རང་རྒྱལ་གྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་གཞི་བཟོ་འགོད་ཀྱི་ལས་ཀ་སྤེལ་འགོ་ཚུགས།

གངས་སྐྱིད་ཀྱིས་བསྒྱུར།        2014-04-22

 ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་ཟླ་བ4པའི་ཚེས17ཉིན་འབྱོར་བའི་གཏམ་གསར།རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཞུས་ཧྲའོ་ཧྲིས་གོང་ཚེས་ཉིན་རྒྱལ་ཡོངས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་གཞི་བཟོ་འགོད་ལས་ཀའི་བརྙན་འཕྲིན་དང་ཁ་པར་གྱི་ཚོགས་འདུ་འཚོགས་ཏེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏང་རྒྱུའི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་གཞི་བཟོ་འགོད་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་།ཁོང་གིས་འཆར་གཞི་བཟོ་འགོད་བྱེད་པ་དེ་ངེས་པར་དུ་འཛམ་གླིང་ཡོངས་ཀྱི་མཐོང་རྒྱ་དང་འཐབ་ཇུས་ཀྱི་བསམ་ཚུལ་ཇེ་དྲག་ཏུ་གཏོང་དགོས་ཤིང་།སྲིད་གཞུང་དང་ཚོང་རའི་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་པ་བྱེད་དགོས།ཚན་རིག་དང་མཐུན་པར་འཆར་གཞིའི་དམིགས་འབེན་དང་དམིགས་ཚད་ཇུས་འགོད་བྱེད་དགོས།གྲོང་ཁྱེར་དང་རྫོང་གི་འཆར་འགོད་སྒྲིག་གཞི་བཅོས་བསྒྱུར་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།གསར་སྦོལ་དང་དམངས་གཙོའི་སྒོ་ནས་འཆར་གཞི་བཟོ་འགོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་གཞི་དེ་དུས་རབས་ཀྱི་བླང་བྱ་དང་དེ་བས་འཕྲོད་ཐུབ་པ་དང་།འཕེལ་རྒྱས་གཏང་རྒྱུའི་ཆོས་ཉིད་དང་དེ་བས་མཐུན་ཐུབ་པ།མི་དམངས་ཀྱི་འདོད་བློ་དེ་བས་མཚོན་ཐུབ་པ་བཅས་བྱེད་དགོས།
    ཞུས་ཧྲའོ་ཧྲིས་བཤད་དོན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་།རང་རྒྱལ་གྱི་འཕེལ་རྒྱས་གཏོང་བ་དེ་དུས་རིམ་གསར་པར་བསླེབས་ཡོད་ལ།མདུན་དུ་གནས་པའི་གོ་སྐབས་ཀྱང་སྔར་བྱུང་མ་མྱོང་བ་ཞིག་རེད།འཛམ་གླིང་གི་དཔལ་འབྱོར་འཕར་སྣོན་གྱི་གནས་བབ་དང་།རྒྱལ་སྤྱིའི་ཐོན་ལས་ཀྱི་ལས་བགོ།འཛམ་གླིང་ཡོངས་ཀྱི་མ་དངུལ་གཏོང་འཇོག་གི་ཉོ་འཚོང་སྒྲིག་ལམ།ནུས་ཁུངས་ཐོན་ཁུངས་ཀྱི་མངའ་ཁོངས།ས་མཚམས་ཆུ་མཚམས་ཀྱི་ཆབ་སྲིད་ཁོར་ཡུག་སོགས་ཀྱི་ཐད་ལ་འགྱུར་ལྡོག་ཟབ་མོ་བྱུང་བཞིན་པ།རང་རྒྱལ་ནི་གསར་ཞིང་དེ་བས་མཐོན་པོའི་འགོ་ཚུགས་སར་ལངས་ཡོད་ཅིང་།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་པའི་རླབས་ཆེན་དམིགས་འབེན་རྒྱལ་ཁའི་ངང་མངོན་འགྱུར་ཡོང་བར་ཁག་ཐེག་ནན་པོ་བྱེད་དགོས་པ་དང་།བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུའི་གལ་ཆེའི་ཁྱབ་ཁོངས་དང་གནད་འགག་གི་ལྷུ་ཚིགས་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་ཁག་ཐེག་ནན་པོ་བྱེད་དགོས་པ།དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་བྱེད་པར་ངོ་བོ་རང་བཞིན་གྱི་ཡར་ཐོན་ཡོང་བར་ཁག་ཐེག་ནན་པོ་བྱེད་དགོས་པ་བཅས་རེད།ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆའ་གཞི་བཟོ་འགོད་ཡག་པོ་བྱེད་པར་གལ་ཆེན་ཞིང་གཏིང་ཟབ་མོའི་སྙིང་དོན་ལྡན་ཡོད་པ་རེད།
  • ལེ་ཚན་སྔོན་མ།: དར་མདོ་རྫོང་གིས་དཔྱིད་རྨོས་དཔྱིད་འདེབས་ཀྱི་ལས་ཀ་སྤེལ་འགོ་ཚུགས་པ།
  • ལེ་ཚན་རྗེས་མ།:ཡེ་ཤེས་ཟླ་བས་ཐོན་ཁུངས་མཐུན་རྐྱེན་གསར་སྦོལ་གཏོང་སྐབས་ངེས་པར་དུ་འདུ་ཤེས་ཆེན་པོ་དྲུག་ཇེ་དྲག་ཏུ་འཛིན་དགོ
  • དོ་སྣང་ཆེ་བའི་རྩོམ།