མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-08-12
ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་གྲོགས་པོ་དང་གྲོགས་པོའི་བར་དང་ཡང་ན་གཉེན་ཉེའི་བར་དུ་ཕན་ཚུན་ལ་རོགས་རམ་བྱེད་པ་དེ་ནི་དོན་བཟང་ཞིག་ཡིན་མོད། འོན་ཀྱང་བཅའ་ཁྲིམས་ཐད་ཀྱི་འབྲེལ་ཡོད་གཏན་འཁེལ་ལ་ངེས་པར་དུ་བསམ་བློ་བཞི་གསུམ་བཅུ་གཉིས་གཏོང་དགོས། དཔེར་ན། དངུལ་བུན་ལེན་པར་འགན་ལེན་བྱེད་སྐབས་བསམ་བློ་ཞིབ་ཏུ་གཏོང་དགོས་པ་ལས། ཕན་ཚུན་བར་གྱི་བརྩེ་འདང་བསམ་པ་དང་ཁ་ངོ་མ་ཆོད་པར་འགན་ལེན་བྱས་ན། མཇུག་མཐར་རང་ཉིད་ལ་གྱོང་གུད་ཐེབས་རྗེས་འགྱོད་པ་སྐྱེས་ཀྱང་འཕྱིས་དྲགས་འདུག་པས། སྔོན་ལ་བཅའ་ཁྲིམས་ཐད་ཀྱི་ཤེས་བྱ་ཕྲན་ཙམ་སྦྱངས་ནས་མཇུག་འབྲས་ངན་པ་སྔོན་འགོག་བྱ་རྒྱུ་གལ་ཆེ།
དཔེ་མཚོན།
བྱ་བའི་དགོས་མཁོའི་དབང་གིས་བཀྲ་ཤིས་དོན་འགྲུབ་དང་མགོན་པོ་གཉིས་གྲོགས་པོར་གྱུར་བ་དང་། ཁོ་གཉིས་བྱ་བའི་སྟེང་དུ་འབྲེལ་འདྲིས་མང་པོ་བྱ་དགོས་པས། དུས་རྒྱུན་གྱི་འབྲེལ་བ་ཧ་ཅང་བཟང་། འབྲེལ་བ་བཟང་བའི་སྐབས་དེར་ཁོ་གཉིས་རྒྱུན་པར་ཕན་ཚུན་གྱི་ཁྱིམ་དུ་འགྲོ་འོང་བྱེད་པ་དང་། བྱ་བ་ཅི་ཞིག་ཡོད་ན་ཕན་ཚུན་ལ་གང་ནུས་ཀྱིས་རོགས་རམ་བྱེད་པ་རེད། ཉིན་ཞིག་བཀྲ་ཤིས་དོན་འགྲུབ་ཀྱིས་མགོན་པོ་བཙལ་ནས་ཁོས་ཅ་ལག་ཅིག་ཉོ་འདོད་མོད། འོན་ཀྱང་ལག་ཏུ་སྒོར་མོ་མེད་པས། དངུལ་ཁང་ནས་དངུལ་བུན་བླངས་ན་འགན་ལེན་མཁན་ཞིག་དགོས་པས། མགོན་པོ་ལ་དངུལ་ཁང་དུ་སོང་ནས་འགན་ལེན་གན་རྒྱ་འགོད་རྒྱུའི་རེ་བ་བཏོན། མགོན་པོས་ཀྱང་བསམ་བློ་གང་ཡང་མ་བཏང་བར་གྲོགས་པོའི་བར་གྱི་བརྩེ་འདང་ཁོ་ན་བསམས་ནས་མྱུར་དུ་འབྲེལ་ཡོད་ཀྱི་རྒྱུ་ཆ་རྣམས་གྲ་སྒྲིག་བྱས་རྗེས་དངུལ་ཁང་དུ་སོང་། དེ་ལྟར་མགོན་པོ་དང་དངུལ་ཁང་། བཀྲ་ཤིས་དོན་འགྲུབ་བཅས་ཕྱོགས་གསུམ་གྱིས་གྲུབ་པའི་གཏའ་མ་དང་འགན་ལེན་མཁན་གཉིས་ཀ་ཡོད་པའི་བསྐྱིས་དངུལ་གྱི་གན་རྒྱ་ཞིག་བཞག་པ་དང་། གན་རྒྱའི་སྟེང་དུ་མགོན་པོས་བཀྲ་ཤིས་དོན་འགྲུབ་ཀྱི་དངུལ་བུན་ལ་འབྲེལ་ཐེབས་འགན་འཁྲི་འཁུར་རྒྱུ་དང་། བཀྲ་ཤིས་དོན་འགྲུབ་ཀྱིས་རང་ཉིད་ཀྱི་རླངས་འཁོར་གཏའ་མར་བཞག་པ་རེད། རྗེས་སུ་བཀྲ་ཤིས་དོན་འགྲུབ་དང་མགོན་པོ་གཉིས་ཀྱི་བྱ་བའི་སྟེང་གི་འབྲེལ་འདྲིས་རིམ་གྱིས་ཇེ་ཉུང་དུ་སོང་བར་མ་ཟད། དུས་ཡུན་རིང་པོ་ཞིག་འགོར་རྗེས་ཕན་ཚུན་ལ་འབྲེལ་འདྲིས་ཀྱང་མི་བྱེད་པའི་ཚད་དུ་བསླེབས། མགོན་པོས་བྱ་བ་དེ་བརྗེད་ལ་ཉེ་བའི་སྐབས་ཤིག་ལ་ཁོའི་ལག་ཏུ་ཁྲིམས་ཁང་གི་ཞུ་གཏུག་ཡི་གེ་ཞིག་འབྱོར་ཏེ། ཁོས་བཀྲ་ཤིས་དོན་འགྲུབ་ཀྱི་དངུལ་བུན་དེ་ལ་གཏའ་མའི་འགན་ལེན་ལག་བསྟར་བྱས་རྗེས་ཀྱི་ཆ་ཤས་དེའི་འབྲེལ་ཐེབས་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན། ད་ལྟ་མགོན་པོ་དང་ཐོག་གི་གླེན་རྟགས་དེ་ལ་འགྱོད་གདུང་དྲག་པོ་སྐྱེས་ཏེ། དང་ཐོག་གི་འགན་ལེན་དེ་ནུས་ལྡན་ཡིན་མིན་དང་། གལ་ཏེ་འབྲེལ་ཐེབས་འགན་འཁྲི་འཁུར་དགོས་ན་ཅི་ཙམ་འཁུར་དགོས་པའི་ཐད་བློ་འདྲི་བྱེད་བཞིན་ཡོད།
དབྱེ་ཞིབ།
དངོས་ཡོད་འཚོ་བའི་ཁྲོད་དུ། མི་མང་པོ་ཞིག་གིས་དངུལ་བུན་བདེ་བླག་ངང་ལེན་ཆེད། རྒྱུན་པར་རང་ཉིད་ཀྱིས་དངོས་པོ་གང་ཞིག་གཏའ་མར་འཇོག་པའི་མཉམ་དུ། ད་རུང་གྲོགས་པོ་དང་གཉེན་ཉེ་བཙལ་ནས་རང་ཉིད་ཀྱི་དངུལ་བུན་དེ་ལ་འགན་ལེན་བྱེད་དུ་འཇུག་བཞིན་ཡོད་མོད། འོན་ཀྱང་གཏའ་མའི་འགན་ལེན་ཡོད་པར་མ་ཟད་འགན་ལེན་བྱེད་མཁན་ཡང་ཡོད་པའི་གནས་ཚུལ་འོག་ཏུ་རྩོད་གཞི་མང་པོ་འབྱུང་སླ་བ་རེད། རྩོད་གཞི་དེའི་རིགས་བྱུང་རྗེས། བུ་ལོན་འཇལ་མཁན་གྱི་དངོས་པོའི་གཏའ་མ་སྔོན་ལ་ལག་བསྟར་བྱེད་དགོས་པའམ་ཡང་ན་འགན་ལེན་མཁན་གྱི་འགན་ལེན་འགན་འཁྲི་སྔོན་ལ་ལག་བསྟར་བྱེད་དགོས་པ་དེ་རྩོད་གཞིའི་འབྱུང་གནས་སུ་གྱུར་ཡོད། འོ་ན་བཅའ་ཁྲིམས་ཀྱི་སྟེང་དུ་དེའི་ཐད་ལ་གཏན་འཁེལ་གང་དག་ཡོད་དམ་ཞེ་ན།
«འགན་ལེན་བཅའ་ཁྲིམས»དང«དངོས་དབང་བཅའ་ཁྲིམས» དེ་མིན་ད་རུང་ཆེས་མཐོ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་ཁྲིམས་འཛིན་འགྲེལ་བཤད་ལྟར་ན། གཤམ་གྱི་རྩ་དོན་འགའ་གཅིག་བསྡུས་བྱས་ཡོད་པ་སྟེ། ཐོག་མར་ཕྱོགས་གསུམ་པོར་དེའི་ཐད་ཀྱི་ཁ་ཆད་ཡོད་མེད་ལ་བལྟ་དགོས། དངོས་པོའི་གཏའ་མ་དེ་བུ་ལོན་འཇལ་མཁན་དེས་འདོན་སྤྲོད་བྱེད་པ་ཡིན་ནའང་། གལ་ཏེ་གན་རྒྱའི་སྟེང་དུ་སྔོན་ལ་འགན་ལེན་བྱེད་མཁན་གྱིས་འགན་ལེན་གྱི་འགན་འཁྲི་འཁུར་དགོས་པའི་ཁ་ཆད་བཞག་ཡོད་ན། འགན་ལེན་མཁན་དེས་དངོས་པོའི་གཏའ་མར་ཕུད་པའི་ཆ་ཤས་ཙམ་མ་ཡིན་པར་དངུལ་བུན་ཡོངས་ལ་འགན་ལེན་བྱ་དགོས་པ་རེད། དེ་ནས་དངོས་པོའི་འགན་ལེན་འདོན་སྤྲོད་བྱེད་མཁན་སུ་ཡིན་ལ་བལྟ་དགོས། ཁ་ཆད་གཞན་པ་གང་ཡང་མེད་པའི་གནས་ཚུལ་འོག གལ་ཏེ་གཏའ་མའི་དངོས་པོ་དེ་བུ་ལོན་འཇལ་མཁན་རང་ཉིད་ཀྱིས་འདོན་སྤྲོད་བྱེད་པ་ཡིན་ན། ངེས་པར་དུ་སྔོན་ལ་གཏའ་མའི་འགན་ལེན་ལག་བསྟར་བྱས་རྗེས། ཤུལ་དུ་ལུས་པའི་ཆ་ཤས་དེ་ལ་འགན་ལེན་མཁན་གྱིས་འགན་འཁུར་དགོས་པ་དང་། ཡང་གལ་ཏེ་གཏའ་མའི་འགན་ལེན་དེ་མི་གཞན་ཞིག་གིས་འདོན་སྤྲོད་བྱས་པ་ཡིན་ན། དེ་གཉིས་ཀྱི་འབྲེལ་བ་འདྲ་མཉམ་ཡིན་པས། འགན་འཁྲི་ལ་སྔ་གཞུག་མི་རྩོད་པར། གཉིས་ཀས་མཉམ་དུ་འཁུར་དགོས། སྐབས་དེར་བུན་བདག་ལ་ད་རུང་གདམ་གསེས་ཀྱི་དབང་ཆ་ཡོད་པ་དང་། ཁོ་གཉིས་ཀྱི་གང་རུང་ཞིག་བཙལ་ནས་སྐྱིན་ཚབ་སྤྲད་རྒྱུའི་རེ་བ་བཏོན་ཆོག
གྱོད་གཞི་འདིའི་ནང་གི་དངོས་པོའི་གཏའ་མ་དེ་བཀྲ་ཤིས་དོན་འགྲུབ་རང་ཉིད་ཀྱིས་འདོན་སྤྲོད་བྱས་པ་ཡིན་པས། ཁ་ཆད་གཞན་མེད་པའི་གནས་ཚུལ་འོག བུན་བདག་དངུལ་ཁང་གིས་སྔོན་ལ་བུ་ལོན་འཇལ་མཁན་བཀྲ་ཤིས་དོན་འགྲུབ་ཀྱིས་འདོན་སྤྲོད་བྱས་པའི་གཏའ་མའི་འགན་ལེན་ལག་ཏུ་བསྟར་རྗེས། ཤུལ་དུ་ལུས་པའི་ཆ་ཤས་དེ་ལ་སྐྱིན་ཚབ་ལེན་ཐབས་མེད་པའི་གནས་ཚུལ་འོག ད་གཟོད་མགོན་པོ་བཙལ་ནས་འགན་ལེན་གྱི་འགན་འཁུར་དུ་འཇུག་དགོས་པ་རེད། །
རྩོམ་གསར། 10