རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 1(3)
ཤ་བོ་བཙུན་ཐར། རྨ་ལྷོ། 2011-01-20
༡ གུར།
“དཔལ་ལྡན་གུར་གྱི་མགོན་པོ་རྡོ་རྗེ་ནག་པོ་ཆེན་པོ་འདི་ཉིད་ཐོག་མར་བླ་མ་གཉན་ལོ་ཙཱ་བ་དར་མ་གྲགས་ཞེས་བྱ་བ་དེ་རྒྱ་གར་དུ་བྱོན་ནས་བླ་མ་མང་པོར་བསྟེན་ཅིང་། བླ་མ་རྡོ་རྗེ་གདན་པར་ཆོས་མང་དུ་གསན་ནས་བོད་དུ་འབྱོར་མ་ཆེན་མོ་ཞིག་ལས་ཁྱད་པར་གྱི་མན་ངག་བཞི་དང་ཆོས་སྐྱོང་འདི་དངོས་སུ་གནང་།
གཉན་ལོ་ཙཱ་བས་ཁོ་རང་གི་ཉེ་གནས་དར་མ་རྒྱལ་མཚན་ལ་མགོན་པོ་འདིའི་མན་ངག་རྣམས་རྫོགས་པར་གནང་། དེས་ས་ཆེན་ཀུན་དགའ་སྙིང་པོ་ལ་གནང་་། དེ་ནས་བཟུང་སྟེ་དཔལ་ལྡན་ས་སྐྱ་བ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་སྲུང་མ་གཙོ་བོར་བཞུགས”(༥)དེ་ནས་ལྕགས་རྟ་ལོར་འགྲོ་མགོན་འཕགས་པས་ལྷ་རྗེ་བྲག་སྣ་བར་གནང་སྟེ། རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་སྐྱོང་དུ་བཞུགས་སུ་གསོལ་ལོ། །
དེ་ཡང་དཔལ་ལྡན་གུར་གྱི་མགོན་པོ་རྡོ་རྗེ་ནག་པོ་ཆེན་པོའི་ཆ་བྱད་ནི“སྐུ་མདོག་ནག་པོ་ཞག་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང་གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གནྚི་བསྣམས་པ། སྤྱན་གསུམ་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛགས་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱུད་དྲུག་དང་སྦྲུ་གྱིས་བརྒྱན་པ་དང་། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོ་པན་དང་། མིའུ་ཐུང་གེལ་བའི་འདུག་སྟེགས་ཀྱིས་རོའི་སྟེང་ན་བཞུགས་པ། དེའི་གཡས་ན་བྱ་ནག གཡོན་ན་ཁྱི་ནག རྒྱབ་ན་ལྕགས་སྤྱང་། མདུན་ན་མི་ནག སྟེང་ན་ནམ་མཁའ་ལྡིང་གི་སྤྱུལ་བའི་ཕོ་ཉ་འཕྲོ་བའོ།”(༦)
༢ དཔལ་ལྡན་ལྷ་མོ།
“ལྷ་མོ་འདི་ཉིད་ཨུ་རྒྱན་གྱི་གནས་ནས་པཎྚི་ཏ་གསང་པ་ཤེས་རབ་སྟེ། མཚན་གཞན་ལ་ཨཱཙརྱ་དམར་པོ་ཞེས་པས་སྤྱན་དྲངས། ཁོས་གནུབས་རྣམ་པ་གཉིས་ལ་གནང་། དེ་གཉིས་ལ་ཞལ་པྲཛྙཱ་གུ་རུས་གསན། དེ་ནས་རིམ་པར་བརྒྱུད་དེ་འཇམ་དབྱངས་འཁོན་སྟོན་གྱིས་སྤྱན་དྲངས་ནས་བོ་དོང་ཨེའི་ཆོས་སྐྱོང་དུ་བསྐོས། དེ་ནས་འཇམ་དབྱངས་ཆོས་བཟང་དཔལ་བ་ལ་རྗེ་དགེ་འདུན་གྲུབ་པས་གསན། དེ་ལ་རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་གྱིས་གསན།
དེ་ཡང་དཔལ་ལྡན་དམག་ཟོར་རྒྱལ་མོའི་ཆ་བྱད་ནི། དྲེའུ་རྐྱང་སེར་གྭ་པ་སྲིན་པོའི་ཐོད་པོའི་སྒང་དང་པགས་པས་གཡོགས་ཤིང་། གོང་རྨེད་དང་སྲབ་མཐུར་གདུག་པའི་སྦྲལ་ལས་བྱས་པ། དེའི་སྟེང་དུ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེས་མཚན་པའི་བེ་ཅོན་འཕྱར་ཞིང་། གཡོན་ཐུན་དང་ཁྲག་གི་བཀང་བའི་ནལ་ཐོད་ཐུགས་ཀར་འཛིནཔ། ཞལ་གདངས་ཤིང་མཆེ་བ་རྣོན་མོ་བཞི་གཙིགས་ནས་མི་རོ་རེངས་བོ་ཟ་ཞིང་སྤྱན་གསུམ་དམར་ལ་ཁྲོ་གཉེར་བསྡུས་ཤིང་། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་སྨིན་མ་དང་སྨ་ར་འབར་བ། སྙན་གཡས་ལ་སེང་གེ་དང་། གཡོན་ལ་སྦྲུལ་གྱིས་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་སོར་རིས། ཐལ་ཆེན་གྱི་ཚོམ་བུས་བྱུགས་ཤིང་། སྤྱི་བོར་ཟླ་བ་དང་། ལྟེ་བར་ཉེ་མའི་དཀྱིལ་འཁོར་འཆར་ཞིང་། དར་ནག་གི་ལྷབ་ལྷུབ་དང་། མི་ལྤགས་ཀྱི་གཡང་གཞི། རེ་བ་ནག་པོས་སྟོད་གཡོགས་ཤིང་། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ་སྦྲུལ་ཉིས་གཤིབས་ཀྱི་སྐ་རགས་བྱས་པ། སྒའི་སྔ་ཤ་ལ་ནད་རྐྱལ་དང་། ཚོན་གྱི་དྲུ་གུ་ཕྱི་ཤ་ལ་འཕྱང་ཞིང་། འཁྲམ་ཤིང་རྐེད་ལ་གཟེར་བ། བྱང་དམར་གྱི་ཁྲེས་པོ་དང་། ཤོ་རྡེའུ་དཀར་ནག་སྔ་ཤ་ལ་འཕྱར་ཞིང་། དབུ་ལ་རྨ་བྱའི་གདུགས་ཕུབ་པའོ། ། ”(༧)
༣ མགོན་པོ།
“མགོན་པོ་འདི་ཉིད་ཀྱི་མག་ངག་དཔལ་ལྡན་ཤ་ཝ་རི་དབང་ཕྱུག་དང་།གྲུབ་ཆེན་རཱ་ཧུ་ལ། ས་ར་ཧ་རྣམས་ཀྱིས་རྡོ་རྗེ་འཆང་དངོས་དང་། ནི་གི་མ་སོགས་ལ་དོངས་སུ་གསན་ཏེ་བརྒྱུད་པ་མཁས་གྲུབ་ཁྱུང་བོས་གསན་ཏེ་དར་བ་ཡིན། དེ་ཡང་ཡེ་ཤེས་ཀྱི་མགོན་པོའི་ཆ་བྱད་ནི། ཚོགས་ཀྱི་བདགཔོ་དཀར་པོ་གླང་བོ་ཆེའི་སྟེང་དུ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཞལ་གཅིག་ཕྱག་དྲུག་པ་སྤྱན་གསུམ་སྡང་མིག་གཟིགས་པ། ཞལ་གདངས་མཆེ་གཙིགས་ལྗགས་འདྲིལ་བ་དང་། སྨ་ར་དང་སྨིན་མ་དང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ།དཔྲལ་བར་སིནྡྷུ་རའི་ཐིག་ལེས་བྱུགས་པ། སྤྱི་བོར་མི་བསྐྱོད་རྒྱལ་པོས་རྡོ་རྗེ་གྲི་གུག་དང་། གཡོན་དང་པོས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། གཡས་གཉིས་པར་ཐོད་སྐམ་གྱི་ཕྲེང་བ་དང་། ཐ་མས་ཌ་མ་རུ་དྲག་ཏུ་འཁྲོལ་བ། གཡོན་གཉིས་པ་ན་མདུང་རྩེ་གསུམ་པ། ཐ་མ་ན་རྡོ་རྗེ་ཞགས་པ། བསྣམས་པ། ཞབས་གཉིས་སྲིད་གསུམ་རྣམ་པར་གནོན་པའི་སྟབས་ཀྱིས་བགེགས་ཀྱི་རྒྱལ་པོ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ། དར་ལྗང་གུའི་སྐ་རགས་བཅིངས་པ། སྦྲུལ་སྔོན་མོའི་དབུ་སྐྲ་བཅིངས་ཤིང་། དམར་པོའི་སྙན་ཆ། ཁྲག་བོའི་དཔུང་རྒྱན། དཀར་པོའི་མགུན་རྒྱན། སེར་བོའི་ལག་གདུབ། ལྗང་གུའི་དོ་ཤལ། དཀར་པོའི་རྐང་གདུབ་དང་སྐ་རགས་ཅན། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁའི་ཕྲེང་བ་དང་། སྦོམ་ཐུང་ཡན་ལ་ག་ཧྲག་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་དྲུག་གིས་མཛེས་ཤིང་། མེ་དཔུང་འབར་བའི་དབུས་ན་བཞུགས་ཤིང་། ཙན་དན་གྱི་སྡོང་བོ་ལ་རྒྱབ་རྟེན་པའོ།།”(༨)
༤ རྣམ་ཐོས་སྲས།
“རྒྱལ་ཆེན་བཞིའི་བཀའ་གཏན་ནི་རྡོ་རྗེ་འཆང་དང་། ཕྱག་ན་རྡོ་རྗེས་བྷ་ཝ་བྷ་དྲ་ལ་གནང་བའི་བརྒྱུད་པ་བེེ་རོ་ཙ་ན་རཀྵི་ཏ་དང་། སྟོད་ལུང་བེེ་རོས་ཞང་འཚལ་བ་ལ་གནང་ནས་བརྒྱུད་པ་ཡིན།
རྒྱུད་ཆེན་སྡེ་བཞིའི་རིགས་ལས་རྣམ་ཐོས་སྲས་ཀྱི་ཆ་ལུགས་ནི་སྐུ་མདོག་སེར་བོ་ནོར་བུས། མཚན་པའི་བེ་ཅོན་དང་། གཏེར་གྱི་ནེའུ་ལེ་འཛིན་པ། སྐུ་ལུས་སྦོམ་ཞིང་བཞད་པ། གཡས་གཡོན་ན་གཏེར་གྱི་བུམ་པ་དང་། རིན་པོ་ཆེའི་ཆུ་བོ་འབབ་པ།དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་། དཔའ་ཞིང་བརྗིད་ལ་བཟོད་པར་དཀའ་བའི་གཟི་འོད་ཅན། སྤྱན་ཟླུམ་པོ་གདངས་པ་རིན་པོ་ཆེའི་ཡ་ལད་གསོལ་བ། ཡིད་བཞིན་ནོར་བུའི་ཅོད་པན་དང་བཅས་པའི་ཟེའུ་ཁ་ལ་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཡོངས་སུ་རྫོགས་པའོ། །”(༩)