ངོ་མཚར་ལྡན་པའི་སྐྱེ་རྒུའི་དྲུག་ཅུ།

གཡང་ཡག        2014-10-11

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་ནུབ་ཏུ་ཡོད་ཅིང་།བྱང་དུ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་།ཤར་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ།ཤར་ལྷོ་རུ་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།ལྷོ་ཕྱོགས་དང་ལྷོ་ནུབ་ཏུ་བོད་རང་སྐྱོང་ལྗོངས་ཀྱི་ཆབ་མདོ་ས་ཁུལ་དང་ནག་ཆུ་ས་ཁུལ་བཅས་དང་སྦྲེལ་ཞིང་།ནུབ་བྱང་གི་མཚམས་ཤིན་ཅིང་ཡུ་གུར་རིགས་རང་སྐྱོང་ལྗོངས་པཱ་ཡེན་ཀའོ་ལི་སོག་རིགས་རང་སྐྱོང་ཁུལ་དང་སྦྲེལ།གནས་དེ་ནང་ལོགས་ནས་བོད་ལྗོངས་སུ་བསྐྱོད་པའི་ཐང་བོད་གནའ་ལམ་དུ་ཁེལ་བས།ཡུལ་ཤུལ་ལ་གནའ་ནས་ཐང་བོད་གནའ་ལམ་ཞེས་པའི་མཚན་སྙན་ལྡན།
ཡུལ་ཤུལ་ནི་བོད་རིགས་འདུས་སྡོད་ས་ཁུལ་དུ་གཏོགས་ཤིང་།མི་མང་ཆེ་བས་བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པ་དང་དགོན་པ་མང་ཞིང་ཆོས་ལུགས་དར།བཅིངས་འགྲོལ་མ་བྱས་གོང་དུ་དགོན་པ་དག་ནི་ས་གནས་དེ་གའི་རིག་གནས་སྒྱུ་རྩལ་གྱི་བྱེད་སྒོ་སྤེལ་ཡུལ་ཡིན་པ་མ་ཟད།རིག་གནས་སློབ་གསོའི་ལྟེ་གནས་ཀྱང་ཡིན།ཡུལ་ཤུལ་ཁུལ་གྱི་ས་ཁོངས་སུ་ད་ལྟ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་ཆོས་ལུགས་བྱེད་སྒོ་སྤེལ་གནས200ལྷག་ཡོད་ཅིང་།དེའི་ཁྲོད་དུ་ས་སྐྱའི་དགོན་པ22དང་དགེ་ལུགས་ཀྱི་དགོན་པ23ཡོད་ལ།རྙིང་མའི་དགོན་པ31དང་བཀའ་བརྒྱུད་ཀྱི་དགོན་པ101བཅས་ཡོད།དེ་མིན་གཞན་སྒྲུབ་རྒྱུད་ལུགས་གཉིས་འཛིན་པའི་དགོན་པ13དང་སྒྲུབ་རྒྱུད་གསལ་བོ་མེད་པའི་དགོན་པ2ཡོད་ཅིང་།ཆོས་ལུགས་བྱེད་སྒོ་སྤེལ་གནས40ལྷག་ཡོད།ས་སྐྱ་བའི་དགོན་པ22ཀྱི་ཁྲོད་དུ་གཞི་རྒྱ་དང་ཤུགས་རྐྱེན་ཆེ་ཤོས་ནི་ཡུལ་ཤུལ་ཁུལ་གྱི་ལྟེ་གནས་གྲོང་རྡལ་སྐྱེ་རྒུ་མདོར་ཡོད་པའི་སྐྱེ་རྒུ་དགོན་ཡིན།
སྐྱེ་རྒུ་དགོན་གྱི་མིང་ཆ་ཚང་ལ་སྐྱེ་རྒུ་དོན་གྲུབ་གླིང་ཞེས་འབོད་ཅིང་།དེ་ནི་ཡུལ་ཤུལ་ས་ཁུལ་གྱི་ས་སྐྱའི་དགོན་པ་གཞི་རྒྱ་ཆེས་ཆེ་ཤོས་ཡིན་ལ།ཡུལ་ཤུལ་ཁུལ་གྱི་ལྟེ་གནས་གྲོང་རྡལ་སྐྱེ་རྒུ་གྲོང་རྡལ་གྱི་བྱང་ཤར་གྱི་མཚམས་ཀྱི་རི་རྩེར་ཆགས་ཡོད།དགོན་པར་ཚོགས་ཆེན་འདུ་ཁང་ཆེ་ཆུང་ལྔ་བཞེངས་ཡོད་ཅིང་དེ་ལས་ཆེ་ཤོས་ལ་ཀ་བ་བཞི་བཅུ་ཞེ་དྲུག་དང་ཆུང་ཤོས་ལ་ཀ་བ་བརྒྱད་ཡོད།བསྡོམས་པས་གྲྭ་ཤག་བཞི་བརྒྱ་ལྷག་དང་གྲྭ་བཙུན་དྲུག་བརྒྱ་ལྷག སྤྲུལ་སྐུ་བཞི་བཅས་ཡོད།ད་ལྟའི་བར་དུ་སྐྱེ་རྒུ་དགོན་ནི་མཚོ་སྔོན་ཞིང་ཆེན་གྱི་ས་སྐྱའི་དགོན་པ་ཆེ་ཤོས་ཡིན་ལ།ཁུལ་ཡོངས་ལས་དགོན་པ་གཞི་རྒྱ་ཆེས་ཆེ་ཤོས་དང་གྲྭ་བཙུན་ཆེས་མང་ཤོས་ཀྱང་ཡིན།སྐྱེ་རྒུ་དགོན་གྱིས་ལོ་རེ་རེར་གཞི་རྒྱ་དང་ནང་དོན་མི་འདྲ་བའི་ཆོས་འཚོགས་ཆེ་ཆུང13ལྷག་འཚོགས་པ།དེ་ལས་བོད་ཟླ་གསུམ་པའི་ཚེས་ཉེར་གསུམ་ནས་ཚེར་ཉེར་བརྒྱད་ཉིན་བར་རྡོ་རྗེ་འཇིགས་བྱེད་ཀྱི་ཆོ་ག་སྒྲུབ་པ་དང་།ཚེས་ཉེར་དགུ་ཉིན་རྡོ་རྗེ་འཇིགས་བྱེད་སོགས་གསང་སྔགས་ཀྱི་འཆམ་རྒྱག་ལ།ས་དེ་གའི་མི་རྣམས་ཀྱིས་དེ་ལ་སྐྱེ་རྒུའི་དྲུག་ཅུ་ཞེས་འབོད་ཅིང་།ཡུལ་ཤུལ་ས་ཁུལ་ལས་ཆོས་ལུགས་བྱེད་སྒོ་གཞི་རྒྱ་ཆེས་ཆེ་ཤོས་ཤུགས་རྐྱེན་ཆེས་ཆེ་ཤོས་ཡིན། ཆོས་འཚོགས་ཀྱི་ཉིན་མོར་བསླེབ་ལ་ཉེ་བ་དང་བསྟུན་ནས།ལོ་ན་རྒན་པའི་བགྲེས་སོང་དག་ནི་ཉིན་འགའི་སྔོན་ནས་ཁྲོམ་སྲང་ལ་ཕྱིན་ཏེ་ཆོས་འཚོགས་ཉིན་གྱི་ལྟ་གོན་དང་དུས་ཚོད།ལོ་དེའི་ཆོས་འཚོགས་དུས་ལོ་སྔོན་མ་དག་ལས་ཅུང་སྔ་མིན།སྐྱེ་རྒུ་ལུང་པར(ཆོས་འཚོགས་ཡུལ)
ད་དུང་རྩྭ་སྐྱེས་ཡོད་མེད།གནམ་གཤིས་ད་དུང་ཇེ་དྲོར་གྱུར་ཡོད་མེད་སོགས་གླེང་།ཁོ་ཚོས་སྐྱེ་རྒུའི་དྲུག་ཅུར་སེམས་གཏིང་ནས་རེ་སྒུག་བྱེད་ཅིང་།གལ་སྲིད་དེར་དངོས་སུ་ཞུགས་ཐུབ་ཚེ་ད་གཟོད་ལོ་གཅིག་གི་གེགས་དང་བར་ཆད་བསལ་ནས་བདེ་ཞིང་སྐྱིད་པར་འགྱུར་བར་ཡིད་ཆེས་བྱེད། སྤྱི་ཟླ5པའི་ཚེས4ཉིན(བོད་ལུགས་ཀྱི་ཟླ3པའི་ཚེས29ཉིན)ལ།སྐྱེ་རྒུའི་དྲུག་ཅུ་གྲོང་རྡལ་གྱི་བྱང་ཤར་སྣེའི་མཚམས་ཀྱི་རི་བོའི་འདབས་ཀྱི་གྲམ་ཁ་ནས་འཚོགས།ཞོགས་པར་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐྱེ་རྒུ་མདོའི་མང་ཚོགས་རྣམས་སྐོར་དང་སྐོར་བྱས་ཏེ།གྲམ་ཁ་ནས་སྦྲ་གུར་དང་གདུགས་སྣ་ཚོགས་ཕུབ་ཅིང་ཆོས་འཚོགས་པར་སྒུག ཞོགས་པའི་ཆུ་ཚོད་དགུ་ལ་མ་བསླེབ་གོང་ནས་གྲམ་ཁ་ནི་སྦྲ་གུར་དང་གདུགས་སྣ་ཚོགས་ཀྱིས་ཁེངས་ཤིང་།ལ་ལས་ས་གནས་ཡག་པོ་ཞིག་ཐོབ་ཆེད་སྔར་ཉིན་ནས་སྦྲ་གུར་ཕུབ་པའང་ཡོད་ལ།ཚང་མས་སོས་དལ་ཞིང་བག་ཕེབས་པའི་ངང་ཞོག་ཇ་འཐུང་ཞིང་བསང་མཆོད་ཀྱི་དུ་བ་དགུང་ལ་འཕྱུར་བ་དང་།ག་ས་གང་དུ་ངོ་མཚར་དང་ཞི་ལྷོད་ཀྱི་མཁའ་དབུགས་ཤིག་གིས་ཁེངས་འདུག ཞོགས་པའི་ཆུ་ཚོད་བཅུ་ཡས་མས་སུ།ཆུ་བོའི་གྲམ་ཁའི་མི་རྣམས་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་།ལུས་ལ་གཟབ་མཆོར་སྤྲས་པའི་མི་རྣམས་ཀྱི་གདོང་ལ་དགའ་སྤྲོའི་འཛུམ་མདངས་ཀྱིས་ཁེངས་འདུག བགྲེས་སོང་རྣམས་སྤང་ཐང་དུ་བསྡད་ནས་རྩམ་པ་ཟ་ཞིང་འོ་ཇ་འཐུང་བ་དང་།བྱིས་པ་རྣམས་དགའ་བའི་རྩེད་འཇོར་རོལ་བཞིན་འདུག
ཕལ་ཆེར་ཆུ་ཚོད་བཅུ་གཅིག་ཡས་མས་སུ་སླེབས་སྐབས།གྲུ་གསུམ་འཁྲབ་པ་ནས་འཆམ་འགོ་འཛུགས་ཤིང་།སེར་ཕྲེང་སྐྱེ་རྒུ་དགོན་ནས་རི་ཞོལ་དུ་འབབ་སའི་ལམ་བུ་ཀྱག་ཀྱོག་གཡས་སྐོར་བྱས་ཏེ་མར་ཕེབས་ལ།ཆོས་དུང་གི་སྒྲ་དབྱངས་རི་འདབས་ཀྱི་ལྷ་འཆམ་གནས་སུ་བསླེབ་པའི་བར་འབུད།ལམ་འགྲམ་དུ་བསང་མཆོད་ཀྱི་དུ་བ་དགུང་ལ་འཕྱུར་ཞིང་།རྒན་དར་གཞོན་གསུམ་དང་སྐྱེས་ཕོ་མོ་ཀུན་གྱིས་ཞྭ་མོ་ཕུད་དེ་ལག་གཉིས་ཐལ་མོ་སྦྱར་ནས་ཚེ་རིང་ནད་མེད་དང་འཛམ་གླིང་ཞི་བདེ་ཡོང་བའི་གསོལ་བ་སྨོན་ལམ་འདེབས། སྐྱེ་རྒུའི་དྲུག་ཅུ་ནི་གཙོ་བོ་གྲུ་གསུམ་དང་ལྷ་འཆམ།གཏོར་རྫོངས།གོ་བ་སོགས་ཆོ་ག་ཁག་གིས་གྲུབ་ཅིང་།གྲུ་གསུམ་ཞེས་པ་སྔོན་ལ་དགོན་པའི་ནང་ནས་འཁྲབ།ལྷ་འཆམ་ལ་ཡང་ལྷ་འཆམ་དང་རྔ་འཆམ་རིགས་གཉིས་ཡོད་དེ།ལྷ་འཆམ་ནི་གཙོ་བོ་སྲུང་མའི་འཆམ་དང་།རྡོ་རྗེ་འཆང་གི་འཆམ་དང་ཤྭ་འཆམ་སོགས་ཡིན།འཆམ་འཁྲབ་མཁན་གྲྭ་པ་ཚོས་གདོང་ལ་འབག་དང་སྐུ་རུ་གྲྭ་ཆས་བསྣམས་ནས་གཡས་སྐོར་བྱས་ཏེ་འཁྲབ་པ་དང་།འཆམ་འཁྲབ་ཡུལ་གཙང་དག་བཟོས་ནས་ལྷ་ཚོགས་ཕེབས་པར་གསོལ་བ་འདེབས།རྔ་འཆམ་ལ་སེང་གེའི་འཆམ་དང་གླང་ཆེན་གྱི་འཆམ།ཤྭ་འཆམ་སོགས་ཡོད།དེ་དག་ལས་ལྷ་འཆམ་ལ་བགྲེས་སོང་རྣམས་ཀྱིས་དགའ་བསུ་བྱེད་ཅིང་།ཁོ་ཚོས་འཆམ་འཁྲབ་མཁན་གྱི་གྲྭ་བཙུན་ཚོའི་གདོང་འབག་རེ་རེ་ལྷ་གང་ཡིན་པ་གསལ་བོར་བཤད་ཐུབ།འོན་ཀྱང་བྱིས་པ་རྣམས་ནི་འཇིགས་པའི་ཉམས་དང་ལྡན་པའི་གདོང་འབག་དེ་དག་ལ་སྐྲག་སྣང་སྐྱེ་བ་དང་།བགྲེས་སོང་རྣམས་ཀྱིས་ཡང་དང་བསྐྱར་དུ་བྱིས་པ་ཚོར་ཞལ་འབག་རེ་རེ་ལྷ་གང་ཡིན་གསལ་བཤད་གནང་བར་བྱེད།དེའི་རྒྱུ་མཚན་ནི་མི་རྣམས་ཚེ་ལས་འདས་རྗེས་ཡར་བདེ་བ་ཅན་གྱི་ཞིང་ཁམས་དང་མར་དམྱལ་བའི་ཁམས་གང་དུ་ཕྱིན་ཡང་ལྷ་དེ་དག་གི་ཞལ་མཇལ་དགོས།གལ་སྲིད་དེ་དུས་ལྷ་དེ་དག་ངོས་མ་ཟིན་པར་འཇིགས་སྐྲག་བྱུང་ཚེ་རྣམ་ཤེས་ལ་བདེ་བ་མི་ཐོབ་པར་ཚེ་སྔ་ཕྱིའི་འཁོར་བར་ཞུགས་མི་ཐུབ།ན་གཞོན་དང་ལོ་ཆུང་བྱིས་པ་རྣམས་ནི་རྔ་འཆམ་ལ་དགའ་ཞིང་།རྩེད་དགའི་རྣམ་པ་ལྡན་པའི་སེང་གེའི་འཆམ་དང་གླང་ཆེན་གྱི་འཆམ་སོགས་ཀྱིས་དེར་ཡོད་མི་ཀུན་གྱིས་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་སྒྲོག་པར་བྱེད། འཆམ་འཁྲབ་ཚར་དུས་ཕྱི་དྲོའི་ཆུ་ཚོད་གཅིག་ཡས་མས་ཡིན་ལ།མཐོ་སྒང་གི་ཉི་ཟེར་གྱི་གདུང་བས་མི་རྣམས་ཀྱི་དགའ་སྣང་དང་སྤྲོ་སྣང་ལ་ཡེ་ནས་མ་གནོད་པར་ལ་ལ་འཆམ་འཁྲབ་ཡུལ་གྱི་ཉེ་འཁོར་དུ་བསྡད་ནས་རང་གིས་ཁྱེར་ཡོང་བའི་ཟས་ཟ་བཞིན་སྡོད་པ་དང་།ཡང་ལ་ལ་ཆུ་བོའི་གྲམ་ཁར་བསྐོར་ནས་བསྡད་དེ་གུང་ཟས་ལ་རོལ།མཐའ་འཁོར་ནས་ཟ་མ་དང་བཏུང་ཆུ་འཚོང་བའི་ཚོང་པ་ཚོས་ཚོང་སྐད་སྒྲོག་པའི་མཚམས་མི་ཆད་ལ།ལུང་པ་ཡོངས་དགའ་སྤྲོ་དང་ཟས་སྣ་ཕུན་སུམ་ཚོགས་པའི་ལོངས་སྤྱོད་ཀྱི་དཔལ་ལ་རོལ་བའི་ལྷ་ཡུལ་ལྟ་བུར་གྱུར།  ཕྱི་དྲོའི་ཆུ་ཚོད་གཉིས་ཡས་མས་སུ་ཆོས་འཚོགས་ཀྱི་ཆོ་ག་གསུམ་པ་སྟེ་གཏོར་རྫོང་གི་འགོ་རྩོམ་ཞིང་།གཏོར་རྫོང་ནི་ཆོས་འཚོགས་ཀྱི་ནང་དོན་གཙོ་བོ་ཞིག་ཡིན།གཏོར་རྫོང་ལ་ཞུགས་པའི་གྲྭ་པ་རྣམས་ཀྱིས་རས་སེར་པོས་གདོང་གཡོག་པ་དང་།ནད་གདོན་དགྲ་བགེགས་སེལ་བའི་གཏོར་མ་སོགས་སྔོན་ལ་གྲ་སྒྲིག་བྱས་ཏེ་འཆམ་མཇུག་བསྒྲིལ་བར་སྒུག་ལ།དེ་རྗེས་གཏོར་མ་རྣམས་ཕྱི་རོལ་དུ་འཕངས་ནས་བསྲེགས་པ་དང་།ནད་གདོན་དང་དགྲ་བགེགས་ཞི་ཞིང་བདེ་སྐྱིད་ཡོང་བའི་སྨོན་ལམ་འདེབས། གཏོར་རྫོང་མཇུག་རྫོགས་རྗེས།སྐྱེ་རྒུ་མདོའི་ཉེ་མཐའི་སེང་ཟེ་སོགས་ཀྱི་སྐྱེས་པ་བཞི་བཅུར་ཉེ་བ་ཙམ་གྱིས་ལུས་ལ་གཟབ་མཆོར་སྤྲས་ཤིང་།མགོ་རུ་སྐྲ་རྒྱན་དམར་པོ་དཀྲིས་པ་དང་།ལག་ཏུ་མདའ་གཞུ་དང་གྲི་རིང་བཟུང་ནས་གོ་བ་འཁྲབ་འགོ་རྩོམ་ལ།གོ་བ་ལ་འཐབ་མོ་བའི་ཞབས་བྲོའི་དོན་དང་ལྡན་ཞིང་།དེ་ནི་ཡུལ་ཤུལ་གྱི་ཐུན་མོང་མིན་པའི་དམངས་ཁྲོད་ཞབས་བྲོ་ཞིག་ཡིན་ལ།དགོན་པ་དང་ཚོ་བ་ཁག་གི་མཛད་སྒོ་ཆེ་གྲས་ཀྱི་སྐབས་སུ་འཁྲབ་སྟོན་བྱེད།འཁྲབ་སྟོན་པ་ཚང་མ་སྐྱེས་པ་ཡིན་ལ་མགོ་རུ་སྐྲ་རྒྱན་དམར་པོ་དང་ལུས་ལ་གཟབ་མཆོར་སྤྲས་ཤིང་།གའུ་དང་སྐེ་རྒྱན།སྐེད་རྒྱན་སོགས་རྒྱན་ཆ་སྣ་ཚོགས་བཏགས་ནས།སྐོར་བ་བྱས་ཏེ་འཁྲབ་སྟོན་བྱེད་པ་དང་དར་འཛིན་མཁན་གྱིས་སྣེ་ཁྲིད་ཅིང་དུང་འབུད་མཁན་གྱིས་ལམ་ཕྱེ་བ་དང་།ཆ་ལང་རྡུང་བའི་ཞབས་བྲོ་མཁན་གཅིག་གིས་མདུན་ནས་སྣེ་འཁྲིད་པ་དང་།དེའི་རྗེས་སུ་མདུང་དང་ཕུབ་ཐོགས་པའི་ཞབས་བྲོ་མཁན་ཡོད་ལ།གཞན་ཚང་མའི་ལག་ཏུ་གཞུ་བཟུང་ཡོད་ཅིང་།ཞབས་བྲོའི་སྣེ་འཁྲིད་མཁན་གྱིས་ཆ་ལང་བརྡུང་བའི་དབྱངས་རྟ་དང་བསྡེབས་ནས་ཞབས་བྲོ་འཁྲབ་པ་དང་བར་མཚམས་སུ་གོ་བཤད་བྱེད་པ་དང་གོ་གླུ་ལེན།ཞབས་བྲོ་དེའི་ཁྱད་ཆོས་ཤིག་ནི་གར་སྟབས་དལ་ཞིང་ལྷོད་ལ་བརྗིད་པའི་ཉམས་དང་ལྡན་པས་ན་དེར་བོད་ཀྱི་གཟབ་སྦྲེང་ཞབས་བྲོ་ཞེས་ཀྱང་ཟེར། གོ་བ་ལ་ཡང་བགྲེས་པོ་རྣམས་ཀྱིས་དགའ་པོ་བྱེད་དེ།གོ་བ་འཁྲབ་འགོ་ཚུགས་མ་ཐག་ཉེ་འཁོར་དུ་མི་ཚོགས་ཇེ་མང་དུ་གྱུར་ཞིང་།འཁྲབ་སྟོན་གྱིས་ཚང་མའི་ཡིད་དབང་འགུག་པ་དང་།འཁྲབ་སྟོན་བྱེད་མཁན་གྱི་ནང་མི་དང་གྲོགས་པོ་ཚོས་ནི་དེ་བས་ཀྱང་དགའ་སྤྲོ་དང་རེ་སྒུག་སྟོང་གིས་རང་གིས་ངོ་ཤེས་པའི་འཁྲབ་སྟོན་མཁན་གང་དུ་ཡོད་མིན་ལ་བལྟ་བར་བྱེད།དེ་མིན་ད་དུང་ལན་རེར་བྱིས་པ་ལ་ལས་མི་ཚོགས་ཀྱི་ཁྲོད་ནས་ཨ་ཕ།ཨ་ཕ་ཞེས་འབོད་ལ།གོ་བ་འཁྲབ་ནས་དུས་ཡུན་ཆུ་ཚོད་ཕྱེད་ཙམ་འགོར་དུས་ཕལ་ཆེར་ཕྱི་དྲོའི་ཆུ་ཚོད་གསུམ་ལ་བསླེབས་ཟིན་ཞིང་།སྐྱེ་རྒུའི་དྲུག་ཅུའི་གྲུ་གསུམ་དང་།ལྷ་འཆམ།གཏོར་རྫོངས།གོ་བ་སོགས་ཀྱི་ཆོ་ག་དང་འཁྲབ་སྟོན་བདེ་བླག་ངང་མཇུག་བསྒྲིལ།
སྐྱེ་རྒུའི་དྲུག་ཅུ་ནི་སྔ་དྲོའི་ཆུ་ཚོད་དགུ་པ་ནས་ཕྱི་དྲོའི་ཆུ་ཚོད་གསུམ་པའམ་བཞི་པའི་བར་དུ་ཡོད་ལ།དུས་སྐབས་དེ་ནི་ཏག་ཏག་ཡུལ་ཤུལ་མཐོ་སྒང་གིས་གྲང་འཁྱག་གི་དགུན་ཟླ་ཕར་བསྐྱལ་ཞིང་།ས་གཞི་ཡོངས་ལ་དྲོད་ཁོལ་འཛོམས་ཤིང་རྩྭ་དང་རྩི་ཤིང་རྒྱས་པའི་དུས་ཚིགས་སུ་ཁེལ་བས།སྐྱེ་རྒུ་གྲོང་རྡལ་དང་ཉེ་འཁོར་གྱི་གྲོང་མི་བཟའ་ཚང་ཡོངས་ཀྱིས་མཉམ་དུ་འོ་ཇ་དང་ཤ་སྐམ་སོགས་ཁྱེར་ནས་སྐྱེ་རྒུ་དགོན་དུ་འདུས་ཤིང་མཉམ་དུ་དགའ་སྟོན་ལ་རོལ་བ་དང་།ཁོ་ཚོས་ཟས་ཀྱི་ཞིམ་མངར་ལ་རོལ་བཞིན་འཆམ་ལ་མཇལ་ཞིང་།མཐོ་སྒང་གི་དྲོད་འཇམ་གྱི་ཉི་འོད་དང་བདེ་སྐྱིད་ཀྱི་འཚོ་བ།ཆོས་འཚོགས་པ་ལས་ཐོབ་པའི་བདེ་བ་བཅས་ཉམས་སུ་མྱོང་།དགོང་མོའི་དུས་སུ་མི་རྣམས་རིམ་བཞིན་རང་རང་གི་གནས་སུ་ལོག་ཅིང་།སྐྱེ་རྒུ་དགོན་པའི་འདབས་ཀྱི་གྲམ་ཁ་སླར་ཡང་དབེན་ཞིང་འཇགས་པར་གྱུར་ཏོ།།
  • ལེ་ཚན་སྔོན་མ།:ཞང་ཞུང་ཤེས་རིག་གི་ཤུལ་བཞག་རྩེ་དྲུག་གི་འཆམ།
  • ལེ་ཚན་རྗེས་མ།:མགར་ཐར་དབྱར་ཆོས་ཆེན་མོ།
  • དོ་སྣང་ཆེ་བའི་རྩོམ།