རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 1(4)

ཤ་བོ་བཙུན་ཐར། རྨ་ལྷོ།        2011-01-20


བཞི་པ།  འཆམ་གྱི་འབག་བཤད་པ།
སྤྱིར་འབག་ནི་འཇིམ་པའམ་ཤིང་ལས་བཟོས་པའི་གསང་སྔགས་ཞི་ཁྲོའི་ལྷ་ཚོགས་དང་།གཞི་བདག། ཨ་ཙ་ར། དཔའ་བོ་དང་དཔའ་མོ། གནོད་སྦྱིན་དང་དྲི་ཟ། གཅན་གཟན་རི་དྭགས་ལ་སོགས་པའི་མགོ་བརྙན་ཏེ་འདྲ་འབག་ལ་གོ  འཆམ་གྱི་འབག་ལ་མཚོན་ན། རྣམ་འགྱུར་དང་ཚོན་མདངས་ཀྱི་ཆ་ནས་ཕལ་ཆེར་ཁྲོ་བོ་དང་། ཞི་བ། ཞི་མ་ཁྲོ་བཅས་སྣ་གསུམ་ལ་འདུ། དེ་རེ་རེར་མཚོན་བྱ་གང་དེའི་འཕྲིན་ལས་དང་དུས་བབས་དང་མཚུངས་པར་འབག་གི་རྣམ་པ་དང་ཁ་དོག་ལས་མཚོན་བྱ་མི་འདྲ་བ་ཡོད།
  དཔེར་ན། རབ་དཀར་ཞི་བའི་མདངས་ཏེ་འབག་དཀར་པོ་དང་། དྲག་པོའི་མཚོན་བྱེད་ལ་འབག་སྔོ་ནག་ཆོས་རྒྱལ་ལྟ་བུ། ཞི་མ་ཁྲོ་མཚོན་པའི་རྟགས་སུ་སྣང་བ་རྣམ་ཐོས་སྲས་ལྟ་བུ་དང་། འབག་དམར་པོ་ནི་དབང་གི་མདངས་ཞེས་བྱ་ལ། འབག་ལྗང་ཁུ་ནི་འཕྲིན་ལས་ཀྱིས་མཚོན་བྱེད་ཡིན་པ་ཕལ་ཆེར་ལྷ་མོའི་ཕྱོགས་སུ་གོ་བ་མང་ངོ་། །
   ལྔ་བ། འཆམ་གྱི་རོལ་དབྱངས་བཤད་པ།
  འཆམ་གྱི་རོལ་དབྱངས་ལ་འབུད་པའི་རོལ་ཆས་དུང་ཆེན་དང་རྒྱ་གླིང་། རྐང་གླིང་། དུང་དཀར་བཅས་དང་། དཀྲོལ་བའི་རོལ་མོ་ཅང་ཏིའུ་དང་དྲིལ་བུ། སིལ་སྙན། སྦུབ། ཌ་མ་རུ། བརྡུང་བའི་རོལ་མོ་རྔ་བཅས་ཡོད། དེ་དག་ལས་ཀྱང་དུང་ཆེན་དང་རྔ། སྦུབ་གསུམ་གྱིས་འཆམ་གྱི་རོལ་མོའི་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད།
   ༡ དུང་ཆེན། “དུང་ཆེན་ནི་བོད་ཀྱི་དགོན་སྡེའི་རོལ་མོ་ལས་བྱིན་ཆགས་རྔམ་ཟིལ་ཆེ་ཤོས་ཡིན་ལ། དེའི་སྒྲ་སྐད་ཐོས་པ་ཙམ་གྱིས་ལོག་པའི་གང་ཟག་རྣམས་ནི་དབུགས་ཀྱི་རྒྱུ་བ་བརྩེགས་ཤིང་སྙིང་རྩ་འདར་བ་དང་། དད་ལྡན་སྐྱེ་བོ་རྣམས་ཀྱི་ཡིད་ཀྱི་དང་བ་འདྲེན་པར་བྱེད་ནུས་པའི་དགེ་མཚན་ལྡན་སྟབས། བོད་ཙམ་མ་ཟད་བོད་བརྒྱུད་ནས་བསྟན་དར་སའི་ས་ཆ་ཀུན་ལ་མ་ཁྱབ་པ་མེད་ཅིང་། དགོན་སྡེའི་ཆོས་ལུགས་བྱེད་སྒོ་ལས་སེར་སྦྲེང་། གར་འཆམ། ཆོ་ག་བཅས་ཀྱི་སྐབས་སུ་རྔ་རོལ་རྒྱ་རྐང་སོགས་མཉམ་དུ་འབུད་གཏོང་བྱེད། མདོར་ན་དུང་ཆེན་ནི་ཞི་དྲག་གཉིས་ལས་གཙོ་བོ་དྲག་རོལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན།
དེའི་སྐད་སྣ་ལ་ཕྲ་སྦོམ་འབྲིང་གསུམ་སྟེ། ཕྲ་བ་ཏིར་དང་། སྦོམ་པ་འདོར། འབྲིང་བ་བརྒྱངས་ཞེས་པ་ལྟ་བུ་ཡིན་ཞིང་། དེ་ཡང་འདོར་ནི་རྔ་ལྤགས་སྟེང་སྲན་མ་གཏོར་”བ་ལྟར་དང་།བརྒྱངས་ནི་རྒོད་ཀྱིས་ནམ་འཕངས་གཅོད་པ་ལྟ་བུ།ཏིར་ནི་གླང་བོ་ཆེའི་ངུར་སྐད་དང་ཕྱོགས་མཐུན་པར་དགོས་ཞེས་གྲགས་ལ།གཞི་རྩའི་འབུད་སྟངས་ལ་ཡང་འདོར།བསུ་མ།བརྒྱངས།རྦད་བཅད།ཏིར་ཕབ།ཏིར་ཆེན།བརྒྱངས་ཕྲུག་གམ་འཛར་ཞེས་པ་སོགས་ཀྱང་ཡོད།
༢རྔ།
རྔ་བརྡུང་བར་ཡང་སྒྲའི་དབྱེ་བ་བདུན་ཡོད་དེ།ཕོ་སྒྲ་དྭངས་ཟིལ་ལྡན་པར་བརྡུང་།།མོ་སྒྲ་སྙན་ཅིང་མཛེས་བར་བརྡུང་།།ཕྱེད་མ་དྭངས་ཁྲོལ་ཆགས་པར་བརྡུང་།ཞི་ལ་སྦྲང་ཆར་སིལ་བུ་ལྟར།རྒྱས་ལ་རྫི་ཆར་གཡོས་པ་ལྟར།དབང་ལ་དྲག་ཆར་འབབ་པ་ལྟར།དྲག་ལ་ཐོག་སེར་འབྱིན་པ་ལྟར།ཞེས་པ་ཇི་བཞིན།རྔ་ཆེན་གྱི་སྒྲ་བསྐུལ་བའི་ཚེ་རྔ་ཆེན་ཕན་ཚུན་གཅིག་གིས་གཅིག་ཟུར་ནོན་ཙམ་ནོར་བུ་བསྟར་ལ་བརྒྱུས་པ་ལྟར་དུ།མཐོ་དམན་དང་འབུར་སྐྱོང་ལ་སོགས་པ་སྤངས་ནས་སྙོམས་ཤིང་མཛེས་བར་བསྒྲིགས་པར་བྱ་སྟེ།དེ་ཡང་ལུས་ཀྱི་འདུག་སྟངས་ལེགས་པ་ལས་འབྱུང་བས་དཀྱིལ་ཀྲུང་ལེགས་པར་བཅོས་ནས་སྒལ་ཚིགས་བསྲིངས་ཏེ་བཟུང་དགོས་ལ།
སྒྲ་བསྐུལ་བའི་གནས་ནི་རྔ་ཡུ་ནས་ཡར་བཅད་པའི་མཁྱིད་གང་ཙམ་གྱིས་སར་བསྣུན་ལ།དེ་ཡང་ལག་པའི་སོར་མོ་དང་ཚིགས་ལ་འཕྲུལ་བཅོས་ནས་རྔ་ལྡིང་རང་ལྗིད་ཀྱིས་བསྐུལ་བར་བྱ་སྟེ།ལག་མགོ་གཡས་སྙིང་ག་ལ་མཐོ་གང་ཙམ་གྱིས་མི་རེག་པར་མཐོ་བར་བྱས་ལ།རན་པས་བསྐྱངས་པར་བྱ།སློབ་དཔོན་ཙན་ཏས།རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུགས།རི་རབ་གླིང་བཞིའི་མཐའ་མི་བསྐོར།ཞེས་པ་ལྟར་ཡུ་བའི་ཐད་ནས་སོར་དྲུག་བདུན་ཙམ་གཞལ་བའི་སར་བསྣུན་ན་རྔ་སྐད་ལེགས་པ་འབྱུང་ངོ་།།དེ་དག་ལས་བཞི་དང་བསྟུན་ན། ཞི་བའི་ལས་དང་བསྟུན་པའི་ཚེ་རྔ་སྐད་དལ་ལ་ལྷོད་པ་ཞི་བའི་ཉམས་དང་ལྡན་པར་བྱ།དེ་བཞིན་དུ་རྒྱས་པ་ལ་རྔ་སྐད་གསལ་ལ་འཁྲོལ་བ་སྒེག་པའི་ཉམས་དང་ལྡན་དགོས།དབང་ལ་རྔ་སྐད་སྙན་ལ་མཛེས་པ་ཆགས་པའི་ཉམས་ལྡན།དྲག་པོ་ལ་རྔ་སྐད་དྲག་ལ་མྱུར་བ་ཉམས་རྩུབ་ཅིང་ཁྲོ་བའི་ཉམས་ཀྱིས་བྱའོ།།དེ་ཐམས་ཅད་ལ་ཡང་རྔ་ལྡིང་བསྣུན་མ་ཐག་རྔ་དང་འཕྲལ་བ་ཤིན་ཏུ་གཅེས།དེ་ལྟར་དམ་དུ་མི་བཟུང་ལྷོད་ཡངས་བྱ་བ་དང་།དབྱུག་པ་ལྟ་བུ་མི་འཕྱར་ཀ་བ་ལྟ་བུར་མི་བསྲིངས་པ་སོགས་སྨྱོན་སྤྱོད་དང་ཐོ་ཅོའི་རྣམ་པ་སྤངས་ནས།རོལ་དཔོན་གྱི་རྗེས་སུ་འབྲངས་པ་དང་།རྔ་དཔོན་ལ་སོགས་པ་མདོར་ན་གཙོ་བོ་གང་ཡིན་དེ་དང་བསྟུན་པ་ཤིན་ཏུ་གལ་ཆེ།
 ༣སྦུབ།
སྦུབ་དཀྲོལ་བ་ལ་ཡང་ལུས་ཀྱི་འདུག་སྟངས་དང་ལས་བཞི་དང་སྦྱར་བའི་ཉམས་ཀྱི་ཚུལ་གྱིས་འཁྲོལ་ལུགས་ཡོད་དེ།ལུང་ཐག་སྲིབ་མཛུབ་སོགས་ལ་བསྐོན་ནས།མཛུབ་མོ་གཉིས་ཀྱི་ཕྱི་ནས་དཀྲིས་ལ།ལག་པའི་མཐིལ་དུ་མཐེབ་སོར་རྣམས་འགྱེད་པ་ལྷོད་ཡངས་དང་བཅས་འཛིན་ལ།སྒྲ་བསྐུལ་བའི་ཚེ།དཔུང་པ་དང་ལག་ངར་ཚིག་མཚམས་ལྷོད་ལ།ལག་པའི་མཐིལ་ནས་འཕྲུལ་ཆགས་པ་དང་བཅས་སིལ་སྦུབ་རང་ལྗིད་ཁོ་ནས་སྒྲ་བསྐུལ་དགོས།
དྲུག་པ།འཆམ་གྱི་སྟངས་སྟབས་བཤད་པ།
  • ལེ་ཚན་སྔོན་མ།:འཆམ།
  • ལེ་ཚན་རྗེས་མ།:རོང་བོ་དགོན་པའི་འཆམ་གྱི་སྟངས་སྟབས་དང་སྒྱུ་རྩལ་གྱི་སྐོར་བཤད་པ། 2
  • དོ་སྣང་ཆེ་བའི་རྩོམ།