རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 1

ཤ་བོ་བཙུན་ཐར། རྨ་ལྷོ།        2011-01-20

དང་པོ། གླེང་གཞི།
“འཆམ་ཞེས་པ་ནི་དམིགས་བསལ་གྱི་དགོན་སྡེའི་ནང་འཁྲབ་སྟོན་བྱ་བའི་རྣམ་གྲངས་ཤིག་སྟེ། དེ་ནི་སྔར་སྟོན་པ་ཤཱཀྱ་ཐུབ་པས་གསང་སྔགས་ཀྱི་ཆོས་འཁོར་བསྐོར་བའི་སྐབས་སུ་གསང་སྔགས་ཀྱི་ནང་དོན་དང་མཐུན་པའི་སྐུའི་བཀོད་པ་སྣ་ཚོགས་སྐུ་བརྙན་དུ་བྱས་པ་དང་། རི་མོར་བྲིས་པ། ཞལ་འབག་ཏུ་བཞེངས་ནས་རིས་མེད་གྲུབ་མཐའ་སོ་སོས་གསང་སྔགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་དུ་ཕྱག་མཞེས་མཛད་དེ། སྒྲུབ་མཆོད་དེ་དག་གི་སྐབས་དང་ཡང་ན་སྒྲུབ་མཆོད་དེ་དག་མཇུག་སྒྲིལ་བའི་མཚམས་སུ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཆས་སུ་ཞུགས་ནས་སྦྱིན་སྲེག་བླུགས་པ་དང་། ལྕགས་མཁར་སྲེག་པ། གཏོར་ཟོར་འཕེན་པ་བཅས་ཀྱི་སྐབས་སུ་གསང་སྔགས་ཀྱི་ཆོ་གའི་འགྲོས་དང་བསྟུན་པའི་རྔ་རྡུང་། སྦུབ་དཀྲོལ། དུང་ཆེན་འབུད་པ་སོགས་རོལ་མོ་དཀྲོལ་ཐོག་འདོན་པའི་ཚིག་དང་རྟ་དབྱངས་འགལ་མེད་ཀྱི་ཐོག་ནས་འཆམས་པ་ཞིག་ཡིན་ཞིང་། ལྟད་མོ་བ་རྣམས་ནས་བྱིན་རླབས་ཞུ་བའི་དམིགས་པ་བཅིངས་ལ། འཆམས་པ་པོས་ཀྱང་བྱིན་རླབས་སྩོལ་བའི་དམིགསག་པ་འཆང་གི་ཡོད།”(༡)དེའི་དམིགས་ཡུལ་ནི་ཆོས་ལུགས་ཀྱི་ཆོ་ག་འདི་བརྒྱུད་ནས་སངས་རྒྱས་ཀྱི་བསྟན་དགྲ་དང་སེམས་ཅན་གྱི་སྤྱི་དགྲ་བསྒྲལ་པ་ཡིན་ལ། དེ་ནི་གཏོར་ཟོར་འཕེན་པའི་སྐབས་ཀྱི་འདོན་པ་ལས། “དེ་རིང་གི་གཏོར་འདི་ནམ་མཁའི་ལྷ་ལ་མི་འཕེན།ས་གཞིའི་ཀླུ་ལ་མི་འཕེན། །བར་སྣང་གཉན་ལ་མི་འཕེན། སངས་རྒྱས་ཀྱི་བསྟན་དགྲ། སེམས་ཅན་གྱི་སྤྱི་དགྲ་དེར་འཕེན་པ་ཡིན”ཞེས་པ་ལས་ཀྱང་ཤེས་ཐུབ།
གཉིས་པ། འཆམ་གྱི་བྱུང་བ་བརྗོད་པ།
དེ་ཡང་རོང་བོ་བླ་མ་བསམ་གཏན་རིན་ཆེན་གྱིས་རབ་བྱུང་དྲུག་པའི་ཆུ་རྟ་ལོར་རིག་པ་འབྱུར་བའི་གྲོང་ཁྱེར་གྱི་ལྟེ་བར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་ཕྱོགས་ལས་རྣམ་རྒྱལ་བའི་སྡེ་གསར་འདེབས་མཛད་རྗེས། ཁྲི་རབས་རིམ་བྱོན་གྱིས་འཆད་རྩོད་རྩོམ་གསུམ་གྱི་བཀའ་དྲིན་བསྐྱངས་པར་བརྟེན། དེའི་མཐའ་བསྐོར་དུ་སྒྲུབ་སྡེ་བཅོ་བརྒྱད་ཀྱིས་ཡོངས་སུ་བསྐོར་ཅིང་བསྟན་པ་ཉིན་མོ་བཞིན་དུ་ཤིན་ཏུ་གསལ་བར་གནས་སོ། །སྒྲུབ་སྡེ་དང་དགོན་པ་འདི་དག་ལ་རང་རང་གི་འདོན་ཆོས་སྤྱོད་དང་ཆོས་ལུསག་ཀྱི་བྱེད་སྒོ་ཁ་ཚང་བ་ཡོད་ལ། ལྷག་པར་དུ་རོང་བོ་དགོན་དཔལ་ལྡན་ཆོས་འབྱོར་གླིང་དང་མ་མགོ་དགོན་དགའ་ལྡན་ཕུན་ཚོགས་གླིང་། སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་སོགས་དགེ་ལུགས་པའི་དགོན་པར་ཧོར་ཟླ་དང་པོར་སྨོན་ལམ་ཆེན་མོ་འཚོགས་དུས་འཆམ་རྒྱག་པའི་སྲོལ་ཡོད།
“འཆམ་དེ་ཐོག་མར་བོད་དུ་དར་སྤེལ་མཛད་པ་པོ་ནི་སློབ་དཔོན་པད་མ་འབྱུང་གནས་དང་མཁན་པོ་བོདྡྷི་ས་ཏྭ་གཉིས་ཡིན་ཞིང་། ཁོང་རྣམ་གཉིས་བོད་དུ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་གི་རབ་གནས་མཛད་སྐབས་རྒྱུད་དང་མཐུན་པའི་རྡོ་རྗེའི་གར་མཛད་པ་དང་། དེའི་རྗེས་བསྟན་པ་ཕྱི་དར་གྱི་སྐབས་སུ། མངའ་རིས་གུ་གེ་རྒྱལ་པོ་ལྷ་བླ་མ་སྐུ་མཆེད་ཀྱིས་མཐོ་ལྡིངས་གཙུག་ལག་ཁང་བཞེངས་ཤིག་གསང་སྔགས་ཀྱི་གཞུང་ལུགས་མང་པོ་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་རྗེས།ལོ་ཙཱ་བ་རིན་ཆེན་བཟང་པོས་རྒྱུད་སྡེའི་དགོངས་པ་དང་མཐུན་པའི་རྡོ་རྗེའི་གར་གྱི་རིགས་རྣམས་དར་སྤེལ་མཛད་པ་དང་། དེ་བཞིན་ས་སྐྱ་དང་བཀའ་བརྒྱུད་རྙིང་མ་སོགས་ལ་རང་རང་གི་ཕྱག་བཞེས་སུ་ཡོད་པའི་གར་འཆམ་ཆ་ཚང་བར་དར་ཡོད།”(༢)
  • ལེ་ཚན་སྔོན་མ།:འཆམ།
  • ལེ་ཚན་རྗེས་མ།:རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 2
  • དོ་སྣང་ཆེ་བའི་རྩོམ།