམ་གོང་མཚོ་གཅིག་གི་ཁོངས་སུ་གཏོགས།  བཤད་སྲོལ་ལ་དྭངས་ཆུང་མཚོའི་མདོག་ཉིན་གཅིག་ནང་སྣ་རིགས་གསུམ་དུ་འགྱུར་ཞིང་མི་ཡི་ཡིད་དབང་རབ་ཏུ་འཕྲོག     མཚོའི་ཤར་ངོགས་ནི་རྒྱུན་ཁྲིགས་སུ་སུ་ཆགས་ཤིང་ཡོལ་སྒྲོམ་ལྟར་འགྱིང་ངེར་གནས་པའི་ཁམ་མདོག་རི་ལྡེབས་ཡིན་པ་དེ་དག་ལས་མཚོའི་ངོས་ཇེ་དམའ་སོང་ཐེངས་རེའི་ལོ་རྒྱུས་གསལ་བོར་མཚོན།   མཚོ་རྒྱུད་ཀྱི་རི་རྩེ་ནས་མཚོ་འགྲམ་དུ་མཚོ་ཆུས་བཤལ་ནས་ཆགས་པའི་སྐས་རིམ་གྱིས་བསྐོར་ཡོད།  
  དྭངས་ར་གཡུ་མཚོའི་འགྲམ་དུ་ཁྱིམ་དུད་བརྒྱ་ལྷག་ལ་ཉེ་བའི་གྲོང་ཚོ་ཆུང་ཆུང་ཞིག་ཡོད་པ་དེར་འོམ་བུ་ཞང་ཟེར།  གྲོང་ཚོའི་མི་ཚང་མང་ཆེ་བ་ས་མ་འབྲོག་ཡིན་ཞིང་།   མཚོ་འགྲམ་དུ་ས་ཞིང་འགའ་ཞིག་གསར་དུ་རྨོས་ཏེ་ནས་དང་།   ཞོག་ཁོག་དང་པད་ཁོག   ཚལ་རིགས་སོགས་བཏབ་ཡོད།   རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4500ལྷག་ཡོད་པའི་ས་གནས་དེར་ཡང་ལོ་ཏོག་དེ་རིགས་འདེབས་ཐུབ་པ་ནི་མི་ཚོ་ཧ་ལས་དགོས་པ་དང་དུས་མཚུངས་སུ་ངག་རྒྱུན་ཁྲོད་ཀྱི་གཞིས་བདག་བསྟར་སྒོ་དང་ཁོང་གི་ཆུང་མའི་བཀའ་དྲིན་ཡང་དྲན་པར་བྱེད།
  • ལེ་ཚན་སྔོན་མ།:མཚོ་ཕུ་ལྷ་མཚོ
  • ལེ་ཚན་རྗེས་མ།:ཆུ་ ཀླུང་ དང་ མཚེའུ།