ཐུན་མོང་དུ་རྒྱལ་དོན་གྲོས་མོལ་བྱས་ཤིང་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱེད་པ།

གངས་སྐྱིད་དང་ཡེ་མགོན་ནས།        2011-01-14

     —སྐབས་བཅུ་གཅིག་པའི་སྲིད་གྲོས་ཨུ་ཡོན་གྱི་སྙིང་གཏམ་བཀོད་པ།
     ཟླ་བ་དང་པོའི་ཚེས9ཉིན་ནས་ཚེས12ཉིན་གྱི་བར།སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཚོགས་ཐེངས་བཞི་པར་ཞུགས་པའི་ཨུ་ཡོན་རྣམ་པས་ཚོ་ཆུང་ཁག་བཅུ་བགོས་ཏེ《སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཀའི་སྐོར་གྱི་སྙན་སེང》དང《སྲིད་གཞུང་ལས་ཀའི་སྐོར་གྱི་སྙན་སེང》སོགས་ལ་ནན་ཏན་གྱིས་གྲོས་བསྡུར་ཐེངས་བཞི་བྱས་པ་དང་སྦྲགས།སློབ་གསོ་དང་།སྨན་བཅོས།འགྲིམ་འགྲུལ།ལྗོངས་རྒྱུ་ལས་རིགས་སོགས་འཕེལ་རྒྱས་གཏོང་རྒྱུར་ཐུན་མོང་མ་ཡིན་པའི་གྲོས་གཞི་བཏོན་ཡོད།སློབ་གསོ་ནི་ཐོག་མཐའ་བར་གསུམ་དུ་ཁུལ་བཙུགས་པའི་རྩ་བ་ཡིན་ལ།སློབ་གསོ་འཕེལ་རྒྱས་བྱུང་མི་ཐུབ་ན་སྤྱི་ཚོགས་འཕེལ་རྒྱས་ཡོང་ཐབས་མེད།ཨུ་ཡོན་ཕལ་ཆེར་གྱིས་ཕྱིན་ཆད་ཁུལ་ཡོངས་ཀྱི་སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་བོད་ཡིག་དང་།རྒྱ་ཡིགདབྱིན་ཇིའི་སྐད་ཡིག་བཅས་རིགས་གསུམ་གྱི་སྐད་ཡིག་ཆ་ཚང་བའི་སློབ་ཚན་བཙུགས་ཏེ་སློབ་མའི་བྱང་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་དགོས་པའི་གྲོས་གཞི་བཏོན་པ་རེད།     སྨན་བཅོས་འཕྲོད་བསྟེན་ལས་རིགས་ནི་སྤྱི་དམངས་ཀྱི་ལུས་ཁམས་བདེ་ཐང་ཡོང་བའི་རྩ་བའི་ཁག་ཐེག་ཡིན་པས།རིམ་བྱུང་སྲིད་གྲོས་ཨུ་ཡོན་གྱིས་ཐུགས་ཁུར་ཆེས་ཆེ་བྱེད་པའི་གནད་དོན་ཞིག་ཀྱང་ཡིན།ཐེངས་འདིར་ཨུ་ཡོན་ཚོས་དེའི་སྐོར་སྲིད་གཞུང་ལ་སྔར་ལས་ལྷག་པར་གྲོང་གསེབ་དང་གྲོང་སྡེའི་སྨན་བཅོས་ཆ་རྐྱེན་ལེགས་བཅོས་དང་།གཞི་རིམ་གྱི་སྨན་བཅོས་ས་ཚུགས་སུ་སྔོན་ཐོན་གྱི་སྨན་བཅོས་ཡོ་བྱད་སྒྲིག་སྦྱོར།འཇོན་ཐང་ཅན་གྱི་སྨན་བཅོས་མི་སྣ་འདེམས་མངགས་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་ནད་བསྟེན་དཀའ་བའི་གནད་དོན་ཐག་གཅོད་ནན་པོ་བྱེད་དགོས་ཞེས་པའི་གྲོས་གཞི་བཏོན་ཡོད།     སྔོན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཀྲོའུ་རུང་ཅི་ཡིས་ཁམས་ཁུལ་བདེ་འཇགས་ཡོང་དགོས་ན་དང་ཐོག་ལམ་ཤར་གཏོང་ཐུབ་པ་བཟོ་དགོས་ཞེས་གསུངས་མྱངས་པ།ཙུང་ལིའི་གསུངས་ནི་བདེན་གཏམ་རྣལ་མ་རེད།ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་དང་ཞིང་ཆེན་གྱིས་རང་ཁུལ་གྱི་འགྲིམ་འགྲུལ་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བས།རང་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་བཅོས་ཆེན་པོ་ཐོབ་ཡོད་མོད།འོན་ཀྱང་གཞུང་ལམ་གསོ་སྐྱོང་བྱེད་ཤུགས་ཞན་པས།ས་གནས་མང་པོའི་གཞུང་ལམ་ཐོག་རླངས་འཁོར་གཏོང་མི་བདེ་བ།དེའི་སྐོར་ཨུ་ཡོན་ཚོས་འབྲེལ་ཡོད་སྡེ་ཁག་ལ་ལས་ཟིན་པའི་ཤང་བགྲོད་གཞུང་ལམ་དང་གྲོང་བགྲོད་གཞུང་ལམ་གྱི་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་གཞུང་ལམ་བདེ་བགྲོད་ཡོང་བར་ཁག་ཐེག་ནན་པོ་བྱེད་དགོས་ཞེས་པའི་གྲོས་གཞི་བཏོན་ཡོད།     ལྗོངས་རྒྱུ་ལས་རིགས་ཀྱིས་ཁུལ་དར་སྤེལ་གཏོང་བའི་འཐབ་ཇུས་ནི་རང་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་ལག་ལེན་མཐའ་ཕྱིན་བསྟར་ཡོད།དེའི་དབང་གིས་ལྗོངས་རྒྱུ་ལས་རིགས་ཀྱིས་རང་ཁུལ་སྟོབས་ལྡན་དང་ཕྱུག་འགྱུར་ཡོང་བར་ཚབ་བྱེད་ཐབས་མེད་པའི་ནུས་པ་ཐོན་ཡོད།ཕྱིན་ཆད་དུ་ལྗོངས་རྒྱུ་ལས་རིགས་ཀྱིས་ཟམ་མི་ཆད་པར་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་དེ་བས་ཆེན་པོ་གཏོང་རྒྱུའི་ནུས་པ་འདོན་སྤེལ་བྱེད་ཆེད།ཨུ་ཡོན་ཚོས་ས་གནས་ཁག་ལ་རང་ཡུལ་གྱི་གནས་ཚུལ་དངོས་དང་བསྟུན་ནས་ས་ཁོངས་ཀྱི་ཁྱད་ཆོས་དང་།མི་རིགས་ཀྱི་ཁྱད་ཆོས།ཡུལ་སྲོལ་གྱི་ཁྱད་ཆོས་སོགས་ལྡན་པའི་ལྗོངས་རྒྱུ་ལས་རིགས་འཕེལ་རྒྱས་བཏང་ནས་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་ཡུལ་མིའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་པའི་གྲོས་གཞི་བཏོན་ཡོད།
     གོང་གསལ་ནང་བཞིན་ཨུ་ཡོན་ཚོས་ད་དུང་ཆ་འཕྲིན་དང་།དངུལ་རྩ།རིག་གནས་སོགས་ཀྱི་ལས་རིགས་བསྐྲུན་རྒྱུར་དགེ་མཚན་ལྡན་པའི་གྲོས་གཞི་མང་པོ་བཏོན་ཏེ་རང་ཁུལ་མཆོང་རྒལ་འཕེལ་རྒྱས་གཏོང་རྒྱུར་དོ་སྣང་ཟབ་མོ་བྱས་ཤིང་།མང་ཚོགས་ཀྱི་ཕུགས་རྩར་ཐུགས་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཐུགས་ཁུར་ཟམ་མོ་བཅངས་ཡོད།
  • ལེ་ཚན་སྔོན་མ།:ཐབས་འདོན་ཇུས་འདོན་བྱས་ཏེ་རྨང་གཞིའི་སྒྲིག་ཆས་ལེགས་བཅོས་བྱེད་དགོས་གསུངས།
  • ལེ་ཚན་རྗེས་མ།:སྲིད་གྲོས་སྐབས་བཅུ་གཅིག་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་པས་གྲ
  • དོ་སྣང་ཆེ་བའི་རྩོམ།