འབའ་ཐང་རྫོང་གིས་ཉི་མ་གཅིག་ནང་ཤིང་ཕྲུག7000བཙུགས།
(དབྱངས་ཅན་གྱིས་བསྒྱུར།) 2013-05-09
ཉེ་ཆར་འབའ་ཐང་རྫོང་གིས་དམངས་ཡོངས་ཀྱི་འོས་འགན་ཤིང་འཛུགས་ཀྱི་བྱེད་སྒོ་སྤེལ་ནས། རིམ་པ་ཁག་གི་ཏང་སྲིད་འགོ་ཁྲིད་དང་། ལས་བྱེད་དང་ལས་བཟོ། དམག་དཔུང་གི་དཔོན་དམག་དང་མང་ཚོགས4000ལྷག་གིས་ཁག་བགོས་ནས་རྫོང་ཁུལ་གྱི་ཉ་ཆུང་གཏིང་དང་རྒྱ་སྲུང་གཞུང་ལམ་གྱི་ལམ་ཐིག318པ་བརྒྱུད་ཡུལ་གྱི་མུ་གཏོར་ཤང་ནས་རྫོང་ཁུལ་ས་མཚམས་ཀྱི་གཞུང་ལམ་འགྲམ་གཉིས་ལ་རྒྱ་ཤུག་དང་། སྒྲོན་ཤིང་། ཨན་ཤིང་། ཡོ་འབོག སྦྱར་ལྕང་། རྒྱ་ལྕང་སོགས་འབའ་ཐང་གི་ས་གཤིས་ཁོར་ཡུག་དང་གནམ་གཤིས་ཀྱི་ཆ་རྐྱེན་དང་ཧ་ཅང་འཕྲོད་པའི་ཤིང་ཕྲུག7000ལྷག་བཙུགས་ཡོད་པ་རེད།
འབའ་ཐང་ལ་སྔར་ནས་ཤིང་འཛུགས་ནགས་བཟོ་བྱས་པའི་གཟི་བརྗིད་སྲོལ་རྒྱུན་ཡོད་ཅིང་། བཅིངས་འགྲོལ་སྔོན་ནས་དུར་མཆོད་དུས་ཆེན་སྐབས་ཤིང་སྡོང་བཙུགས་ནས་སྐུ་ཞབས་སུན་ཀྲུང་ཧྲན་ལ་དྲན་གསོ་བྱེད་པའི་གོམས་སྲོལ་ཡོད། ཉེ་བའི་ལོ་ཤས་རིང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་སྦྲག མི་ཚོས་ཉི་ཟེར་ཚ་མོའི་འོག་དོང་འདྲུ་བ་དང་། ས་སྣོན་རྒྱག་པ། ཆུ་འདྲེན་པ་སོགས་བྱས་ནས་ཤིང་ཕྲུག་འཛུགས་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་པ་རེད། འབའ་ཐང་དུ་བཅའ་སྡོད་བྱེད་མཁན་དམག་དཔུང་གི་དམག་མི་གསར་པ་ཀྲང་ཞུའེ་ལིན་གྱིས་ཤིང་འཛུགས་དུས་ཆེན་ཐེངས35པའི་སྐབས་སུ་རང་ཉིད་དངོས་སུ་ཞུགས་ནས་འབའ་ཐང་གྱི་སྐྱེ་ཁམས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འདོན་རྒྱུ་རག་པས་ང་རང་ཧ་ཅང་དགའ་སྤྲོ་ཆེ་ཞེས་བཤད།