མགར་ཐར་དབྱར་ཆོས་ཆེན་མོ།

མགར་ཐར་བཀྲ་ཤིས་ཆོས་ལྡན།        2016-07-06

མགར་ཐར་དབྱར་ཆོས་ཆེན་མོ།

སྙན་པའི་བ་དན་དཀར་པོ་ཕྱོགས་བཅུར་གཡོ་ཞིང་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་མཛེས་པས་རབ་ཏུ་ཕྱུག་པའི་མགར་ཐར་དབྱར་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་སྲོལ་རྒྱུན་གྱི་གར་འཆམ་ཆེན་མོ་འདི་ཉིད།  ཁྱད་པར་ཅན་གྱི་དུས་ཆེན་བཞིའི་ནང་གསེས་མཉམ་མེད་ཐུབ་པའི་དབང་པོས་གནས་ཆེན་ཝ་ར་ཎཱ་སིར་འཁོར་ལྔ་སྡེ་བཟང་པོར་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་ཐོག་མར་བསྐོར་བའི་དུས་བབ་དང་བསྟུན། བོད་ཟླ་དྲུག་པའི་ཚེས་གཅིག་ནས་བཞིའི་རིང་ཁམས་མི་ཉག་མགར་ཐར་བྱམས་པ་གླིང་དུ་རྒྱས་སྤྲོས་ཆེན་པོས་འཆམ་སྲོལ་དར་ཡོད། འཆམ་རྒྱུད་འདི་ཐོག་མར༧རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་གདན་ས་དབུས་ཕྱོགས་ཆོས་འཁོར་རྒྱལ་ལམ་རྒྱལ་མེ་ཏོག་ཐང་ནས་དབུ་བརྙེས་པ་ཡིན་ཞིང་། གནས་དེར་དེང་གི་ཆར་ཡང་འཆམ་ར་དང་བཞུགས་ཁྲི་སོགས་མཇལ་རྒྱུ་ཡོད། ཡུལ་དེའི་འཆམ་རྒྱུད་དེ་ཉིད་བོད་ཡུལ་སྟོད་སྨད་བར་གསུམ་ལ་མེ་རླབས་བཞིན་དུ་རིམ་གྱིས་མཆེད་དེ་མ་དགོན་ནས་གཞིས་དགོན།  ལུང་ཆེན་ནས་ལུང་ཁུག་དག་ཏུ་དར་རྒྱས་གོང་འཕེལ་སོང་ཞིང་། དེ་མཚུངས་སུ་གནས་མཆོག་མགར་ཐར་བྱམས་པ་གླིང་དུའང་རྒྱལ་མཆོག་སྐལ་བཟང་རྒྱ་མཚོ་མཆོག་དང་ལྕང་སྐྱ་རིན་པོ་ཆེ་སོགས་ཀྱིས་ཆོས་སྲིད་ཀྱི་བཀའ་དྲིན་རབ་ཏུ་སྐྱོང་སྐབས་ཐེངས་དང་པོར་འཆམ་རྒྱུད་འདི་ཉིད་དར་རྒྱས་ཆེན་པོ་བྱུང་།  སྤྱིར་མགར་ཐར་དགོན་པའི་འཆམ་རྒྱུད་འདི་ལ་རྣམ་གྲངས་དུ་མ་ཞིག་ཡོད་དེ།  འཆམ་ཆེན་དང་འཆམ་ཆུང་།  ཞྭ་ནག་སོགས་འཁྲབ་ཚན་ཆེ་བ་ཁག་གསུམ་དང་ཧྭ་ཕྲུག་དང་ཤྭ་བ་སོགས་འཁྲབ་ཚན་ཆུང་བ་ཚན་སྡེབ་བཅུ་གཅིག་བཅས་ཀྱིས་གྲུབ་ཡོད།

མགར་ཐར་དབྱར་ཆོས་ཆེན་མོ།

དྲུག་པའི་ཚེས་གཅིག་ཉིན་ལ་སྐུའི་གཟི་མདངས་རབ་ཏུ་སྨིན་ཞིང་ཚུལ་ཁྲིམས་ཀྱི་དྲི་བསུང་སིམ་པོར་འཐུལ་བའི་གྲྭ་བཙུན་གཞོན་སྐྱེས་རྣམ་པས་ཕྲུག་དང་ཐེར་མ་སོགས་ཀྱི་གཟན་ཤམ་ཕུན་སུམ་ཚོགས་པ་དང་།  རྨ་བྱ་སྤྲིན་འཐག་དང་ལོ་མ་རྒྱ་སེ། ནོར་བུ་གསུམ་པ།  ཐིའུ་རྒྱ་སེ་དང་ཧོར་རྒྱ་སེ།  སྤྲིན་པ་འབྲུག་རིས་སོགས་ཀྱིས་མེ་ལོང་བྱས་པའི་སྟོད་འགག་བསྣབས་ཤིང་རྒྱ་སེ་དེ་དག་གིས་བཟོས་པའི་ཆབ་རིལ་གློ་ལ་བཏགས།  ཞབས་ལ་དར་ཟོམ་དང་རས་ཟོམ།  སོག་ལྷམ་འཇའ་ཆེན།  བོད་ལྷམ་དང་ཤོལ་ཙེ་སོགས་བསྣབས་ནས་ངུར་སྨིག་གི་ཤོམ་ར་ལྟ་བས་ཆོག་མི་ཤེས་པ་ཞིག་ཕུད་དེ་དམར་འཆམ་ཆེན་མོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་སྤེལ་ཏེ། ཕྱོགས་སོ་སོ་ནས་ཕེབས་པའི་དད་ལྡན་དམངས་དང་སྐུ་མགྲོན་དག་གི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་པའོ།། 

མགར་ཐར་དབྱར་ཆོས་ཆེན་མོ།

ཚེས་གཉིས་ལ་དགོན་འདིའི༧བླ་མ་ཁྲི་པས་ཚོགས་ཆེན་གྱི་གདོང་གྲལ་ནས་སྔགས་ཆས་བསྣབས་ཤིང་ཕྱག་གཉིས་ཀྱིས་ཐོད་པ་དང་ཕུར་བུ་བཟུང་ནས་བསྒྲལ་ཆོས་ཀྱི་སྒོ་ནས་ལིང་ག་སྒྲུབ་པར་མཛད། ཚེས་གསུམ་ལ་འདུས་མང་ཡོངས་ནས་རི་བསང་རླུང་རྟ་འབུལ་བར་མཛད། ( ཚེས་གསུམ་ལ་རི་བསང་རླུང་རྟ་དང་འབྲེལ་ནས་ཡུལ་སྡེ་རྣམས་ཀྱིས་རིག་རྩལ་སྤྲོ་ཚོགས་སྣ་མང་སྤེལ་རྒྱུ་ཡོད་རུང་སྐབས་སུ་མ་འབྲེལ་བས་རེ་ཞིག་བཞག་གོ )ཚེས་བཞི་ལ་འབག་འཆམ་ཆེན་མོ་སྟེ་ཆེས་སྙན་གྲགས་ལྡན་པའི་གར་འཆམ་གྱི་རིག་གནས་སྒྱུ་རྩལ་དེ་ཉིད་དངོས་སུ་འཁྲབ་པ་ཡིན་ཞིང་།  སྐབས་དེར་ལྟ་བས་ཆོག་མི་ཤེས་པའི་འཆམ་རྩལ་རེ་རེས་རྒྱ་བོད་ཀྱི་ཡུལ་གྲུ་སོ་སོ་ནས་ཕེབས་པའི་སྐུ་མགྲོན་སྤྱི་དང་ཁྱད་པར་དུ་ཁམས་མི་ཉག་ཡུལ་གྱི་སྐྱེ་འགྲོ་མང་པོའི་ཡིད་སེམས་དབང་མེད་དུ་འཕྲོག་འགྲོ་བར་མ་ཟད།  དེང་གི་ཆར་ཕྱི་རྒྱལ་པ་དག་གིས་ཀྱང་ཞིབ་འཇུག་དང་འཛིན་སྐྱོང་བྱེད་དགོས་པའི་གནའ་བོའི་ཁྱད་འཕགས་རིག་གནས་ཞེས་ཡིད་སྨོན་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པའོ།། ལྷག་པར་དུ།  ངོ་མཚར་སྟོང་གིས་ཕྱུག་ཅིང་ཁྱད་ཆོས་འབར་དུ་ཐོན་པའི་སྲོལ་རྒྱུན་གྱི་གར་འཆམ་དེའི་འཁྲབ་ཚན་སོ་སོའི་རྣམ་པ་དག་ལ་ཞིབ་ཏུ་མཇལ་ཡོང་དུས་ཐོལ་བྱུང་གི་དད་མོས་ཤིག་ངང་གིས་འཁྲུངས་ཡོང་། ཚེས་བཞིའི་སྔ་དྲོར་སེར་ཕྲེང་བསྒྲིགས་ཏེ་འཆམ་རར་སྐོར་བ་ཕྱིན།  སེར་ཕྲེང་སྐབས་དང་པོར་ཆབ་རིལ་གྱིས་ལྕགས་རྒྱུགས་ལ་དགེ་བསྐོས་ཀྱི་རྩེན་ཞྭ་བཏགས་སྒྲོ་མ་བཀོན་ནས་སྔོན་དུ་ཁྱེར། དེ་རྗེས་སུ་དགེ་བསྐོས་ལགས་ཀྱིས་སྤོས་ཆག་བསྣམས་ནས་ཕེབས།  དེ་རྗེས་འབྲོག་གཉེར་ཆེན་མོ་སྐུ་དྲག་གི་ཆས་འཆང་བ།  དེ་ནས་རིམ་བཞིན་རྐང་དུང་པ་གཉིས། རག་དུང་པ་གཉིས། ལྗགས་གླིང་པ་གཉིས།  སྤོས་འདྲེན་པ་བཞི།  རྔ་རྡུང་པ་ལྔ། སྦུབ་ཆལ་དང་སིལ་སྙན་པ་བཅུ། དེ་ནས་ཡང་རྔ་རྡུང་པ་ལྔ། དེ་རྣམས་ཆོས་རའི་མཐའ་བསྐོར་ནས་འདུ་ཁང་གི་སྒོ་འཕྱོར་ཁ་གཏད་དུ་ཡར་འཁོར་རྗེས་དབུ་མཛད་ལགས་ཀྱིས་སྒོ་འཕྱོར་ནང་ནས་སྦུབ་ཆལ་རྡུང་ཚིག་དང་འབྲེལ་ནས་སྟབས་གཅིག་གུར་མོ་ཆེ་ལ་ཞལ་ཕྱོགས་ཏེ་ཕེབས།  དེ་རྣམས་བཞུགས་གྲལ་དུ་བཀོད་རྗེས་དམ་རིལ་ཁྱེར་བའི་གྲྭ་ཕྲུག་བཅུ་ཡིས་གསོལ་ཇ་དྲངས་བར་འགྲོ་དགོས།  དེ་ནས་རོལ་ཆེན་རྡུང་ཞོར་དུ་ཡུལ་འདིའི་ས་བདག་དྲང་སྲོང་ཨ་ར་དཀར་ལྗང་གིས་འཆམ་འགོ་བཙུགས།  ཨ་ར་དཀར་ལྗང་གིས་དགུ་ཚན་བཤམས་རྗེས་གྲྭ་གཞོན་རྣམ་པས་དགུ་ཚན་གྱི་རྫས་དག་འཕྲོག་རེས་མཛད་བཞིན་རྩམ་པའི་རྩེད་མོ་ཡིས་འཁྲབ་ཚན་དེའི་མཇུག་བསྡུས།  དེ་རྗེས་སྔོན་དགོན་པ་འདི་ཐོག་མར་ཕྱག་བཏབ་དུས་ཧྭ་ཤང་གིས་མཚོ་ཁ་རུབ་མྱོང་པར་གྲགས་པའི་བཀའ་དྲིན་དྲན་སླད་དུ་རྒྱ་ནག་ཧྭ་ཤང་ཆེན་མོ་ཟེར་བ་ཞིག་དང་དེའི་འཁོར་ཧྭ་ཕྲུག་བཞི་འཆམ།    དེ་ནས་རིམ་བཞིན་ཐོད་གོག་བཞི།  དུད་ཁྲོད་བཞི།   བུད་མེད་རལ་བ་ཅན་བཞི། སྐྱེས་པ་གྲི་ཐོགས་བཞི།   སྔགས་པ་ཕུར་བུ་ཐོགས་པ་བཞི། ཨ་ཙ་ར་བཞི།  དགེ་སློང་འཁར་གསིལ་ཐོགས་པ་བཞི།  ལུག་འབྲོག་གསེར་གྱི་བྱ་ཁྱུང་དང་རྟ་གཡོག་གཞི་བདག  སྟག་གཟིག་དོམ་སྤྲེལ་ཀྱི་འཁྲབ་ཚན་སོགས་སྡེ་ཚན་སོ་སོའི་འཆམ་གྲུབ་རྗེས་ཆོས་རྒྱལ་སྐུ་ལྔའི་ནང་གསེས་བྱང་ཕྱོགས་འཕྲིན་ལས་རྒྱལ་པོས་དབུ་ཁྲིད་དེ་ཤར་ལྷོ་ནུབ་དབུས་ཀྱི་སྐུ་བཞི་དང་གོང་གི་འཆམ་ཚན་སོ་སོའི་འཆམ་པ་ཡོངས་རྫོགས་ཀྱིས་འཆམ་ཆུང་བརྒྱབ།  དེའི་རྗེས་གནས་ཆུང་དང་བསེ་ཁྲབ་གཉིས་འཆམ་ནས་སྔ་དྲོའི་འཆམ་གྱི་མཇུག་གྲོལ།  ཕྱི་དྲོར་འཆམ་པ་སོ་སོས་དབུ་ཞྭ་དང་འཆམ་གོས་སོགས་ཀུན་ནས་མཚུངས་པའི་ཞྭ་ནག་གི་ཆས་སམ་སྔགས་ཆས་གྱོན་ནས་འཆམ་པ་སོ་གཉིས་ཀྱིས་རྒྱས་པར་འཆམ་རྗེས།   གཤིན་རྗེའི་འཕྲུལ་འཁོར་རམ་འཆམ་ཆེན་གྱི་འབག་གྱོན་ནས་འཆམ་ཆེན་གྱི་ཆོ་ག་དང་སྦྲགས་འཆམ་ཆེན་རྒྱས་པར་བརྒྱབ།  འཆམ་ཆེན་གྱི་འཆམ་དཔོན་ནི་དམ་ཅན་ཆོས་ཀྱི་རྒྱལ་པོ་དང་དེའི་འཁོར་དུ་ཡུམ་ཙཱ་མུ་ཊི།  དེའི་རྗེས་གཤིན་རྗེ་དཀར་པོ་སོགས་ཤར་ལྷོའི་གཤིན་རྗེ་བཞི་དང་གཤིན་རྗེ་ཨ་ཝ་གླང་མགོ། ཕོ་རྒྱུད་ཀྱི་གཤིན་རྗེ་རྣམས་དང་མོ་རྒྱུད་ཀྱི་གཤིན་རྗེ་རྣམས། མ་གཅིག་དཔལ་ལྡན་ལྷ་མོ་གཙོ་འཁོར་གསུམ་དང་རྒྱལ་མཆོག་བཅུ་གཅིག་པའི་འཁྲུངས་ལྷ་རྫོང་རྒོད་དགྲ་ལྷའི་རྒྱལ་པོ་གཙོ་འཁོར་གསུམ། ཤྭ་འགུལ་དང་ཤྭ་བ་སོགས་འཆམ་པ་སོ་གཉིས་ཀྱིས་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་དུ་བསྒོམས་ནས་འཆམ་དགོས།  མཇུག་ཏུ་སླར་ཡང་འཆམ་པ་རྣམ་པས་ཞྭ་ནག་གི་འཆམ་གོས་གྱོན་ནས་སྤྱིར་འཛམ་གླིང་དང་ཁྱད་པར་དུ་ཡུལ་ཕྱོགས་འདིར་རྐྱེན་ངན་བར་ཆད་སོགས་བཟློག་པའི་ཆེད་དུ་གཏོར་མ་བརྫང་དུ་ཕེབས་རྗེས་མཇུག་ཡོངས་སུ་གྲུབ་པ་ཡིན།

མགར་ཐར་དབྱར་ཆོས་ཆེན་མོ།

མ་གཞིར་ཡུལ་འདིའི་གར་འཆམ་ལ་དུས་ཀྱི་འཕོ་འགྱུར་སྐབས་ཉམས་ཆག་དང་འགྱུར་ལྡོག་ཆེན་པོ་བྱུང་མྱོང་ནའང་།  ཆོས་སྒོ་ཕྱེ་རྗེས་སྔོན་གྱི་རྒན་པ་སྙིང་རུས་ཅན་རྣམ་པའི་བཀའ་དྲིན་ལས་སླར་ཡང་ཉམས་གསོ་ཐུབ་ཡོད་པ་འདི་ནི་བརྗེད་དུ་མེད་པའི་རླབས་ཆེན་གྱི་བྱ་གཞག་ཅིག་གོ། རྒན་པ་དེ་དག་གིས་བླ་ན་མེད་པའི་འཁྲབ་ཁྲིད་ཀྱི་མཛུབ་སྟོན་འོག  ངག་ཐོག་ནས་འཁྲབ་གཞུང་བསྒྲིགས་ཤིང་ལུས་ཐོག་ནས་འཁྲབ་སྟངས་སྤེལ་བ་སོགས་ཀྱིས་འཁྲབ་ཚན་ཆེ་ཆུང་དག་གི་སྒྱུ་རྩལ་ལ་སྔོན་ལྟར་གྲུབ་འབྲས་འབུར་དུ་ཐོན་ཡོད། འཁྲབ་ཚན་སོ་སོའི་འཁྲབ་སྟངས་མི་འདྲ་བར་མ་ཟད་སོ་སོའི་ཉམས་འགྱུར་དང་འགུལ་སྟངས་སོགས་ལའང་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་རྣམ་པ་དུ་མས་བརྒྱན་ཡོད་པ་སྟེ།  དཔེར་ན། བཞི་འགྲིག་འཁོར་ལོ།  རླུང་ནག་འཚུབ་མ།  རྩེ་གསུམ་སོགས་ཀྱིས་མཚོན་མིང་དངོས་སུ་ཡོད་པ་དང་མེད་པའི་འཁྲབ་ཚན་གྱི་རྣམ་པ་རབ་ཏུ་མང་ངོ་། །ད་དུང་རྒན་པ་དེ་དག་གི་མཛད་རྗེས་ལ་ཡི་རང་བྱེད་འོས་པའི་གནས་དུ་མ་ཡོད་དེ། སྔར་གྱི་འཆམ་གོས་དང་ཕྱག་མཚན་སྤུས་ལེགས་མང་པོ་ཉར་ཚགས་བྱས་ཏེ་ང་ཚོ་སྟེ་ཕྱི་རབས་པ་དག་གི་ལག་ཏུ་རྩིས་སྤྲོད་བཟོས་ཡོད་པར་མ་ཟད། བོར་བརླག་ཏུ་སོང་བའི་བང་ཁེབས་དང་ཕྲག་ལེན་སོགས་འཆམ་གོས་དག་དང་།  ལྕགས་ཀྱུ་དང་གྲི་གུག་སོགས་ཕྱག་མཚན་མང་པོ་འཚོལ་སྡུད་མང་དུ་མཛད་ཡོད། དེ་ལྟར་སྔོན་གྱི་འཆམ་གོས་དང་མགུལ་རྒྱན། དབུ་ཞྭ་དང་ཕྱག་མཚན་སོགས་མ་རྐང་ཡོད་པའི་ཐོག་དེ་དག་ལ་དཔེར་བྱས་ཏེ་འཆམ་གོས་གསར་པ་འཚེམ་དྲུབ་བྱེད་པ་སོགས་ཀྱིས་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད། མགར་ཐར་དགོན་པར་འཆམ་གོས་དང་འཆམ་རྩལ།  འཆམ་ཚན་དང་འཆམ་འདོན།  ཕྱག་མཚན་དང་གདོང་འབག་སོགས་ཀྱི་ཁྱད་ཆོས་དང་རྣམ་པ་མཐའ་ཡས་པ་ཞིག་ཡོད་པ་དག་ནི་བོད་གངས་ཅན་པའི་ཤུལ་བཞག་རིག་གནས་ཀྱི་སྙིང་པོར་གྱུར་པའི་སྲོལ་རྒྱུན་གྱི་སྒྱུ་རྩལ་རྨད་དུ་བྱུང་བ་ཞིག་གོ།  ཉེ་ཆར་ཡང་སྦྱིན་བདག་བསོད་ནམས་ཅན་དཔལ་ལྡན་འཕྲིན་ལས་ལགས་ཀྱིས་འཆམ་གོས་དང་འཆམ་འབག་སོགས་གསར་བཞེངས་མཛད་དེ་བཀའ་དྲིན་བླ་ན་མེད་པ་ཞིག་བསྐྱངས་ཡོད།

མགར་ཐར་དབྱར་ཆོས་ཆེན་མོ།

སྤྱིར་བོད་གངས་ཅན་པའི་གར་འཆམ་དང་སྔགས་འཆམ།  ས་འཆམ་དང་ལྷ་འཆམ་ཞེས་འཆམ་གྱི་རྣམ་གྲངས་དུ་མ་ཞིག་ཡོད་ནའང་།  དེ་དག་ལ་རྒྱུས་མངའ་དང་ཉམས་མྱོང་ཞན་པའི་ཕལ་བ་བདག་ལྟ་བུས་ཞིབ་བཤད་ནུས་པ་ཞིག་ལར་ནས་མིན་ལ། ལྷག་པར་དུ་ཕ་ཡུལ་གྱི་འཆམ་རྒྱུད་ལ་རྒྱུས་མངའ་ཡོད་པའི་སྐྱེ་བོའང་དེ་བས་དཀོན་པ་འདྲ།  གར་འཆམ་སོགས་ཀྱི་བྱུང་རིམ་དང་འཁྲབ་སྟངས།  སྤྱན་འདྲེན་དང་དམིགས་རྣམ་སོགས་ཕལ་ཆེར་གསང་བ་སྔགས་ཀྱི་ཕྱག་ལེན་དང་ཕྱག་རྒྱ་སོགས་དང་འབྲེལ་ཁྱད་པར་ཅན་ཡོད་པར་མཐོང་ལ།  དེ་ལྟ་བུའི་མཐོང་བ་རྒྱུད་པའི་ཕྱག་ལེན་ཚད་ལྡན་གྱི་འཆམ་ཞིག་བརྒྱབ་པར་གསང་བ་སྔགས་ཀྱི་ཉམས་རྟོགས་ཅུང་མཐོན་པོར་བསླེབས་ཡོད་དགོས་ངེས་ཏེ། དེའི་རྒྱུ་མཚན་ཡང་དངོས་གཞིའི་སྐབས་དམིགས་རིམ་དང་ཉམས་སྣང་སོགས་ཡ་མ་བྲལ་བའི་སྒོ་ནས་འཇུག་དགོས་པས་སོ། །
ཡིན་ནའང་།  དེང་གི་ཆར་གོང་གི་ཆ་རྐྱེན་དེ་དག་ལ་སྣང་དོགས་མེད་པར་འཆམ་རྒྱུད་འདི་ཉིད་གང་སར་ཁྱབ་སྤེལ་འགྲོ་བའི་དུས་དང་བསྟུན་དེ་ལའང་དེ་མཚུངས་ཀྱི་འགྲེལ་བཤད་དང་རྒྱུ་མཚན་རེ་ངེས་ཅན་དུ་སྤེལ་དགོས་པར་མ་ཟད། མི་རིགས་ཀྱི་རིག་གཞུང་དེ་དག་སྲ་བརྟན་དུ་ཡོང་ཆེད་ཐབས་བརྒྱ་ཇུས་སྟོང་གིས་དུས་དང་འཚམས་པའི་ཆ་རྐྱེན་མང་པོས་རྣམ་པ་གོང་འདེགས་ཏུ་གཏོང་དགོས།  དེའི་ཕྱིར། ང་ཚོ་མི་ཉག་མགར་ཐར་བའི་ཐུན་མིན་གྱི་སྲོལ་རྒྱུན་རིག་གཞུང་སྟེ།  གར་འཆམ་དང་ཨ་ཅེ་ལྷ་མོ།  གནའ་བྲོ་དང་དམངས་གླུ།    རོགས་གླུ་དང་གླུ་ཤགས།  རྣམ་ཐར་དང་གུས་ལུགས་སོགས་ཀྱིས་མཚོན་པའི་མཛེས་སྤྱོད་དང་བཟང་སྤྱོད་དུ་མས་རབ་ཏུ་བརྒྱན་པའི་སྲོལ་རྒྱུན་གྱི་རྣམ་བཞག་དེ་དག་རྒྱུན་འཛིན་དར་སྤེལ་དང་ཉམས་པ་སླར་གསོ།  རྣམ་པ་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བར་འབད་འབུངས་དབྱར་གྱི་ཆུ་བོ་ལ་འགྲན་པ་ནི་ངེད་ཅག་ཕྱི་རབས་པ་ཚོའི་འགན་འཁྲི་ཉག་གཅིག་ཡིན་ནོ། །

མགར་ཐར་དབྱར་ཆོས་ཆེན་མོ།


  • ལེ་ཚན་སྔོན་མ།:ངོ་མཚར་ལྡན་པའི་སྐྱེ་རྒུའི་དྲུག་ཅུ།
  • ལེ་ཚན་རྗེས་མ།:ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་གི་འབག་འཆམ་སྐོར་མདོ་ཙམ་གླེང་བ།
  • དོ་སྣང་ཆེ་བའི་རྩོམ།