2012-05-10
གཅིག གཅོང་ནད་སྐོར་གྱི་གལ་ཆེ་བའི་འཕྲིན་གསར །
1.གློ་གཅོང་གི་ནད་ནི་འབྱུང་གཞིའི་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད་པའི་དལ་བའི་རང་བཞིན་གྱི་དབུགས་ལམ་གྱི་འགོ་ནད་ཅིག་ཡིན།
2.ལུ་རྒྱུ་ཡོང་བ་དང་ལུ་ནས་གཟའ་འཁོར་གཉིས་རིང་འགོར་བའམ་ཡང་ན་ལུད་པའི་ནང་དུ་ཁྲག་ཅུང་འདྲེས་ན་། དེ་ནི་གློ་བའི་གཅོང་ནད་ཡིན་པར་འདོད་ཆོག
3.གློ་བའི་གཅོང་ནད་བྱུང་ཡོད་པར་འདོད་ཚེ། རྗོང་རིམ་པ་དང་ས་གནས་རིམ་པའི་གཅོང་ནད་སྔོན་འགོག་སྡེ་ཁག་ཏུ་སོང་ནས་བརྟག་དཔྱད་དང་གསོ་བཅོས་བྱ་དགོས།
4.རྫོང་རིམ་པ་དང་ས་གནས་རིམ་པའི་གཅོང་ནད་སྔོན་འགོག་སྡེ་ཁག་ཏུ་སོང་ནས་བརྟག་དཔྱད་དང་གསོ་བཅོས་བྱེད་ན་རྒྱལ་ཁབ་ཀྱི་སྨན་རིན་མི་དགོས་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག ས་ཆ་གཞན་ནས་ཡོང་བའི་ཞིང་བ་ཞོར་ལས་པས་ཀྱང་ས་གནས་དེའི་མི་དང་འདྲ་བར་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག
གཉིས་པ། གཅོང་ནད་ཀྱི་ལོ་རྒྱུས།
དུས་རབས་བཅུ་དགུ་བར་ངོ་མདོག་སྐྱ་བོར་འགྱུར་བ་དང་། ལུས་ཀྱི་ཤ་སྐེམ་པ། དྲག་ཏུ་ལུ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དེ་ནི་གློ་གཅོང་གི་ནད་དམ་ཡང་ན་གློ་ནད་བུང་ཚང་ཡིན་པར་ངོས་འཛིན་ཀྱིན་ཡོད་པ་དང་། སྐབས་དེའི་སྒྲུང་གཏམ་དང་ཟློས་གར་སོགས་ཀྱི་ནང་ནའང་དེའི་སྐོར་ཞིབ་འབྲི་བྱས་པ་མང་པོ་མཐོང་རྒྱུ་ཡོད།
དུས་རབས་བཅུ་དགུ་བར། གློ་གཅོང་གི་ནད་ཡམས་དེས་མི་ཅི་འདྲ་མང་པོ་ཞིག་གིས་ཚེ་སྲོག་འཕྲོག་མྱོང་ལ། དུས་རབས་ཉི་ཤུ་བར་ཕན་ནུས་ལྡན་པའི་དུག་སྲིན་འགོག་སྨན་དང་དེ་ལས་གཞན་པའི་གཅོང་ནད་སྔོན་འགོག་སྐོར་གྱི་སྨན་རྫས་མང་པོ་འཕྲོ་རིམ་འཕྲོར་གསར་གཏོད་བྱས་ནས་གློ་བའི་གཅོང་ནད་ལ་འཛམ་གླིང་རང་བཞིན་ནས་ཚོད་འཛིན་གང་ལེགས་བྱས་ཡོད་ནའང་། དེ་ནི་སྣང་མེད་དུ་བསྐྱུར་རུང་བ་ཞིག་གཏན་ནས་མིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ད་ཆར་གློ་གཅོང་ནད་དེ་ག་ས་གང་དུ་ཡང་བསྐྱར་འབྱུང་བའི་སྣང་ཚུལ་འབྱུང་བཞིན་ཡོད་པས། འདི་འདྲའི་ནད་ཡམས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་བའི་ཐ་ཚིག་བསྒྲགས་ཡོད།
1882ལོར། འཇར་པན་གྱི་ཚན་རིག་པ་ལོ་པོ་ཐི.ཁི་ཧི་ཡིས་འདུས་འདྲིལ་དབྱུག་སྲིན་ཐོག་མར་ངོས་ཟིན་པར་མ་ཟད། འདུས་འདྲིལ་དབྱུག་སྲིན་དེ་མི་དང་ནོར། བྱ། བྱི་བ་བཅས་རིགས་བཞི་རུ་དབྱེ་ཡོད། དེ་ལས་མིའི་རྣམ་པ་ཅན་གྱི་དབྱུག་སྲིན་དེ་མིའི་རིགས་ལ་འབྱུང་བའི་གཅོང་ནད་ཀྱི་ནད་གཞིིའི་འབྱུང་རྐྱེན་གཙོ་བོ་ཡིན། གློ་བའི་གཅོང་ནད་ནི་གཙོ་བོ་མིའི་རྣམ་པ་ཅན་གྱི་དབྱུག་སྲིན་འབུ་ཕྲ་དེ་གློ་བར་འཛུལ་ནས་བསླངས་པའི་འགོས་མཆེད་ཆེ་བའི་དལ་བའི་རང་བཞིན་དང་ཟད་གྲོན་རང་བཞིན་གྱི་ནད་རིགས་ཤིག་རེད། དེའི་རྒྱུན་མཐོང་གི་ནད་རྟགས་ནི་ལུ་བ་དང་། ལུད་པ་མང་བ། ལུད་པའི་ནང་དུ་ཁྲག་འདྲེས་པ། བྲང་ཁོག་ན་བ། ཚ་ལངས་པ། ལུས་ཤུགས་མེད་པ། ཟ་མའི་ཡི་ག་ཇེ་ཞན་དུ་འགྲོ་བ་སོགས་ལུས་ཀྱི་ཆ་ཤས་སམ་ཡང་ན་ལུས་ཡོངས་སུ་རྟགས་སྣ་ཚོགས་འབྱུང་བ་རེད། གློ་གཅོང་ནད་ཀྱི་བརྒྱ་ཆའི་དགུ་བཅུའི་ཡན་ཚང་མ་དབུགས་ལམ་བརྒྱུད་ནས་ཕན་ཚུན་ལ་བགོ་བ་ཡིན་ཏེ། ནད་དེ་བྱུང་ཡོད་པའི་ནད་པ་ལུ་བ་དང་སྣ་སྦྲིད་རྒྱག་པ། སྐད་གསེང་མཐོན་པོས་འུར་རྒྱག་པ་སོགས་ཀྱི་སྐབས་སུ་དུག་སྲིན་འབུ་ཕྲ་དེ་མཆིལ་ཟེགས་བརྒྱུད་ནས་ཕྱིར་ཐོན་ཏེ་བདེ་ཐང་གི་མིའི་དབུགས་ལམ་དུ་སོང་ནས་འགོས་པ་རེད།
1944ལོར། སྨན་ནུས་ཆེན་པོ་ལྡན་པའི་ལེན་མེ་སུའུ(链霉素)གསར་གཏོད་བྱས་རྗེས་གློ་གཅོང་གི་ནད་དེར་བཅོས་ཐབས་མེད་པའི་ལོ་རྒྱུས་མཇུག་རྫོགས་པ་རེད། དེའི་རྗེས་སུ་ལེ་མུས་ཧྥུན(雷米封)དང་ལིས་ཧྥུའུ་ཕེན(利福平)། དབྱི་ཨན་ཏེན་ཁྲུང(乙胺醇)སོགས་ཀྱི་སྡེབ་སྦྱོར་སྔ་ཕྱིར་ལེགས་འགྲུབ་བྱུང་བས་གློ་གཅོང་ནད་པ་སྔར་ལས་མངོན་སུམ་སྒོས་ཇེ་ཉུང་དུ་བཏང་བ་རེད། འགོག་སྲུང་གི་སྐོར་ནས་གཙོ་བོར་ཁ་ཅེ་མེའོ(BCG)འགོག་ཁབ་རྒྱག་པ་དང་རྫས་འགྱུར་བཀོལ་ནས་སྔོན་འགོག་བྱེད་པ་གཙོར་འཛིན་དགོས། དེ་ལས1951ལོར་དབྱི་ཡན་ཅིན(异烟肼)ཞེས་པའི་སྨན་དེ་བྱུང་རྗེས་རྫས་འགྱུར་སྨན་རྫས་ལ་བརྟེན་ནས་སྔོན་འགོག་བྱེད་པར་གྲུབ་འབྲས་ཆེན་པོ་ཐོབ་པ་རེད། དབྱི་ཡན་ཅིན(异烟肼)ཞེས་པའི་སྨན་དེར་ནད་འབུ་གསོད་པའི་ནུས་པ་ཆེ་ལ། ཞོར་སྐྱོན་ཆུང་ཞིང་། ད་དུང་སྨན་རིན་བདེ་བས་ནད་པར་ཧ་ཅང་འཚམ། སྨན་དེ་ཟླ་དྲུག་ནས་བཅུ་གཉིས་བར་འཐུང་ན། ལོ་ངོ་བཅུའི་རིང་ལ་ནད་དེ་འབྱུང་ཚད་བརྒྱ་ཆའི་ལྔ་བཅུ་ནས་དྲུག་ཅུ་ཇེ་ཉུང་དུ་གཏོང་ཐུབ།
དུག་སྲིན་འགོག་སྨན་དང་ཁ་མེ་མེའོ། རྫས་འགྱུར་སྨན་རྫས་སོགས་བྱུང་བ་དེས་མིའི་རིགས་ཀྱིས་གློ་གཅོང་གི་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལོ་རྒྱུས་ཐོག་རྒྱལ་ཁ་ཆེན་པོ་ཞིག་བླངས་ཡོད། དེ་བས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་དུས་མགོར་ཨ་མེ་རི་ཁས་བསམ་པར། དུས་རབས་ཉི་ཤུ་བའི་དུས་མཇུག་ཏུ་ཐོན་ན་གློ་གཅོང་གི་ནད་དེ་རྩ་བ་ནས་མེད་པར་གཏོང་ཐུབ་པར་འདོད་ཡོད། འོན་ཀྱང་གློ་ནད་བུང་ཚང་ངམ་གློ་གཅོང་གི་ནད་ཞེས་པའི་ནད་རྩོག་དེས་དེང་སྐབས་ཡང་བསྐྱར་མི་རྣམས་ལ་འཇིགས་སྣང་ཞིག་བསྐྱལ་ཡོང་བཞིན་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་ཆར་གློ་གཅོང་གི་ནད་དེ་འཛམ་གླིང་ཡོངས་སུ་ཡང་བསྐྱར་འབྱུང་བཞིན་ཡོད་པ་དང་། 1995ལོར་འཛམ་གླིང་ཡོངས་སུ་ཧ་ལམ་མི་ཁྲི 300ཙམ་གློ་གཅོང་གི་ནད་ཀྱིས་ཤི་བ་དེ་ནི་ལོ་རྒྱུས་སྟེང་ནད་དེས་ཤི་བའི་མི་གྲངས་ཆེས་མང་བའི་ལོ་ཞིག་ཡིན་ཅིང་། གློ་གཅོང་གི་ནད་ཡམས་ཆེས་རྒོད་པའི་ལོ་སྟེ1900ལོ་ལས་ཀྱང་ཆེ་ཆེར་བརྒལ་བ་རེད། 2003ལོའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་སྟེ“འཛམ་གླིང་ཡོངས་ཀྱིས་གློ་གཅོང་གི་ནད་སྔོན་འགོག་བྱེད་པའི་ཉིན་མོར”། “གློ་གཅོང་གི་ནད་བཀག་འགོག་”བྱེད་པའི་འཛམ་གླིང་འགུལ་སྐྱོད་རྩ་འཛུགས་ཀྱིས་བསྒྲགས་པའི་གྲངས་ཀ་ལྟར་ན། མིག་སྔར་འཛམ་གླིང་ཡོངས་སུ་ད་དུང་ཉིན་རེར་མི5000ཙམ་གློ་གཅོང་གི་ནད་ཀྱིས་ཤི་བཞིན་ཡོད་ལ། ལོ་རེར་ནད་དེས་ཤི་བའི་མི་གྲངས་ཧ་ལམ་མི་ཁྲི 800ལས་བརྒལ་བཞིན་ཡོད།
གོང་གི་གནད་དོན་དེ་དག་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཉེ་བའི་ལོ་ཉི་ཤུའི་རིང་ལ་འཛམ་གླིང་གི་ས་ཁུལ་མང་ཤོས་སུ་སྲིད་ཇུས་སྟེང་ནས་ནད་རིགས་དེ་སྣང་མེད་དུ་བཞག་པས། གློ་གཅོང་གི་ནད་སྔོན་འགོག་བྱེད་པའི་བྱ་བར་ལྷོད་གཡེང་དང་ཡང་ན་མེད་པར་བཏང་བའི་རྐྱེན་གྱིས་རེད། ཨེ་ཙི་ནད་པར་གློ་གཅོང་གི་ནད་འབྱུང་ཚད་དེ་རྒྱུན་ལྡན་གྱི་མི་ལས་ལྡབ་སུམ་ཅུ་ཙམ་ཡིན་པས། ཨེ་ཙི་ནད་པ་མང་ཆེ་ཤོས་གློ་གཅོང་གི་ནད་ཀྱིས་འཆི་ལམ་དུ་འཇུག་བཞིན་ཡོད། ཨེ་ཙི་ནད་དེ་འཛམ་གླིང་ཡོངས་སུ་མཆེད་བཞིན་པ་དང་བསྟུན་ནས་གློ་གཅོང་གི་ནད་པའང་མགྱོགས་མྱུར་སྒོས་ཇེ་མང་དུ་གྱུར། སྨན་འགོག་རང་བཞིན་གྱི་གློ་གཅོང་ནད་ཀྱི་ནད་དུག་བྱུང་བ་དེས་མིའི་རིགས་ཀྱིས་གློ་གཅོང་ནད་སྔོན་འགོག་བྱེད་པར་དཀའ་ལས་ཆེན་པོ་ཞིག་བཟོས་པ་རེད།
དེར་བརྟེན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དེང་སྐབས་འཛམ་གླིང་ཡོངས་སུ་གློ་གཅོང་གི་ནད་ཚབས་ཆེ་བ་གསལ་བསྒྲགས་བྱས། གློ་གཅོང་ནད་དེར་སྔར་ལས་ལྷག་པའི་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དྲིལ་སྒྲོག་བྱ་འགུལ་སྤེལ་ཆེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས1995ལོའི་ལོ་མཇུག་ཏུ། ལོ་རེའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ནི་“འཛམ་གླིང་ཡོངས་ཀྱིས་གློ་གཅོང་ནད་སྔོན་འགོག་དང་གསོ་བཅོས་བྱེད་པའི་ཉིན་མོར”གཏན་འཁེལ་བྱས།
གཅིག རུས་གཅོང་གི་ནད་དང་ཀླད་པའི་གཅོང་ནད་སོགས་ཕན་ཚུན་ལ་འགོ་བའི་རང་བཞིན་མི་ལྡན་མོད། རྒྱུན་མཐོང་གི་གློ་གཅོང་ནད་ལ་འགོ་བའི་རང་བཞིན་ལྡན་པས། དེས་ནད་པ་ལུ་བ་དང་སྣ་སྦྲིད་རྒྱག་པ། སྐད་གསེང་མཐོན་པོས་སྐད་ཆ་བཤད་པ་སོགས་ཀྱི་སྐབས་སུ་མཆིལ་ཟགས་བརྒྱུད་ནས་གཞན་ལ་བགོ་སྲིད།
གཉིས། གཅོང་ནད་ལས་ཉུང་ཤོས་ཤིག་མ་གཏོགས་མང་ཆེ་བ་སངས་དྲག་ཏུ་གཏོང་ཐུབ། འོན་ཀྱང་འདི་ནས་ཚང་མར་ནན་བཤད་བྱེད་དགོས་པ་ཞིག་ནི། གཅོང་ནད་ལ་ཚད་ལྡན་སྒོས་གསོ་བཅོས་བྱེད་ན་ངེས་པར་དུ་དུས་ཡུན་ཟླ་ངོ་དྲུག་ནས་བརྒྱད་ཙམ་དགོས་པར་མ་ཟད། སྨན་སྣ་མང་པོ་མཉམ་དུ་བེད་སྤྱོད་བཏང་ན་ད་གཟོད་སངས་དྲག་ཏུ་གཏོང་ཐུབ།
གསུམ། རང་རྒྱལ་གྱི་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་སྡེ་ཁག་དང་། གྲོང་ཁྱེར་དང་གྲོང་རྡལ་བཅས་ཚང་མར་གཅོང་ནད་ལ་ཆེད་དུ་བརྟག་དཔྱད་སྨན་བཅོས་བྱེད་ས་བཙུགས་ཡོད་ཅིང་། རྒྱལ་ཁབ་ཀྱིས་རིན་མ་བླངས་པར་གློ་གཅོང་གི་ནད་ལ་བརྟག་དཔྱད་དང་སྨན་བཅོས་བྱེད་བཞིན་ཡོད། རྒྱལ་ཡོངས་ཀྱི་གློ་གཅོང་ནད་ཡམས་བྱུང་ཚུལ་ལ་དོ་དམ་བྱེད་པ་དང་ནད་པར་ཚད་ལྡན་སྒོས་གསོ་བཅོས་བྱེད་པར་ཁག་ཐེག་བྱེད་ཆེད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་བཅའ་ཁྲིམས»ལས། གློ་གཅོང་གི་ནད་བྱུང་ཡོད་པའི་ནད་པ་དང་ཡང་ན་དེ་དང་རིགས་འདྲ་བའི་ནད་པར་གཅོང་ནད་འགོག་བཅོས་སྡེ་ཁག་གིས་གཅིག་གྱུར་གྱིས་བརྟག་དཔྱད་དང་སྨན་བཅོས་བྱེད་དགོས་པ་གཏན་ལ་ཕབ་ཡོད།
བཞི། གློ་གཅོང་གི་ནད་བྱུང་ཡོད་པའི་ནད་པས་ཚད་ལྡན་སྒོས་གསོ་བཅོས་བྱས་ནས་གཟའ་འཁོར་གཉིས་ནས་གསུམ་ཙམ་འགོར་ན། སྤྱིར་བཏང་དུ་ནད་རིགས་དེ་གཞན་ལ་བགོ་མི་སྲིད་པས། སྤྱི་ཚོགས་ཀྱི་བྱ་འགུལ་གང་ལའང་ཞུགས་ཆོག མི་རྣམས་ཀྱིས་ཀྱང་གཅོང་ནད་བྱུང་ཡོད་པའི་ནད་པར་ལྟ་ལྟོག་དང་གཟིགས་སྐྱོང་བྱེད་དགོས་པ་ལས་དམའ་འབེབས་དང་མཐོང་ཆུང་གཏན་ནས་བྱེད་མི་རུང་།
འཛམ་གླིང་གི་གཅོང་ནད་སྔོན་འགོག་བྱེད་པའི་ཉིན་མོ་གཏན་འཁེལ་བྱེད་དོན་ཡང་མི་རྣམས་ལ་ནད་ཡམས་དེ་འཛམ་གླིང་ཡོངས་ལ་མཆེད་བཞིན་པའི་གནས་ཚུལ་ཤེས་སུ་འཇུག་པ་དང་ནད་ཡམས་དེ་རྩ་མེད་དུ་གཏོང་བར་འབད་པ་བྱེད་དགོས་པའི་གསལ་བརྡ་གཏོང་ཆེད་ཡིན། མིག་སྔར་འཛམ་གླིང་ཡོངས་ཀྱི་མིའི་སུམ་ཆའི་གཅིག་ལ་གཅོང་ནད་ཀྱི་ནད་དུག་འགོས་ཡོད་པ་རེད། ལོ་རེའི་ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན་ནི་“འཛམ་གླིང་ཡོངས་ཀྱིས་གློ་གཅོང་གི་ནད་སྔོན་འགོག་བྱེད་པའི་ཉིན་མོར”གཏན་འཁེལ་བྱེད་དོན་ཡང་1882ལོར་ལོ་པོ་ཐི.ཁི་ཧི་ཡིས་འདུས་འདྲིལ་དབྱུག་སྲིན་ཐོག་མར་ངོས་ཟིན་པའི་ཉིན་མོར་རྗེས་དྲན་བྱེད་ཆེད་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས2015ལོར་ཐོན་དུས་གཅོང་ནད་བྱུང་ཡོད་པའི་ནད་པ་དང་ཡང་ན་དེ་ལས་ཤི་བའི་མི་གྲངས་ཧ་ལམ་ཕྱེད་ཙམ་ཇེ་ཉུང་དུ་གཏོང་བར་འབད་འབུངས་བྱེད་བཞིན་ཡོད།
རྩོམ་གསར། 10