འདི་ནི་སྤྱི་ལོའི་དུས་རབས་བཅུ་གཅིག་པ་ཙམ་ལ་བྱུང་བའི་སངས་རྒྱས་ཀྱི་བཀའ་ལས་ཡིག་འབྲུ་གཅིག་ཀྱང་མ་ལུས་པར་ཚང་མ་གདམས་ངག་ཏུ་གོ་བའི་གྲུབ་མཐའ་ཞིག་སྟེ། ཇོ་བོ་རྗེ་ཨ་ཏི་ཤ་ནས་དབུ་བརྙེས། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེས། པོ་ཏོ་བ་དང་། སྤྱན་སྔ་བ། ཕུ་ཆུང་བ་བཅས་ལ་བཀའ་གདམས་སྐུ་མཆེད་གསུམ་ཞེས་གྲགས་པ་ནས་དར་ཞིང་རྒྱས་པར་མཛད། གླང་རི་ཐང་པ་དང་ཤ་ར་བ་གཉིས། བྱ་ཡུལ་བ་སོགས་ཀྱིས་དེ་བས་ཀྱང་རྒྱས་པར་མཛད། བཀའ་གདམས་པའི་སློབ་བརྒྱུད་ཡོངས་སུ་གྲགས་པ་ལ་གཞུང་པ་དང་གདམས་ངག་པ་གཉིས་སམ། ཡང་ན་མན་ངག་པ་དང་གསུམ་དུ་གྱེས།
གྲུབ་མཐའ་དེའི་ཉམས་ལེན་གྱི་གཞུང་གཙོ་བོ་ནི་ཇོ་བོ་རྗེ་ཨ་ཏི་ཤས་མཛད་པའི་《བྱང་ཆུབ་ལམ་གྱི་སྒྲོན་མེ》ཡིན།