བོད་དུ་ཆོས་འབྱུང་ལོ་རྒྱུས་ལས་རྙིང་མའི་གྲུབ་མཐའ་བྱུང་ཚུལ།

        2011-09-23

བོད་དུ་ཆོས་འབྱུང་ལོ་རྒྱུས་རིང་མོ་དབུས་སུ་སྙན་པར་གྲགས་པའི་གྲུབ་མཐའ་ཆེན་མོ་བཞིའི་ཡ་གྱལ་རྙིང་མའི་ཆོས་ལུགས་ཞེས་བོད་དུ་ནང་པའི་གསང་སྔགས་ཀྱི་ཆོས་བྱུང་བའི་ཐོག་མ་ཡིན་ཞིང་། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེར་ཤ་ར། བལ་པོའི་སློབ་དཔོན་ཤྭི་ལ་མཉྫུ་སོགས་སྤྱན་དྲངས་ཏེ་གསང་སྔགས་ཀྱི་རྒྱུད་མང་པོ་བསྒྱུར་ཞིང་། བོད་ཁམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས་པའི་མ་ཎི་འབྲུ་དྲུག་བཟླ་བའི་སྲོལ་རྒྱུན་ཐོག་མར་འདི་ནས་དར།
   དེ་ནས་མི་རབས་ལྔ་པར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སློབ་དཔོན་ཆེན་པོ་པདྨ་སམྦྷ་བ་བོད་དུ་སྤྱན་དྲངས། མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། རྗེ་འབངས་ཉེར་ལྔ་སོགས་སྣོད་ལྡན་གྱི་སློབ་མ་མང་པོར་ལུང་ཨ་ནུ་ཡོ་ག་དང་བསྐྱེད་མ་ཧྭ་ཡོ་ག   རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་བཅས་ཡོ་ག་རྣམ་གསུམ་གྱི་དབང་དང་མན་ངག་མང་པོ་གསུངས་པས་སྨིན་གྲོལ་ལ་བཀོད་ཅིང་གྲུབ་པ་ཐོབ་པའི་སྐྱེས་བུ་དམ་པ་མང་པོ་བྱུང་ཡོད། གཞན་ཡང་སྔགས་འཆང་དྷརྨཀིརྟི། བི་མ་ལ་མི་ཏྲ། སངས་རྒྱས་གསང་བ། ཤྲཱིནྟ་གརྦྷ་སོགས་རྒྱ་གར་གྱི་པཎྜི་ཏ་མང་པོ་བྱོན་ནས་གསང་སྔགས་ཀྱི་ཆོས་མང་པོ་གསུངས་ཤིང་བསྒྱུར་བར་མཛད། སློབ་དཔོན་ཆེན་པོས་མ་འོངས་པའི་དོན་དུ་རི་དང་བྲག་མཚོ་དང་མཚེའུ་སོགས་སུ་གཏེར་དུ་སྦས་པ་བཅས་གསང་སྔགས་རྙིང་པའི་ཆོས་ནི་དུས་རབས་བདུན་པ་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐོར་བུ་ཙམ་བྱུང་ཡོད་རུང་། རྒྱ་ཆེར་འཕེལ་བའི་དུས་ནི་ཁྲི་སྲོང་ལྡེ་བཙན་གྱི་འཕེལ་ནས་ཡིན་ལ། སྲོལ་འབྱེད་མཁན་གཙོ་བོ་མཁན་སློབ་རྣམ་གཉིས་དང་ལོ་པཎ་གྲུབ་ཐོབ་དག་ལས་བྱུང་བའོ། །
   རྙིང་མ་ཞེས་པའི་དོན་ནི་མདོ་ཕྱོགས་ལ་གསར་རྙིང་གི་དབྱེ་བ་མ་བྱུང་བས། གསང་སྔགས་ཀྱི་སྒོ་ནས་ཐ་སྙད་འདི་བཞག་པ་ཡིན། དེར་ཡང་འགྲེལ་བཤད་ཐད་སྲོལ་མི་འདྲ་བ་ཡོད་ཀྱང་མཁས་པ་ཕལ་ཆེ་བའི་གསུང་རྒྱུན་ལ་པཎྜི་ཏ་སྨྲི་ཏི་ཛྙ་ན་བྱོན་པ་ཡན་ཆད་དུ་བསྒྱུར་བའི་གསང་སྔགས་ཀྱི་རྒྱུད་རྣམས་ལ་རྙིང་མ་དང། མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱོན་པ་མན་ཆད་དུ་བསྒྱུར་བའི་རྒྱུད་རྣམས་གསང་སྔགས་གསར་བ་ཞེས་གསར་རྙིང་གི་དབྱེ་མཚམས་གསལ་པོ་གསུང་ཡོད། དེའང་གཙོ་ཕལ་གྱི་དབང་དུ་བྱས་པ་ལས། མཐའ་གཅིག་ཏུ་ངེས་བཟུང་བ་མིན་ཏེ། ལོ་ཙཱ་བ་རིན་བཟང་གོང་དུ་བསྒྱུར་བའི་འཇམ་དཔལ་རྩ་རྒྱུད་སོགས་རྙིང་རྒྱུད་མིན་པ་ཡང་ཡོད་ལ། དེ་བཞིན་གོང་སྨོས་ལོ་ཙཱ་བ་རིན་བཟང་ནས་གསང་སྔགས་གསར་མའི་འགྱུར་འགོ་ཚུགས་ཞེས་པའང་དཔེ་མཚོན་ཙམ་ལས་ངེས་མིན་ཏེ། སྐབས་དེ་དང་ཕལ་ཆེར་མཉམ་པའི་འབྲོག་མི་དང་འགོས་ལོ་ཙཱ་དང་། ལྷོ་བྲག་མར་པ་ལོ་ཙཱ་བ་རྣམས་ནས་བསྒྱུར་ཅིང་བཤད་པའི་ཆོས་བརྒྱུད་རྣམས་ཀྱང་གསང་སྔགས་གསར་མ་ཡིན་པར་གསུངས་སོ། །རྙིང་མའི་ཆོས་ལ་བརྒྱུད་མི་འདྲ་བའི་སྒོ་ནས་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་གི་བརྒྱུད་བཅས་གསུམ་དུ་དབྱེ་བར་སྣང་། རྙིང་མའི་ཆོས་ཀྱི་སྙིང་པོ་གྱུར་པ་་ནི་མན་ངག་རྫོགས་པ་ཆེན་པོ་ཞེས་གྲགས་པ་སྟེ། སེམས་སྡེ་མ་བུ་བཅོ་བརྒྱད་ལས་བཻ་ཙ་ན་ཡིས་བརྒྱུད་པ་ལྔ་དང་། བི་མ་ལ་མི་ཏྲ་ལས་བརྒྱུད་པ་བཅུ་གསུམ་བཅས་སོ། ། ཀློང་སྡེ་ཡང་བི་མ་ལ་མི་ཏྲ་ལས་བྱུང་ཞིང་། མན་ངག་གི་སྡེ་ལ་ཤིན་ཏུ་ཟབ་པར་གྲགས་པའི་རྫོགས་པ་ཆེན་པོ་སྙིང་ཏིག་ཅེས་གྲགས་ཏེ་སློབ་དཔོན་བཻ་རོ་ཉིད་ལས་བྱུང་བའོ། ། གཏེར་མ་ཞེས་པ་ནི་སློབ་དཔོན་པདྨ་འབྱུང་གནས་སོགས་སྐྱེས་བུ་ཚད་ལྡན་འགའ་ཞིག་གིས་མ་འོངས་པའི་གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་དུ་གལ་ཆེའི་ཆོས་དཔེ་དངོས་རྫས་བཅས་སྐུ་གསུང་ཐུགས་རྟེན་རྣམས་གཏེར་དུ་སྦས་ཏེ་ཆུད་ཟོས་སུ་མི་འགྲོ་བར་བྱིན་གྱིས་བརླབས་ཤིང་གཏེར་སྲིང་ལ་གཉེར་དུ་གཏད། མ་འོངས་པར་སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པའི་སྨོན་ལམ་བཏབ། དུས་ནམ་ཞིག་གི་ཚེ་ན་འདོན་པ། གཏེར་སྟོན་སྐྱེས་བུ་གང་ཞིག་གིས་འདོན་པ་བཅས་གཏེར་གྱི་ཁ་བྱང་དུ་བཀོད་ནས་ཀྱང་ཡུལ་གནས་གཞན་དུ་སྦས། རྗེས་སུ་གནས་དུས་གང་ཟག་ཐམས་ཅད་འཛོམས་པས་གཏེར་ལེན་ཏེ་སྐལ་ལྡན་མང་པོ་ལ་སྤེལ་བས་གཏེར་མ་ཞེས་གྲགས་སོ། །
རྩོམ་སྒྲིག་པ་ཨོ་རྒྱན་དོན་གྲུབ།
  • ལེ་ཚན་སྔོན་མ།:ནང་དོན་རིག་པའི་ཐ་སྙད་འགའི་འགྲེལ་བ།
  • ལེ་ཚན་རྗེས་མ།:བོད་དུ་བཀའ་གདམས་པའི་གྲུབ་མཐའ་བྱུང་ཚུལ།
  • དོ་སྣང་ཆེ་བའི་རྩོམ།