འབྲུག་མོ། 2012-05-16
ནོར་འཁྲུལ་དང་པོ། གཅོང་ནད་གསོ་སླ་བར་འདོད་པ།
དུས་རབས་ཉི་ཤུ་བའི་དུས་དཀྱིལ་དུ་དུག་སྲིན་འགོག་སྨན་རྒྱ་ཆེར་བཀོལ་སྤྱོད་བྱེད་བཞིན་པའི་སྐབས་སུ། འདུས་འདྲིལ་དབྱུག་སྲིན་ཡང་ཕལ་ཆེར་མེད་པར་བཏང་ནས་གཅོང་ནད་ལས་འཆི་བའི་ནད་པ་མངོན་སུམ་སྒོས་ཇེ་ཉུང་དུ་བཏང་བས། མི་རྣམས་ཀྱི་སྣང་ངོར་གཅོང་ནད་ནི་གསོ་སླ་བའི་ནད་ཅིག་ཡིན་པར་འདོད་ཡོད།
དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ཚུན་ནས། དུག་སྲིན་འགོག་སྨན་གང་འདོད་དུ་བཀོལ་བ་དང་ཡང་ན་ཚད་ལྡན་མིན་པར་བསྟེན་པ་ལས། གཅོང་ནད་བྱུང་བའི་ནད་པ་མང་ཆེ་བར་སྨན་ནུས་མི་ཐོན་པའི་སྣང་ཚུལ་བྱུང་བ་རེད། བསྡོམས་རྩིས་བྱས་པ་ལྟར་ན། སྨན་ནུས་མི་ཐོན་པའི་ནད་པའི་གྲངས་ཀ་དེ་ཐོག་དང་པོར་གསོ་བཅོས་བྱེད་པའི་ནད་པའི་གྲངས་ཀ་ལས་བརྒྱ་ཆའི་ཉེར་བརྒྱད་ནས་བརྒྱ་ཆའི་ཞེ་གཅིག་ཙམ་ལ་སླེབས། དེ་ལས་གཅོང་ནད་ནི་གསོ་སླ་བའི་ནད་རིགས་ཅིག་མིན་པའི་གསལ་བརྡ་བཏང་ཡོད།
ནོར་འཁྲུལ་གཉིས་པ། གཅོང་ནད་དེ་ཆ་རྐྱེན་ཞན་པའི་གྲོང་གསེབ་ཏུ་འབྱུང་ཚད་མཐོ་བར་འདོད་པ།
སྔོན་ཆད་མི་ཚང་མས་བསམ་པར་གཅོང་ནད་ནི་མི་དབུལ་བོར་འབྱུང་བའི་ནད་རིགས་ཅིག་ཡིན་པས། ཆ་རྐྱེན་ཞན་པའི་གྲོང་གསེབ་ཏུ་འབྱུང་ཚད་མཐོ་བར་འདོད་ཡོད། འོན་ཀྱང་ཉེ་བའི་ལོ་ངོ་བཅུ་ཙམ་གྱི་རིང་ལ། རང་རྒྱལ་གྱི་གྲོང་ཁྱེར་དུ་གཅོང་ནད་བྱུང་བའི་ནད་པ་གློ་བུར་དུ་ཇེ་མང་ལ་སོང་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་ཁོར་ཡུག་ལ་བརྫད་སྐྱོན་ཐེབས་ཚད་ཇེ་མང་དུ་གྱུར་བ་་དང་། མི་རྣམས་ལ་ངེས་པར་མཁོ་བའི་འཐུང་ཆུ་དང་། མཁའ་དབུགས། ཟས་རིགས་སོགས་ལ་བཟོ་ལས་ཀྱིས་བརྫད་སྐྱོན་ཐེབས་ནས། མི་རྣམས་ཀྱི་ལུས་སྟོབས་ཇེ་ཞན་དུ་གྱུར་བས། མཁའ་དབུགས་ལས་མཆེད་པའི་གཅོང་ནད་དེ་ཡང་བསྐྱར་འབྱུང་མགོ་བརྩམས་པ་རེད། དོན་དངོས་སུ་མཆིན་ཚད་དང་ཨེ་ཙི་ནད་འབྱུང་ཚད་ཇེ་མང་དུ་གྱུར་བ་དེས་གཅོང་ནད་འབྱུང་ཚད་ཀྱང་ཇེ་མང་དུ་བཏང་ཡོད་པ་རེད། མཆིན་ཚད་དང་ཨེ་ཙི་ནད་ལས་གཅོང་ནད་སློང་བཞིན་ཡོད། ཆེད་མཁས་པས་དབྱེ་ཞིབ་བྱས་པ་ལྟར་ན། རང་རྒྱལ་དུ་གཅོང་ནད་བྱུང་བའི་ནད་པ་ཁྲི་ལྔ་བརྒྱ་དང་དགུ་བཅུ་ཡོད་པའི་ནང་དུ་ཕྱེད་ཀ་ཙམ་ནི་འགོ་བའི་རང་བཞིན་ལྡན་པའི་ནད་པ་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཁ་ཤས་སུ་ཚབས་ཆེ་བའི་སྒོ་ནས་གཅོང་ནད་མཆེད་དེ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལས་འབྱུང་ཚད་ཆེས་ཆེར་མཐོ་བས། དེང་སྐབས་གྲོང་ཁྱེར་དུ་གཅོང་ནད་འབྱུང་ཚད་དེ་གྲོང་གསེབ་ལས་ཀྱང་མཐོ།
ནོར་འཁྲུལ་གསུམ་པ། གཅོང་ནད་ལས་འཆི་མི་སྲིད་པར་འདོད་པ།
སྔོན་ཆད་མི་རྣམས་ཀྱིས་འབྲས་ནད་ནི་གསོ་ཐབས་མེད་པའི་ནད་རྩོག་ཅིག་ཡིན་པས། ནམ་ཞིག་ནད་དེ་བྱུང་ཚེ་འཆི་སྲིད་པ་ཁོ་ཐག་ཡིན་པར་འདོད་བཞིན་ཡོད་པ་ལས། གཅོང་ནད་ནི་དེ་ལྟ་བུ་ཞིག་ཏུ་གཏན་ནས་འདོད་ཀྱིན་མེད། ལྟ་ཚུལ་དེ་ནི་ནོར་འཁྲུལ་གྱི་ལྟ་ཚུལ་ཁོ་ན་རེད། དེང་སྐབས་རང་རྒྱལ་དུ་གཅོང་ནད་བྱུང་ཡོད་པའི་ནད་པ་ཁྲི་ལྔ་བརྒྱ་དང་དགུ་བཅུ་ཡོད་ཅིང་། ལོ་རེར་གཅོང་ནད་ལས་འཆི་བའི་མི་གྲངས་ཧ་ལམ་མི་ཁྲི་ཉེར་ལྔ་ཙམ་ཡོད།
ནོར་འཁྲུལ་བཞི་བ། ཅུང་གསོ་དཀའ་བའི་གཅོང་ནད་དེ་བཅོ་ཐབས་གཏན་ནས་མེད་པར་འདོད་པ།
སྨན་ནུས་མི་ཐོན་པ་དང་ཚོར་ལྷག་ལོག་པ། ཚབས་ཆེ་བའི་མཉམ་བྱུང་ནད་རིགས་སོགས་ལས་བསླངས་པའི་གསོ་དཀའ་བའི་གཅོང་ནད་དེ་འཛམ་གླིང་གསོ་རིག་གིས་ཀྱང་འགྲེལ་དཀའ་བ་ཞིག་ཏུ་གྱུར་ཡོད། གསོ་དཀའ་བའི་ནད་རིགས་དེ་བྱུང་ཡོད་པའི་ནད་པས་རྫས་འགྱུར་སྨན་བཅོས་བྱེད་བཞིན་པའི་ནད་པ་སྤྱིའི་བརྒྱ་ཆའི་དྲུག་ཡས་མས་ཟིན་ཡོད་པར་མ་ཟད། དེ་ལས་མང་ཆེ་བས་དུས་ཡུན་ཐུང་ངུའི་ནང་སྨན་བཅོས་མ་བྱས་པར་འཆི་བཞིན་པའི་གནས་ཚུལ་ཅུང་མང་། གསོ་དཀའ་བའི་གཅོང་ནད་དེའི་རིགས་དངོས་གནས་བཅོ་ཐབས་གཏན་ནས་མེད་པ་ཞིག་ཡིན་ནམ་ཞེ་ན། མིན་ཏེ། ནད་ཐོག་ལག་ལེན་ལས་ཞིབ་འཇུག་བྱས་ནས་བདེན་དཔང་ཐོབ་པ་ལྟར་ན། ཚད་དང་ལྡན་པའི་སྒོ་ནས་སྨན་བཅོས་བྱེད་ཐབས་བཀོལ་ཚེ། ཅུང་གསོ་དཀའ་བའི་གཅོང་ནད་དེའི་རིགས་ཀྱང་མང་ཆེ་བ་སངས་དྲག་ཏུ་གཏོང་ཐུབ་ཟེར།
རྩོམ་གསར། 10