མཚོ་སྔོན་བོད་སྐད་རླུང་འཕྲིན། 2011-08-12
ཉེ་བའི་ལོ་འདི་ཤས་ནང་། གྲོང་གསེབ་ཀྱི་མང་ཚོགས་ཀྱིས་ཞང་དང་གྲོང་རྡལ་དུ་ཁང་བ་ཉོ་བ་དང་། ཡང་རྫོང་དང་ཁུལ་ཐོག་གི་མིས་རྫོང་དང་ཁུལ་ཐ་ན་ཟི་ལིང་མཁར་དུ་ཡོང་ནས་སྡོད་ཁང་ཉོས་དང་ཉོ་བཞིན་ཡོད། དེ་དང་བསྟུན་ནས་སྡོད་ཁང་ཉོ་ཚོང་ཐད་ཀྱི་གྱོད་གཞི་ཡང་སྣ་ཁ་སྣེ་མོ་བྱུང་དང་འབྱུང་བཞིན་ཡོད། གནས་ཚུལ་དེར་དམིགས་ནས་འབྲེལ་ཡོད་བཅའ་ཁྲིམས་སྡེ་ཁག་གིས་ཀྱང་དུས་དེབ་དང་། ཚགས་པར། རྒྱང་སྒྲོག་བརྙན་འཕྲིན་འཆད་ཁྲིད་བཅས་ཐབས་ལམ་མང་པོ་བརྒྱུད་དེ་དེའི་ཕྱོགས་མཉམ་འཇོག་སའི་ཤེས་བྱ་ཡང་མང་པོ་སྤེལ་བཞིན་ཡོད། འདིར་ཤེས་བྱ་མང་པོ་དེའི་ནང་གི་གཅིག་གཉིས་བདམས་པ་གཤམ་གསལ་ལྟར་ཡིན།
དང་པོ། གནས་ཚུལ་གང་དག་གི་འོག་ཏུ་སྡོད་ཁང་ཉོ་མཁན་གྱིས་ཁང་བ་ཕྱིར་སློག་པའི་རེ་བ་འདོན་ཆོག།
རང་རྒྱལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཆོད་དོན་ལྟར་ན། སྡོད་ཁང་ཉོ་མཁན་གྱིས་གཤམ་གྱི་ཁྲིམས་བཀོད་ཆ་རྐྱེན་དྲུག་གི་འོག་ཁང་བ་ཕྱིར་སློག་པའི་དབང་ཆ་ལོངས་སྤྱོད་བྱེད་ཆོག།
གཅིག། ཁང་བ་ཉོས་པའི་གན་རྒྱ་ནུས་མེད་ཡིན་པ། དཔེར་ན་གསར་སྤེལ་ཚོང་བས་ས་ཞིང་གཏའ་མར་བཞག་ནས་སྡོད་ཁང་ཉོ་མཁན་ལ་གནས་ཚུལ་དེ་སྦ་གསང་བྱས་ཡོད་པ་དང་གསར་སྤེལ་ཚོང་བས་ཕྱིར་འཚོང་གི་ཆོག་འཐུས་ཡི་གེ་བླངས་མེད་པ་སོགས་ཀྱི་གནས་ཚུལ་ལྡན་ན། བཅའ་ཁྲིམས་ཀྱི་ཆོད་དོན་ལྟར། ཁང་བ་ཉོ་བའི་གན་རྒྱ་འདི་རིགས་གོ་མི་ཆོད་པས་ཉོ་མཁན་གྱིས་ཁང་བ་ཕྱིར་སློག་ཆོག།
གཉིས། ཁང་བ་ཉོ་བའི་གན་རྒྱ་ཁྲིམས་ལྟར་མེད་པར་བཟོས་པ། ཁང་བ་ཉོ་མཁན་གྱིས་གོ་ནོར་ཐེབས་ཏེ་བཞག་པའི་གན་རྒྱ་དང་ཡང་ན་གན་རྒྱ་འཇོག་པའི་སྐབས་སུ་སྙོམས་གཞུང་མ་ཡོང་བ། དེ་མིན་ད་རུང་གསར་སྤེལ་ཚོང་བས་གཡོ་སྒྱུ་དང་འཇིགས་སྐུལ། གཞན་ཉེན་སྐབས་བསྟུན་བཅས་ཀྱི་བྱེད་ཐབས་སྤྱད་དེ་ཁང་བ་ཉོ་མཁན་ལ་རང་གི་འདོད་བློ་དང་མི་མཐུན་པའི་གན་རྒྱ་འཇོག་ཏུ་བཅུག་ན། ཉོ་མཁན་གྱིས་མི་དམངས་ཁྲིམས་ཁང་དང་ཡང་ན་འདུན་སྒྲིག་ལས་ཁུངས་ལ་གན་རྒྱ་བསྒྱུར་བཅོས་དང་ཡང་ན་མེད་པར་བཟོ་རྒྱུའི་རེ་འདུན་བཏོན་ཆོག།
གསུམ། བཟོ་དབྱིབས་ལ་ནོར་འཛོལ་བྱུང་བ། ཁང་བ་སྤྲོད་སྐབས་ཁང་བའི་བཟོ་དབྱིབས་དེ་ཇུས་འགོད་རི་མོ་སྟེང་གི་བཟོ་དབྱིབས་དང་གཅིག་མཐུན་མིན་པའམ་ཡང་ན་འབྲེལ་ཡོད་ཀྱི་ཚད་གཞི་དག་ཁ་ཆད་དང་གཅིག་མཐུན་མིན་པརམ་ཟད། གན་རྒྱའི་སྟེང་དུ་ཐག་གཅོད་པའི་བྱེད་ཐབས་གང་ཡང་བཏོན་མེད་ན། ཁང་བ་ཉོ་མཁན་ལ་ཁང་བ་ཕྱིར་སློག་པའི་དབང་ཆ་ཡོད།
བཞི། གཞི་ཁྱོན་ལ་ནོར་འཛོལ་བྱུང་བ། 《ཚོང་རྫས་སྡོད་ཁང་གི་ཕྱིར་འཚོང་དོ་དམ་བྱེད་ཐབས》ཀྱི་ཆོད་དོན་ལྟར་ན། 2003ལོའི་ཟླ་གཉིས་པའི་ཚེས་གཅིག་ཉིན་ནས་བཟུང་། དོན་དངོས་ཚད་འཇལ་དང་གན་རྒྱའི་སྟེང་གི་ཨར་ལས་གཞི་ཁྱོན་ནམ་ཡང་ན་ཁང་བའི་ནང་ཁོངས་ཀྱི་ཨར་ལས་གཞི་ཁྱོན་གྱི་ནོར་འཛོལ་གྲངས་འབོར་གྱི་བལྟོས་མེད་ཚད་གང་རུང་ཞིག་བརྒྱ་ཆའི་གསུམ་ལས་བརྒལ་ཡོད་ན། ཁང་ཉོ་མཁན་ལ་ཁང་བ་ཕྱིར་སློག་པའི་དབང་ཆ་ཡོད།
ལྔ། འཆར་གཞིའི་ཇུས་འགོད་བསྒྱུར་བཅོས་བྱས་པ། གསར་སྤེལ་ཚོང་བས་རང་འདོད་ལྟར་འཆར་འགོད་བསྒྱུར་བཅོས་བྱས་པ་དང་ཡང་ན་འཆར་འགོད་སྡེ་ཁག་གིས་ཆོག་མཆན་བཀོད་ཟིན་པའི་འཆར་འགོད་བསྒྱུར་བཅོས་བྱེད་པ་དང་ཇུས་འགོད་སྡེ་ཁག་འཐད་པ་བྱུང་ཟིན་པའི་ཇུས་འགོད་བསྒྱུར་བཅོས་བྱེད་པའི་དབང་གིས་སྡོད་ཁང་གི་གྲུབ་ཚུལ་དང་བཟོ་དབྱིབས། ཚད་གཞི། ཁང་བའི་ཁ་ཕྱོགས་བཅས་ལ་འགྱུར་ལྡོག་བྱུང་ནས་དོན་ཐོག་པས་སྡོད་ཁང་གི་སྤུས་ཀར་གནོད་འཚེ་ཐེབས་པའམ་ཡང་ན་བཀོལ་སྤྱོད་ཀྱི་བྱེད་ནུས་ལ་གནོད་འཚེ་བཟོ་དགོས་ན། གསར་སྤེལ་ཚོང་བས་བསྒྱུར་བཅོས་བྱེད་རྒྱུ་ཐག་བཅད་པའི་དུས་དེ་ནས་བཟུང་ཉིན་བཅུ་ཡི་ནང་། ཡིག་ངོས་ནས་ཉོ་མཁན་ལ་བརྡ་རྒྱག་དགོས་པ་དང་ཉོ་མཁན་ལ་ཁང་བ་ཕྱིར་སློག་པའི་དབང་ཆ་ཡོད།
དྲུག། སྡོད་ཁང་གི་གྲུབ་ཆ་གཙོ་བོ་ཞེས་པ་ནི་གྱང་དང་ཨར་འདམ། རྣོ་ལྕགས་གདུང་མ་བཅས་ལ་གོ་ཞིང་། གལ་ཏེ་ཨར་འདམ་ལྕགས་རྩིབས་མའི་དབྱིབས་འགྱུར་བ་དང་གྱང་ལ་གས་སྲུབས་ཤོར་བ་སོགས་སྤུས་ཀའི་གནས་ཚུལ་བྱུང་བར་མ་ཟད། བཟོ་བཀོད་སྤུས་ཀ་ཚད་འཇལ་སྡེ་ཁག་གིས་བསྐྱར་དུ་ཚད་འཇལ་བྱས་ཏེ། དངོས་གནས་སྤུས་ཀར་གནད་དོན་ཡོད་ན། ཁང་བ་ཉོ་མཁན་གྱིས་ཁང་བ་ཕྱིར་སློག་ཆོག།
གཉིས་པ། ཁང་བ་ཉོ་བའི་གན་རྒྱ་མ་བཞག་པར་ཁང་བ་སྤྲོད་པའི་དུས་ཡུན་འགོར་འགྱང་ཐེབས་ན་ཇི་ལྟར་བྱ།
བརྗོད་བྱ་འདི་གྱོད་གཞི་ཞིག་དཔེར་དྲངས་ནས་བཤད་ན། ན་ནིང་གི་ཟླ་དགུ་བའི་ཟླ་མཇུག་ཏུ་མིང་ལ་དོན་གྲུབ་རྒྱ་མཚོ་ཞེས་པའི་འཛད་སྤྱོད་པ་ཞིག་གིས་ཚོང་ཟོང་སྡོད་ཁང་ཞིག་ཉོས་པ་དང་། གསར་སྤེལ་ཚོང་བས་སྐབས་དེར་ཟླ་བཅུ་བའི་ཟླ་མཇུག་ཏུ་ཁང་བ་སྤྲོད་ཐུབ་ཟེར་བའི་ཁས་བླངས། ཡིན་ན་ཡང་ཁང་བ་ད་ལྟའི་བར་ད་རུང་འགྲུབ་མེད་པར་མ་ཟད། ཁང་བ་སྤྲོད་པའི་དུས་ཡུན་ཡང་ནས་བསྐྱར་དུ་ཕྱིར་འགྱངས་བྱས་པས། ཁོས་གསར་སྤེལ་ཚོང་བའི་ངག་ནས་དེར་བཤད་ཚུལ་ལན་ཞིག་ལེན་འདོད་མོད། ཡིན་ན་ཡང་ཁོ་ལ་སྒོར་མོ་སྤྲད་པའི་འཛིན་ཡིག་ཙམ་ལས་བདེན་དཔང་གང་ཡང་མེད་པས། འདིར་འདྲི་རྒྱུ་ཞིག་ནི་ཁོས་ཁ་ཆད་དང་འགལ་བའི་དངུལ་བླངས་ཨེ་ཆོག་ཅེས་ཡི་གེ་བསྐུར་ཡོང་ནས་བློ་འདྲི་བྱེད་ཀྱིན་ཡོད།
བློ་མཐུན་དོན་གྲུབ་རྒྱ་མཚོའི་འདྲི་ཚིག་ལ་བཏབ་པའི་ལན། ཁང་བ་སྤྲོད་པའི་དུས་ཡུན་ལ་འགོར་འགྱང་ཐེབས་པའི་གནས་ཚུལ་དེ་སྤྱིར་བཏང་གིས་དུས་བཅད་ཁང་བ་ཉོ་འཚོང་བྱེད་པའི་ཁྲོད་དུ་འབྱུང་བཞིན་ཡོད། ཁང་བ་སྤྲོད་པའི་དུས་ཡུན་ལ་འགོར་འགྱང་ཐེབས་པའི་རྒྱུ་རྐྱེན་ནི་ཨར་ལས་ལས་བཟོ་བའི་ལག་རྩལ་གནད་དོན་གྱི་དབང་གིས་བཟོས་པ་དང་། ཡང་ཁ་ཤས་ཤིག་གསར་སྤེལ་ཚོང་བའི་དངུལ་རྩར་གནད་དོན་བྱུང་བའི་དབང་གིས་བཟོས་པ་རེད། གང་ལྟར་ཀྱང་ཁང་བ་སྤྲོད་པའི་དུས་ཡུན་ལ་འགོར་འགྱང་ཐེབས་པའི་འགན་འཁྲི་དེ་ཁང་བདག་ལ་འབྲེལ་བ་མེད་མོད། འོན་ཀྱང་ཁང་བ་སྤྲོད་པའི་དུས་ཡུན་ལ་འགོར་འགྱང་ཐེབས་སྐབས་སུ་གསར་སྤེལ་ཚོང་བས་ཚང་མར་ཁ་ཆད་དང་འགལ་བའི་འགན་འཁུར་མི་དགོས་པ་རེད། དཔེར་ན་ལྡོག་ཐབས་མེད་པའི་རྒྱུ་རྐྱེན་གྱི་དབང་གིས་ཁང་བ་སྤྲོད་པའི་དུས་ཡུན་ལ་འགོར་འགྱང་ཐེབས་ན། གསར་སྤེལ་ཚོང་བས་འགན་འཁྲི་འཁུར་མི་དགོས།
ཁང་བ་སྤྲོད་པའི་དུས་ཡུན་ལ་འགོར་འགྱང་ཐེབས་པ་ནི་གན་རྒྱའི་སྟེང་གི་ཁང་བ་སྤྲོད་པའི་དུས་ཡུན་གྱི་ཁ་ཆད་ལྟར་བརྩི་དགོས། གལ་ཏེ་ཁང་བ་ཉོ་བའི་གན་རྒྱ་བཞག་མེད་ན། ཁང་བ་སྤྲོད་པའི་ཁ་ཆད་མེད་པ་དང་། ཁ་ཆད་དང་འགལ་བའི་གནས་ཚུལ་ལ་ཡིག་ངོས་ཀྱི་གཏན་འཁེལ་བྱས་མེད་པས། གནས་ཚུལ་འདི་ལྟ་བུའི་འོག་གསར་སྤེལ་ཚོང་བར་ཁ་ཆད་དང་འགལ་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན་ན་བདེན་དཔང་ཐད་དཀའ་ཁག་ཡོད། དེ་བས་དོན་འགྲུབ་རྒྱ་མཚོ་ཁོས་ཁང་བའི་གཟུ་དཔོན་ཞིག་བཙལ་ནས། འདིའི་སྔོན་དུ་གསར་སྤེལ་ཚོང་བས་ཁས་བླངས་པའི་བདེན་དཔང་དག་འཚོལ་བསྡུ་བྱེད་པ་དང་། དེ་ནས་ད་གཟོད་གསར་སྤེལ་ཚོང་བས་ཁ་ཆད་དང་འགལ་བའི་འགན་འཁྲི་རྩད་གཅོད་བྱེད་དགོས་པར་མ་ཟད། ད་རུང་མྱུར་དུ་ཚོང་རྫས་སྡོད་ཁང་ཉོ་ཚོང་གི་གན་རྒྱ་ཁ་གསབ་བྱས་ཏེ། རང་ཉིད་ཀྱི་ཁེ་དབང་ལ་མུ་མཐུད་དུ་གནོད་འཚེ་མི་ཐེབས་པ་བྱེད་དགོས། །
རྩོམ་གསར། 10