རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 1(2)
ཤ་བོ་བཙུན་ཐར། རྨ་ལྷོ། 2011-01-20
“དགེ་ལུགས་པའི་འཆམ་ནི་སྤྱི་ལོ༡༦༤༥ལོར་པཎ་ཆེན་སྐུ་ཕྲེང་བཞི་བ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཀྲ་ཤིས་ལྷུན་པོ་དགོན་ནས་ཐོག་མར་འཆམས་ཤིང་།དེའི་རྗེས་རྒྱལ་དབང་སྐུ་ཕྲེང་བདུན་པ་སྐལ་བཟང་རྒྱ་མཚོས་ཕོ་བྲང་པོ་ཏ་ལའི་བདེ་གཡང་ཤར་ཐར་ཆེན(ཕོ་བྲང་དཀར་བོའི་ཐང་ཆེན)དུ་འཆམ་པ་ནས་བཟུང་བོད་གངས་ཅན་གྱི་དགེ་ལུགས་པའི་དགོན་པ་ཡོངས་ལ་ཆེས་ཆེར་དར་ཞིང་།ཆོས་ལུགས་ཀྱི་མཛད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད། ”(༣)དེ་ཡང་རོང་བོ་དགོན་པའི་འཆམ་ནི“རབ་བྱུང་བཞི་པའི་ལྕགས་རྟ་ལ་འགྲོ་མགོན་འཕགས་པ་སླར་ཡང་སོག་ཡུལ་དུ་ཕེབས་པའི་སྐབས་སུ།གྲུབ་པའི་དབང་ཕྱུག་རོང་ཆེན་ལྷ་རྗེའམ་ལྷ་རྗེ་བྲག་སྣ་བ་འཕགས་པ་རིན་པོ་ཆེར་མཇལ་དུ་ཕེབས་པར། བླ་མ་དེ་ཉིད་ཀྱི་ཞལ་ནས། ཁྱེད་རང་འདིར་མ་འདུག་པར་ཨ་མདོར་སོང་དང་ས་རྡོ་རྗེའི་དབྱིབས་དང་འདྲ་བའི་སྐེད་པར་ཁྱོད་ཀྱི་རིགས་རྒྱུད་ཀྱིས་སངས་རྒྱས་བསྟན་པ་འཛིན་པའི་དགོས་པ་ཡོད་དོ་གསུངས་ནས།ལྷ་རྗེའི་རེ་བ་ལྟར་ཡི་དམ་ཆོས་སྐྱོང་དབྱེར་མེད་པ་བསྟན་སྲུང་རྒྱ་མཚོའི་སྡེ་དཔོན་དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ཆོས་སྐྱོང་དུ་གནང་།”(༤)དེ་དང་མཉམ་དུ་ཆོས་སྐྱོང་ཆེན་པོ་འདིའིབསྐང་གསོལ་དང་ཆོས་སྤྱོད་ལག་ལེན་རྣམས་མཉམ་དུ་གདན་འདྲེན་བྱས་ཡོད་པ་ནི་སྨྲ་མི་དགོས་པས་ང་ཚོས་འཆམ་འདི་ནི་སྐྱའི་འཆམ་རྒྱུན་ཡིན་ཞེས་བཤད་ཆོག་ལ། འདི་གའི་ཡུལ་མི་རྣམས་ལ་ཡང་རོང་བོ་དགོན་པའི་འཆམ་ལ“གུར་འཆམ”ཞེས་པའི་ངག་རྒྱུན་ཡོད། དགོན་འདིའི་འཆམ་པ་ནི་གྲྭ་ཚང་ཐོས་བསམ་རྣམ་རྒྱལ་གླིང་གི་གྲྭ་ཚང་ཐོས་བསམ་རྣམ་རྒྱལ་གླིང་གི་གྲྭ་པ་ཡིན་ལ། གྲྭ་ཚང་འདི་ནི་ཆོས་བ་རིན་ཆེའི་ཐུགས་བཀོད་ལྟར་ཡབ་རྗེ་བླ་མ་སྐལ་ལྡན་རྒྱ་མཚོ་དགུང་ལོ་ཉེར་བཞི་བཞེས་པའི་སྐབས་རོང་བོའི་སྒྲུབ་གྲྭའི་ཆོས་འཁོར་གྱི་དུས་ཆེན་དང་བསྟུན་ནས། བློན་ཆོས་བློ་བཟང་ཆོས་གྲགས་དང་། གཡུ་རྔོག་བསམ་གཏན་རྒྱ་མཚོ་སོགས་བློ་གསལ་ལྔ་ལ་ཐོག་མར་བརྩི་བཞག་གནང་སྟེ་གསར་དུ་བཙུགས་པ་ཡིན།
རོང་བོ་དགོན་པར་མཚོན་ན་ལོ་གཅིག་གི་ནང་བཅུ་བའི་ལྔ་མཆོད་ཀྱི་མཇུག་ནས་འཆམ་པའི་དགུན་འཆམ(ཧོར་ཟླ་༡༠པའི་ཚེས་༢༩)དང་སྨོན་ལམ་ཆེན་མོའི་འཆམ་(ཧོར་ཟླ་༡པོའི་ཚེས་༡༦)གཉིས་ཡོད།
གསུམ་པ། དགོན་པའི་ཆོས་སྐྱོང་དང་། སྲུང་མ་བཤད་པ།
ཆོས་གྲྭ་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་གི་ཆོས་སྐྱོང་དཔལ་ལྡན་གུ་གྱི་མགོན་པོ་ཡིན་ལ། དེ་ལས་གདན་ས་ཆེན་པོ་གསུམ་གྱི་ནང་ཚན་གྲྭ་ཚང་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་གི་བཀའ་སྲུང་ལྷ་མོ་དང་། རྒྱུད་གྲྭ་གསང་ཆེན་ཆོས་ཀྱི་བང་མཚོད་ཀྱི་བཀའ་སྲུང་མགོན་པོ། དུས་འཁོར་གྲྭ་ཚང་གསང་སྔགས་དར་རྒྱས་གླིང་གི་བཀའ་སྲུང་རྣམ་ཐོས་སྲས་བཅས་ཡིན་ཞིང་། ཆོས་སྐྱོང་དང་བཀའ་སྲུང་འདི་དག་གིས་རོང་བོ་དགོན་པའི་འཆམ་གྱི་ཁྲོད་གོ་གནས་གལ་ཆེན་བཟུང་ཡོད་པས་རེ་རེ་བརྗོད་ན།