བྱ་རིགས་ཀྱི་ཆམ་རིམསH7N9སྔོན་འགོག་ཇི་ལྟར་བྱེད་དགོས་སམ།

(སྐལ་བཟང་ཐུབ་བསྟན་གྱིས་བསྡུས་བསྒྱུར་བྱས།)        2013-05-06

རྒྱུན་ལྡན་གྱི་འཚོ་བའི་ནང་བྱ་རིགས་ཀྱི་ཆམ་རིམསH7N9སྔོན་འགོག་ཇི་ལྟར་བྱེད་དགོས་པའི་སྐོར་ལ།ཧྥུ་ཅན་ཞིང་ཆེན་འཕྲོད་བསྟེན་ཐིང་གིས་གྲོས་འགོ་ཁག་དྲུག་བཏོན་པ་སྟེ།
གཅིག་ནི་མི་མང་པོ་འཛོམསས་ནས་འཚང་ག་ཆེ་བའི་ས་ཆ་དང་རླུང་རྒྱུག་འགྲོ་ཡག་པོ་མེད་པའི་སར་འགྲོ་གྲངས་ཉུང་ཙམ་བྱེད་དགོས་ཤིང་།ལྷག་པར་དུ་ལོ་ན་མཐོ་ལ་ལུས་ཕོངས་ཞན་པའམ་ཡང་ན་ནད་གཞི་ཕོག་པའི་གྲོང་མི་ཚོས་དབུགས་ལམ་ལ་གཉན་ཁ་རྒྱས་པའི་ནད་གཞི་ཕོག་ཆེ་བའི་དུས་སུ་མི་སྒེར་གྱི་གཙང་སྦྲ་དང་གཟུགས་པོར་བདག་གཅེས་བྱ་རྒྱུར་དེ་བས་ཀྱང་དོ་སྣང་བྱེད་དགོས།
གཉིས་ནི་ཁང་པའི་སྒོ་དང་སྒེའུ་ཁུང་ཕྱེ་ནས་མཁའ་རླུང་འགྲོ་ས་ཡོད་པ་བྱེད་དགོས་ཤིང་།མི་སྒེར་གྱི་གཙང་སྦྲར་དོ་སྣང་བྱས་ཏེ་ལག་པ་ཡང་ཡང་འཁྲུད་བ་དང་།ཧབ་ཆི་རྒྱག་པ་དང་གློ་རྒྱག་སྐབས་ཁ་སྣ་འགེབས་པ།སྣབས་རྟུག་ཕྱིས་རྗེས་ལག་པ་གཙང་མར་འཁྲུད་བ།ཁ་ལུད་གང་བྱུང་དུ་མི་འཕེན་པ་བཅས་བྱས་ནས་ནད་གཞི་གཞན་ལ་འགོ་རྒྱུ་སྔོན་འགོག་བྱེད་དགོས།
གསུམ་ནི་བྱ་རིགས་དང་ཕྱུགས་རིགས་སོགས་ཀྱི་གནས་སྡོད་བྱེད་ས་དང་ཐག་རིང་ཙམ་རྒྱང་དགོས་པ་དང་ལྷག་པར་དུ་ན་ནས་ཤི་བའི་བྱ་རིགས་དང་ཕྱུགས་རིགས་ཀྱི་ཤ་ཟ་རྒྱུ་མེད།
བཞི་ནི་བཟའ་བཏུང་རིགས་ཀྱི་གཙང་སྦྲར་དོ་སྣང་བྱེད་དགོས་ཤིང་།ཟས་ལས་སྣོན་དང་ཉར་ཚགས་བྱེད་སྐབས་ཟས་རྗེན་པ་དང་ཟས་བཙོས་མ་དབྱེ་བ་ཕྱེ་ནས་ཉར་ཚགས་བྱ་རྒྱུར་དོ་སྣང་བྱེད་དགོས་པ་དང་།བྱ་ཤ་དང་སྒོ་ང་སོགས་རྗེན་པའམ་ཡང་ན་ཕྱེད་བཙོས་མ་ཟ་རྒྱུ་མེད།འགོས་ནད་ལྡན་མིན་ཞིབ་བཤེར་བྱས་མེད་པའི་བྱ་ཤའི་ཐོན་རྫས་ཉོ་རྒྱུ་མེད།
ལྔ་ནི་ལུས་པོར་སྦྱོང་བརྡར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།གཉིད་འདང་ངེས་ཁུག་པ་དང་ངལ་གསོ་ཡག་པོ་རྒྱག་དགོས།ལས་ཀ་གང་སྒྲུབ་པ་ཡིན་ན་ཡང་ཐང་ཆད་ཆད་ཀྱི་སྒོ་ནས་མི་བྱེད་པ་བཅས་བྱས་ནས་རང་ཉིད་ཀྱི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས།
དྲུག་ནི་ཚ་བ་རྒྱས་པ་དང་གློ་རྒྱག་པ་སོགས་དོས་དྲག་རང་བཞིན་གྱི་དབུགས་ལམ་ལ་གཉན་ཁ་རྒྱས་པའི་ནད་རྟགས་ཐོན་པ་དང་ལྷག་པར་དུ་ཚ་བ་རྒྱས་ཆེ་བ་དང་དབུགས་རྔུབ་གཏོང་དཀའ་བའི་གནས་ཚུལ་ཐོན་སྐབས་དེ་མ་ཐག་ཏུ་སྨན་ཁང་དུ་བརྟག་དཔྱད་བྱེད་སར་འགྲོ་དགོས་པ་དང་།སྨན་ཁང་དུ་འགྲོ་རིང་སྨན་པར་ནད་གཞི་མ་ཕོག་གོང་ནད་གཞི་ཕོག་པའི་བྱ་རིགས་དང་ཐུག་རེག་བྱུང་མིན་སོགས་ཀྱི་གནས་ཚུལ་ངེས་པར་དུ་མ་གསང་བར་དྲང་པོར་ཤོད་དགོས།དེས་མ་ཚད་ད་དུང་སྨན་པའི་ཁྲིད་སྟོན་འོག་སྨན་བཅོས་བྱེད་པ་དང་སྨན་ཟ་དགོས།སྨན་ཁང་དུ་འགྲོ་སྐབས་དུས་ཐོག་ཏུ་ཁ་རས་རྒྱག་དགོས་པ་བཅས་རེད།།
  • ལེ་ཚན་སྔོན་མ།:བྱ་རིགས་ཀྱི་ཆམ་རིམསH7N9སྔོན་འགོག་ཇི་ལྟར་བྱེད་དགོས་སམ།
  • ལེ་ཚན་རྗེས་མ།:འདམ་རྡོ་ཆུ་རུད་འབྱུང་ཚེ་ཇི་ལྟར་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།