ཟས་རིགས་ཉོ་སྐབས་མཉམ་འཇོག་བྱེད་དགོས་ས་འགའ།

གཟུངས་སྐྱིད།        2012-02-01

རྒྱ་ཆེ་བའི་འཛད་སྤྱོད་པ་རྣམས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་འཛད་སྤྱོད་པའི་འཛད་སྤྱོད་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་ཆེད། བཟོ་ཚོང་སྡེ་ཁག་གིས་རྒྱ་ཆེའི་འཛད་སྤྱོད་པར་ཟས་རིགས་ཉོ་སྐབས་མཉམ་འཇོག་དགོས་པའི་དྲན་སྐུལ་བྱེད་ཀྱིན་ཡོད།
   གཅིག ཕྱི་ཐུམ་ཡོད་པའི་ཟས་རིགས་ཉོ་སྐབས་ནན་ཏན་སྒོས་ཟས་རིགས་ཀྱི་ཕྱི་ཐུམ་སྟེང་གི་ཤོག་བྱང་ལ་བལྟ་དགོས་པ་དང་། ཐོན་སྐྱེད་བྱས་ཉིན་དང་གོ་ཆོད་པའི་དུས་ཡུན། བཟོ་གྲྭའི་མིང་དང་ས་གནས། འཕྲོད་བསྟེན་དང་སྤུས་ཚད་འགན་སྲུང་དུས་བཅད་ལ་སོགས་པའི་མཚོན་རྟགས་ཆ་ཚང་ཡོད་མེད་ལ་གཟབ་ནན་བྱེད་དགོས་པ་དང་། ད་རུང་ཕྱི་ཐུམ་གཙང་མ་ཡིན་མིན་ལ་བལྟ་དགོས། ཕྱི་ཐུམ་གྱི་སྟེང་དུ་ཀྲུང་གོའི་ཡི་གེ་མེད་པའི་ནང་འདྲེན་བྱས་པའི་ཟས་རིགས་ཉོ་སྐབས་མཉམ་འཇོག་བྱེད་དགོས།
   གཉིས། སྐོམ་ཆུའི་རིགས་ཉོ་སྐབས། ཟས་རིགས་མཚོན་རྟགས་ཡོངས་རྫོགས་ལ་གསལ་བོར་བལྟ་དགོས་པར་མ་ཟད། ད་རུང་དམ་བིའི་ནང་གི་ཆུ་རྙོག་པ་ཡིན་མིན་ལ་བལྟ་དགོས། དེའི་མི་ཚད་ད་རུང་དམ་བི་སྙི་མོར་གྱུར་ཡོད་མེད་ལ་གསལ་བོར་བལྟ་དགོས་པ་དང་། གལ་ཏེ་སྙི་མོར་གྱུར་ཡོད་ན་དབུགས་ཤོར་ཟིན་པའི་རྟགས་ཡིན་པས་སྐོམ་ཆུའི་སྤུས་ཀར་གནོད་པ་ཐེབས་ཡོད།
   གསུམ། ཕྱི་ཐུམ་མེད་པའི་ཟས་རིགས་ཉོ་སྐབས་ཟས་རིགས་འཇོག་པའི་སྣོད་ཅ་ལག་གི་སྟེང་དུ་མཚོན་རྟགས་ཤོག་བྱང་ཡོད་མེད་དང་ཆ་ཚང་ཡིན་མིན། ཚད་ལྡན་ཡིན་མིན་བཅས་ལ་བལྟ་དགོས་པ་དང་། ནང་སྒོས་སུ་ཟས་རིགས་ཀྱི་འཕྲོད་བསྟེན་དང་གོ་ཆོད་དུས་ཡུན་ལ་བལྟ་དགོས།
   བཞི། ཟས་རིགས་ཀྱི་ཕྱི་དབྱིབས་ཁོ་ནར་མི་བལྟ་བ། ཟས་རིགས་གང་ཞིག་གི་རྒྱུ་ཆར་ཐུན་མོང་མ་ཡིན་པའི་ཁ་དོག་དང་དྲི་མ། དབྱིབས། བྲོ་བ། སྲ་སྙི་བཅས་ཡོད་པས། ཁ་དོག་དང་གཟུགས་དབྱིབས་ཡག་དྲག་པའི་ཟས་རིགས་ཉོ་བ་དང་བཀོལ་སྤྱོད་བྱེད་མི་རུང་། ཉེ་བའི་ལོ་འགར་ཟས་རིགས་བདེ་ཐང་ཐད་ཀྱི་གནད་དོན་མང་པོ་བྱུང་དང་འབྱུང་བཞིན་ཡོད་པ་དང་། ཁྲིམས་འགལ་ཚོང་བ་ཁ་ཤས་ཤིག་གིས་མི་རྣམས་ཀྱི་སེམས་ཁམས་དང་བསྟུན་ནས་ཁ་དོག་ཡག་པའི་ཟས་རིགས་ཀྱི་ནང་དུ་སུའུ་ཏན་ཧོང་དང་ཅཱ་ཆོན་སོགས་རྫས་འགྱུར་དངོས་པོ་བསྲེས་ཏེ་འཛད་སྤྱོད་པར་བཙོང་བཞིན་ཡོད།
   ལྔ། ཟས་རིགས་བཙོས་མ་ཉོ་ཐེངས་གཅིག་ལ་མང་པོ་ཞིག་ཉོ་མི་རུང་། རང་འདེམས་ཚོང་ཁང་དང་ཟས་རིགས་བཙོས་མའི་ཚོང་ཁང་དུ་ཚོད་མ་བརྔོས་མ་དང་ཤ་བཙོས་མ་སོགས་ཉོ་སྐབས་ཉུང་ངུ་རེ་ཉོས་ཏེ། ཉིན་དེར་ཟོས་ཚར་དུ་འཇུག་དགོས། འཁྱགས་སྒམ་ནང་ནས་བླངས་པའི་ཟས་རིགས་དེ་ངེས་པར་དུ་བསྲོས་ནས་དྲོས་སུ་བཅུག་རྗེས་ད་གཟོད་ཟོས་ཆོག་པ་དང་། ཟས་རིགས་གང་ཡིན་རུང་འཁྱགས་སྒམ་ནང་དུ་དུས་ཧ་ཅང་རིང་བོར་བཞག་ན་བཟང་རྒྱུ་མེད།
   དྲུག ཟས་རིགས་ཉོ་སྐབས་མི་མང་འཁོར་བའི་ས་གནས་ཆེས་བཟང་ཞིང་དོ་དམ་ཚད་ལྡན་ཡིན་པའི་རང་འདེམས་ཚོང་ཁང་དང་རང་འདེམས་ཚོང་ཁང་གི་བདག་གཉེར་འཛིན་ཡིག་ཁ་ཚང་ཡོད་པའི་ཚོང་ཁང་འདེམས་དགོས། མིག་སྔར། རང་འདེམས་ཚོང་ཁང་སོ་སོ་དང་ཚོང་ཁང་། ཟས་རིགས་སྡེབ་འཚོང་ས་ཚིགས་བཅས་ཀྱི་ཟས་རིགས་འཁོར་རྒྱུག་ཁྱབ་ཁོངས་ཚང་མར་ཚོང་རྫས་འདྲེན་ཆོག་པའི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་པ་དང་། ཟས་རིགས་བདེ་ཐང་ཐད་ཀྱི་དཔང་ཡིག་དགོས་པའི་ལམ་ལུགས་ལག་བསྟར་བྱེད་ཀྱིན་ཡོད་པས། འཛད་སྤྱོད་པས་ཟས་རིགས་ཉོ་སྐབས་ཚོང་རྫས་ཀྱི་སྤུས་ཀར་དོགས་པ་ཡོད་ན། བདག་གཉེར་མཁན་ལ་འབྲེལ་ཡོད་ཟས་རིགས་བདེ་ཐང་ཐད་ཀྱི་དཔང་ཡིག་འདོན་སྤྲོད་བྱེད་དགོས་པའི་རེ་བ་བཏོན་ནས། རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་ཆོག།
   བདུན། འཛད་སྤྱོད་པས་ཟས་རིགས་ཉོ་སྐབས་དུས་ལྟར་འཛིན་ཡིག་དང་འབྲེལ་ཡོད་འཛིན་ཡིག་ལེན་དགོས་པར་མ་ཟད། ཉར་ཚགས་བཟང་བོ་བྱེད་དགོས། གལ་ཏེ་གནད་དོན་འདྲ་བྱུང་ན་དེ་དག་ཞུ་གཏུག་བྱེད་པའི་བདེན་དཔང་གཙོ་བོ་བྱེད་ཆོག འཛད་སྤྱོད་པས་གལ་ཏེ་རྫུན་རྫུས་ཞན་གསུམ་གྱི་ཟས་རིགས་ཉོས་ན་ངེས་པར་དུ་ས་གནས་བཟོ་ཚོང་སྡེ་ཁག་གི་12315ཞུ་གཏུག་ཐེར་འདོན་ལྟེ་གནས་དང་ཡང་ན་ཟས་རིགས་འཕྲོད་བསྟེན་ལྟ་སྐུལ་སྡེ་ཁག་ལ་ཞུ་གཏུག་ཐེར་འདོན་བྱེད་ཆོག
  • ལེ་ཚན་སྔོན་མ།:བ་མོའི་འོ་མ་འབབ་ཚད་ཇེ་མང་དུ་གཏོང་ཐབས་གསུམ།
  • ལེ་ཚན་རྗེས་མ།:ཁྱིམ་ཆས་ཉོ་སྐབས་མཉམ་འཇོག་དགོས་ས་འགའ།
  • དོ་སྣང་ཆེ་བའི་རྩོམ།